ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ངལ་རྩོལ་རྩོད་གླེང་བྱུང་རྗེས་གོ་རིམ་ཅི་ཞིག་བརྒྱུད་ནས་ཐག་གཅད་དགོས།

སྤེལ་དུས 2024-02-04 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

ངལ་རྩོལ་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ངལ་རྩོལ་པ་དང་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་བར་ངལ་རྩོལ་རྩོད་གླེང་བྱུང་རྗེས། གཤམ་གསལ་གྱི་གོ་རིམ་འགའ་གཞིར་བཟུང་ནས་ཐག་བཅད་ཆོག་སྟེ།

(1) ཕྱོགས་གཉིས་ཀྱིས་རང་འགུལ་ངང་གྲོས་བྱས་ནས་ཐག་གཅད་དགོས།

(2) འདུམ་སྒྲིག་གི་གོ་རིམ། ཕྱོགས་གཉིས་ཀྱིས་རང་འགུལ་ངང་གྲོས་བྱེད་འདོད་མེད་པའམ་གྲོས་མཐུན་མ་བྱུང་ཚེ། ཕྱོགས་གཉིས་ཀྱིས་རང་མོས་ངང་ཁེ་ལས་ཀྱི་ངལ་རྩོལ་རྩོད་གླེང་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་སྒྲིག་བྱ་རྒྱུའི་རེ་བ་ཞུས་ཏེ། འདུམ་སྒྲིག་བྱས་ནས་བཞག་པའི་གྲོས་མཐུན་རང་རྟོགས་ངང་ལག་བསྟར་བྱས་ཆོག འདུམ་སྒྲིག་བྱེད་མ་ཐུབ་ན་འདུམ་གཅོད་རེ་ཞུ་ཞུས་ཆོག་ལ། དོ་བདག་པས་ཐད་ཀར་འདུམ་གཅོད་རེ་ཞུ་ཞུས་ཀྱང་ཆོག

(3) འདུམ་གཅོད་གོ་རིམ། དོ་བདག་པ་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀས་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་རེ་ཞུ་ཞུས་ཆོག འདུམ་གཅོད་ཁྲིམས་ཁང་གིས་སྔོན་ལ་འདུམ་སྒྲིག་བྱ་དགོས་པ་དང་འདུམ་སྒྲིག་བྱེད་མ་ཐུབ་ན་ཁྲུན་ཐག་གཅད་དགོས། དོ་བདག་པ་ཕྱོགས་གཅིག་གིས་ནུས་པ་ཐོན་པའི་འདུམ་གཅོད་འདུམ་ཁྲའམ་ཁྲུན་ཐག་བཅད་ཁྲ་ལག་བསྟར་མ་བྱས་ཚེ། དོ་བདག་པ་ཕྱོགས་གཞན་ཞིག་གིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུས་ཆོག ངལ་རྩོལ་འདུམ་གཅོད་གོ་རིམ་ནི་མི་དམངས་ཁྲིམས་ཁང་གིས་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་སྔོན་འགྲོའི་གོ་རིམ་ལྟར་ཡིན་པ། གསལ་པོར་བཤད་ན་མི་དམངས་ཁྲིམས་ཁང་གིས་འདུམ་གཅོད་གོ་རིམ་བརྒྱུད་མེད་པའི་ངལ་རྩོལ་རྩོད་གླེང་གི་གྱོད་གཞི་ཐད་ཀར་བདག་སྤྲོད་མི་བྱེད།

(4) ཁྲིམས་ཁང་གི་འདྲི་གཅོད་གོ་རིམ། འདུམ་གཅོད་ཁྲུན་ཐག་བཅད་པ་དོ་བདག་པའི་ཁས་མི་ལེན་ན་འདུམ་གཅོད་ཁྲུན་ཐག་བཅད་ཁྲ་འབྱོར་ཉིན་ནས་བཟུང་ཉིན15ཡི་ནང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག མི་དམངས་ཁྲིམས་ཁང་གིས་དམངས་རྩོད་ཞུ་གཏུག་གི་གོ་རིམ་ལྟར་ཞིབ་གཅོད་བྱ་རྒྱུ་དང་འདྲི་གཅོད་བྱེད་ཐེངས་གཉིས་ལ་མཐའ་མའི་འདྲི་གཅོད་ལམ་ལུགས་ལག་བསྟར་བྱ་རྒྱུ། ཁྲིམས་ཁང་གི་འདྲི་གཅོད་གོ་རིམ་ནི་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་མཐའ་མཇུག་གི་གོ་རིམ་ཡིན།

 

རྩོམ་སྒྲིག་པ། མང་ག་མཚོ།