ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན།

སྤེལ་དུས 2021-10-29 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
        ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་ཐོག་མ་ཡིན་ལ། ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་གསེར་ཡིག་པ་མངགས་ནས་ཏའི་སི་ཏུའི་མཚན་དང་། དམ་ཁས་གཟེངས་བསྟོད་གནང་། བོད་ཡོངས་ལ་དབང་བསྒྱུར་ནས། ཆོས་ཕྱོགས་ལ་བྱ་བ་རྒྱ་ཆེན་པོ་བསྒྲུབས། སྲིད་ཕྱོགས་ནས། རི་རྒྱ་ཀླུང་རྒྱ་བསྡམས་པ། ཆུ་ཆེན་ལ་ཟམ་དང་། ཀོ་གྲུ་གསར་འཛུགས། འབྲོག་པ་རྣམས་པ་ཁྲལ་འོས་འབབ་ཅིག་ལས། ཧོར་ལྟར་ཁྲལ་ཆེན་བསྡུ་མི་ཆོག་པར་མཛད། རྫོང་ཆེན་གསར་བརྩིགས་དང་ཁྲིམས་ཀྱི་ལུགས་སྲོལ་བཅོས་བསྒྱུར་དང་སླར་གསོ་མཛད་པ་སོགས་ཕྱག་རྗེས་ཧ་ཅང་ཆེའོ། །
        གཞི་རྩའི་གནས་ཚུལ།
        འཁྲུངས་འདས་ལོ་ཚིགས།སྤྱི་ལོ(1302– 1364)
        འཐུས་ཚབ་བརྩམས་ཆོས།《བཀའ་ཆེམས་དེབ་ཐེར》
        མཛད་རྗེས།གསེར་བྲིས་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བཞེངས།
        དཀར་ཆག
        1   ངོ་སྤྲོད།
        2   ཕག་གྲུའི་ཁྲི་དཔོན་གནང་བ། 
        3   སྲིད་དབང་སྲ་བརྟན་བཏང་བ།
        4   ཁྲལ་རིགས་ཆག་ཡང་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ། 
        5   གཞིས་རྫོང་དགོན་སྡེ་བརྒྱབ་སྟེ་འཛུགས་བསྐྲུན་རྒྱ་ཆེར་སྤེལ་བ།
        6   ལྷ་ཆོས་མི་ཆོས་སྤེལ་ཏེ་ཡུལ་ཁྲིམས་གཏན་འབེབས་མཛད་པ།
        སྐད་ཡིག་ཤེས་བྱའི་དགའ་ཚལ།
        1 ངོ་སྤྲོད།
        བྱང་ཆུབ་རྒྱལ་མཚན་ནི་ཕག་གྲུའི་དཔོན་རིགས་ཁྲོད་དུ་མཁས་གྲགས་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཡིན།  སྤྱི་ལོ1302རབ་བྱུང་ལྔ་བའི་ཆུ་སྟག་ལོར་འཁྲུངས་ཤིང་། དགུང་ལོ་གསུམ་པ་ནས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས།  དགུང་ལོ་བདུན་པར་སྤྱན་ལྔ་ཚེས་བཞི་བའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་བྱང་ཆུབ་རྒྱལ་མཚན་ཞེས་གསོལ།  རིམ་གྱིས་ས་སྐྱར་ཕེབས་ནས་སློབ་གཉེར་གནང་།  བླ་མ་བདག་ཉིད་ཆེན་པོ་བཟང་བོ་དཔལ་བ་དང་།  བླ་མ་འཇལ་དཔལ།  ཀུན་དབང་།  བླ་མ་མཉམ་མེད་པ་སོགས་བསྟེན་ནས་མཚན་ཉིད་ཀྱི་གཞུང་མང་པོ་དང་སྔགས་ཕྱོགས་ལ་སློབ་གཉེར་རྒྱ་ཆེན་པོ་གནང་།  ས་སྐྱའི་དགེ་བཤེས་ཀྱི་མཚན་ཐོབ་ཀྱང་གནང་།  སྐབས་དེར་བོད་ཀྱི་ཁྲི་དཔོན་ཁག་དང་།  མི་དཔོན་སོགས་ཀྱི་བུ་ཕྲུག་མང་པོ་ས་སྐྱར་སློབ་གཉེར་ལ་འགྲོ་ལམ་ཡོད་པ་རྣམས་ཀྱི་ནང་ནས་བྱང་ཆུབ་རྒྱལ་མཚན་ནི་བདག་ཉིད་ཆེན་པོ་བཟང་བོ་དཔལ་བ་སོགས་བླ་མ་རྣམས་ཀྱིས་མཐོང་གཟོས་ཆེན་པོ་གནང་ཡུལ་ཞིག་ཡིན་ལ།  ས་སྐྱར་བཞུགས་རུང་།  རྟ་བཞོན་སྟངས།  མདའ་རྡོ་མཆོང་གསུམ་ཚོགས་པའི་དབུས་སུ་གཏམ་ཤོད་སྟངས།  ཚོགས་པ་དང་མང་པོའི་འགོ་ཁྲིད་བྱེད་སྟངས་སོགས་སྲིད་དོན་སྐྱོང་བར་མཁོ་བའི་ཡོན་ཏན་མང་པོ་ཁོང་དུ་ཆུད་པར་སློབ་གཉེར་མཛད་དོ། །
        2 ཕག་གྲུའི་ཁྲི་དཔོན་གནང་བ། 
        བྱང་ཆུབ་རྒྱལ་མཚན་དགུང་ལོ་ཉི་ཤུར་སླེབས་སྐབས་ས་སྐྱ་བས་ཁོང་ལ་ཏའི་སི་ཏུ་ཞེས་པའི་གོ་གནས་དང་།  སྟག་མགོ་ནོར་བུ་གསུམ་པ་ཞེས་པའི་ཐམ་ཀ་ཙན་དན་ལས་གྲུབ་པ་གནང་ནས་ཕག་གྲུའི་ཁྲི་དཔོན་དུ་བསྐོས།  རྒྱལ་མཚན་སྐྱབས་ཀྱིས་གོ་ས་སྤྲོད་མ་འདོད་པ་ལ།  ས་སྐྱ་ནས་བཀའ་ཕབ་སྟེ་གོ་ས་ལས་ཕབ།  སྤྱི་ལོ1322ལ་སྣེ་གདོང་རྩིས་བླངས།  དེ་ནས་རིམ་གྱིས་གཞིས་ཀ་རྣམས་ལ་ཉམས་གསོ་མཛད།  སྣེ་གདོང་ཕོ་བྲང་རྒྱ་བསྐྱེད་པ་དང་།  ཁྲི་དཔོན་སྔ་མའི་དུས་སུ་ཤོར་བའི་སྡེ་འབངས་འགའ་ཞིག་ཚུར་བླངས།  གཡའ་བཟང་བས་ཕག་གྲུའི་སྟེང་དུ་དམག་གིས་ཚར་འགེབས་འགའ་བྱས་ཀྱང་ཕྱིས་སུ་གཡའ་བཟང་ཕམ།  སྤྱི་ལོ1349ལོར་གཙང་གི་ཇོ་མོ་མཁའ་རེག་བར་དུ་ཕག་གྲས་བླངས།  དེ་ནས་ལོ་ཤས་ཀྱི་རྗེས་སུ་ས་སྐྱ་བ་ནང་མ་འཆམ་པ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གསན་ཏེ།  དམག་གི་དཔུང་ཆེན་བཏེགས་ནས་ས་སྐྱ་བླངས།  ས་སྐྱའི་གདན་ས་བ་ཏཱ་དབེན་བློ་གྲོས་རྒྱལ་མཚན་ཁྲི་ལས་ཕབ།  དཔོན་ཆེན་དང་།  ལས་གཉེར་བ་ཆེ་བ་བཞི་བརྒྱ་བརྒལ་བ་ཁྲིམས་ལ་སྦྱར་བ་དང་།  གནས་དབྱུང་བ་སོགས་བྱས་ཏེ།  སྤྱི་ལོ1358ལ་སྡེ་སྲིད་ཕག་མོ་གྲུ་བ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དབང་བསྒྱུར་ཏོ། །
        3 སྲིད་དབང་སྲ་བརྟན་བཏང་བ།
        བྱང་ཆུབ་རྒྱལ་མཚན་གྱིས་རང་གི་དཔུང་ཤུགས་ལ་བརྟེན་ནས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས།  ཡང་དེ་སྔོན་ས་སྐྱ་བ་དང་གཡའ་བཟང་བ།  ཚལ་བ་ལ་སོགས་པ་མཉམ་འབྲེལ་གྱིས་ཕག་གྲུ་བར་བརྙས་བཅོས་དང་དཔུང་འཇུག་བྱས་པའི་དབང་གིས་བྱང་ཆུབ་རྒྱལ་མཚན་རང་ཉིད་བཙོན་དུ་ཚུད་པ་དང་ཡུལ་སྡེ་འཇིག་ལ་ཉེ་བའི་གནས་ཚུལ་བྱུང་བར་བརྟེན།  ཁོང་གི་ཐུགས་ལ་དེ་ཚོར་འགྲན་ཐུབ་དགོས་ན་ངེས་པར་དུ་རང་ལ་ནུས་སྟོབས་ལྡན་པའི་དཔུང་ཤུགས་ཆེན་པོ་ཞིག་དགོས་པ་མཁྱེན་ཏེ་ཐོག་མར་རང་ཁོངས་ནས་དམག་མི་མང་པོ་བསྡུ་རུབ་བྱས་ནས་དམག་རུའི་དཔུང་བསྒྲིགས།  འོན་ཀྱང་བྱ་བ་དེས་མི་སེར་རྣམས་ལ་དམག་ཁྲལ་རྟ་ཁྲལ་ལ་སོགས་པའི་དམག་འཁྲིའི་ལས་འགན་གྱི་ཁུར་བོ་ལྕི་མོ་འབབ་ཀྱིན་ཡོད་པར་བརྟེན་དམངས་སེམས་བསྡུ་མི་ཐུབ་པར་མ་ཟད་མི་སེར་བྱིངས་འཁྲུག་ལོང་བ་སུན་སྣང་སྐྱེས་བཞིན་ཡོད་པར་གཞིགས།  ཐོག་མར་གཡུལ་འགྱེད་རིམ་པའི་དམག་ས་ནས་ཐོབ་པའི་རྒྱུ་དངོས་རྣམས་ཕག་གྲུའི་སྡེ་གཞུང་ནས་བསྡུ་ཉར་མི་བྱེད་པར་དཔོན་དམག་རྣམས་དམག་མི་འཁྲི་ཁོངས་ཀྱི་མི་སེར་ཚང་མར་རང་བདག་རང་ཉར་བྱེད་ཆོག་པའི་བཀའ་ཁྲིམས་སྤེལ་བ་དང་།  མི་དམངས་ཀྱི་སྐྱིད་སྡུག་མཁྱེན་པའི་ཐབས་ཇུས་འདིས་དམངས་སེམས་གཅིག་མཐུན་དང་དཔོན་འབངས་བར་གྱི་འགལ་ཟླ་ཇེ་ཆུང་དུ་སོང་ཐོག་དཔུང་སྟོབས་ཤུགས་བསྣོན་བརྒྱབ་པར་འབངས་ཀྱིས་རྒྱབ་སྐྱོར་དང་དགའ་ཞེན་ཐོབ་པར་རང་ཉིད་ཀྱི་སྲིད་དབང་བརྟན་ཆགས་ཡོང་བའི་སྔོན་འགྲོར་གྱུར་ཏོ། །
        4 ཁྲལ་རིགས་ཆག་ཡང་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ། 
        ཕག་གྲུ་བའི་དུས་མགོར་ཡུལ་སྡེ་དང་གྲུབ་མཐའི་བར་གྱི་འཁྲུག་རྩོད་དང་སྡེ་གཟར་ཟམ་མ་ཆད་པར་བྱུང་བའི་རྐྱེན་གྱིས།  ཞིང་འབྲོག་ཐོན་སྐྱེད་ལོ་བསྟུད་མར་རྒྱུན་ལྡན་མིན་པའི་ཁར་སྐྱེས་བུ་རབ་འབྲིང་ཐམས་ཅད་དམག་འཁྲིར་འགྲོ་དགོས་པའི་དབང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མི་འགྲོ་བའི་ཐོག་ད་དུང་ས་སྐྱའི་ཟིར་བུན་བྱུང་བའི་ནང་མི་སེར་གྱིས་མི་ཐེག་པའི་བརྡབ་གསིག་དང་།  ཧོར་ཁྲལ་རྣམ་པ་སྣ་ཚོགས་བསྡུ་ལེན་བྱེད་བཞིན་ཡོད་པར་གཞིགས་ཏེ།  བྱང་ཆུབ་རྒྱལ་མཚན་གྱིས་མི་སེར་རྣམས་བདེ་སྐྱིད་ཡོང་བ་དང་ཁྱད་པར་ཁྲལ་སྦྱོར་གྱིས་མནར་བའི་བཀའ་འབངས་རྣམས་དབུགས་དབྱུང་བའི་ཆེད་དུ།  རྒྱ་ཆེའི་མི་སེར་ལ་ཁྲལ་རིགས་ཆག་ཡང་བཏང་བར་མ་ཟད་དམིགས་བསལ་དུ་མནར་སྡུག་མྱོང་བ་དེ་རྣམས་ལ་ལྷག་པར་བལྟ་སྐྱོང་གནང་སྟེ།  ལོ་བསྟུད་མར་ཁྲལ་ཆག་ལག་བསྟར་བྱས་ཐོག་སྤྱིའི་རྐང་འགྲོའི་ཁྲལ་རིགས་ནས་དྲུག་ཆའི་ཁྲལ་ཙམ་མ་གཏོགས་རང་དགར་འོལ་ཚོད་ཀྱིས་བསྡུ་ལེན་གང་ཡང་བྱེད་མི་ཆོག་པའི་བཅའ་ཁྲིམས་བསྡམས།  དེ་ལྟར་ཐོན་སྐྱེད་གོང་འཕེལ་ཡོང་བ་དང་མི་སེར་གྱི་འཚོ་རྟེན་ལ་ཕན་མཛད་ཐབས་མང་པོ་ལག་ལེན་བསྟར་བར་བརྟེན།  རིམ་གྱིས་ཞིང་འབྲོག་ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་བྱུང་བས་མི་སེར་གྱི་འཚོ་བ་ཇེ་བཟང་དུ་སོང་བ་དང་།  སྔར་ཟིར་བུན་གྱི་རྐྱེན་ལས་སོ་ནམས་འཐས་ཤོར་དུ་སོང་བ་རྣམས་སླར་གསོ་ཐུབ་པར་མ་ཟད།  ས་རྒྱུ་གཤིན་པོ་རྣམས་ཀྱང་རྒྱ་ཆེར་སློག་སྟེ་རི་ཀླུང་གང་སར་ས་ཞིང་གིས་གང་ཞིང་སྐྱེས་འབྲས་ལེགས་པར་ཐོན་པས་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བའི་གོམ་པ་ཆེན་པོ་མདུན་དུ་བསྐྱོད་པར་བྱས།
        5 གཞིས་རྫོང་དགོན་སྡེ་བརྒྱབ་སྟེ་འཛུགས་བསྐྲུན་རྒྱ་ཆེར་སྤེལ་བ།
        དེ་ཡང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཐབས་མཁས་དང་ལྡན་པར་ཐོག་མར་བོད་སྤྱི་ཚོགས་ཀྱི་རྨང་གཞིའི་དཔལ་འབྱོར་གོང་དུ་སྤེལ་བར་བརྟེན། རྒྱ་ཆེན་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཐོག་རྫོང་གཞིས་མང་པོ་གསར་དུ་བརྒྱབ་ཅིང་། སྣེ་གདོང་རྩེ་རྒྱ་ཆེར་བསྐྲུན་པས་རང་གི་ཆབ་སྲིད་ཀྱི་གཞི་རྐང་ཚུགས་པར་བྱས།  སྔར་ས་སྐྱའི་སྐབས་ཀྱི་ཁྲི་སྐོར་དང་ཁྲི་དཔོན་རྣམས་རྩ་མེད་བཏང་སྟེ་བསྐྱར་དུ་རྫོང་གཞིས་གསར་འཛུག་བྱས་ནས་ཆབ་སྲིད་ཐད་ཀྱི་སྒྲིག་གཞི་གསར་བཅོས་བྱས། ཡོངས་གྲགས་སུ་གོང་དཀར་དང་གཞིས་རྩེ།  འཕྱོངས་རྒྱས་སོགས་དབུང་གཙང་གཙོས་པའི་བོད་ས་གནས་ཀྱི་ལྟེ་བ་ས་མདུད་རྣམས་སུ་རྫོང་ཆེན་བཅུ་གསུམ་བྱ་བ་བཙུགས།  རྫོང་གཞིས་རེ་རེར་རྫོང་དཔོན་གསར་བསྐོ་གནང་བ་དང་།  རྫོང་དཔོན་རྣམས་ལོ་ངོ་གསུམ་རིང་བརྗེ་སྤོར་བྱ་དགོས་པའི་སྲིད་དབང་གི་སྒྲིག་གཞི་གསར་བཅོས་ཀྱི་རང་བཞིན་ལྡན་པ་སྤེལ་བས་ཕག་གྲུའི་སྲིད་དབང་སྔར་ལས་སྲ་བརྟན་དུ་བཏང་།  དེ་མཚུངས་སུ་བོད་ཆོས་སྲིད་ཟུང་འབྲེལ་གྱི་གནས་ཚུལ་དངོས་དང་སྒོས་སུ་རང་གི་གྲུབ་མཐའ་བཀའ་བརྒྱུད་པ་ལ་སྒྲུབ་པ་གཙོར་བཞེད་ཀྱིས་བཤད་གྲྭ་མེད་པར་གཟིགས་ནས།  སྤྱི་ལོ1351ལ་ཆོས་གྲྭ་ཆེན་མོ་དཔལ་རྩེད་ཐང་གསར་དུ་ཕྱག་འདེབས་མཛད་ནས་ཆོས་ཁྲིམས་དམ་པར་བསྡམས་ཤིང་འཆད་ཉན་གྱི་སྲོལ་རྒྱལ་བར་མཛད།  དེ་མིན་ད་དུང་ཡུལ་མི་ལ་ཕན་པའི་བྱ་གཞག་ཐུན་མོང་མ་ཡིན་པ་རི་ཀླུང་ཚང་མར་སྐྱེས་ཤིང་འཛུགས་དགོས་པའི་བཅའ་ཁྲིམས་བཟོས་ཐོག་ལྕང་ཁྲིམས་བ་བྱའི་དཔོན་གཉེར་ཆེད་བཀོད་གནང་སྟེ་ལོ་རེ་བཞིན་ལྕང་སྡོང་གསར་སྐྱེ་རྩིས་ལེན་བསྟར་བ་སོགས་མཛད་ཅིང་།  དེ་ལ་བརྟེན་གྲུ་ཤན་བཟོ་བ་དང་ཆུ་ཟམ་འཕེན་པ་བཅས་ཀྱི་བྱ་བ་ཡར་ལྡན་དུ་སྤེལ་བའོ། །
        6 ལྷ་ཆོས་མི་ཆོས་སྤེལ་ཏེ་ཡུལ་ཁྲིམས་གཏན་འབེབས་མཛད་པ།
        དེ་ནས་ཡང་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་དང་བརྟེན་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཀྱང་རྩ་མེད་དུ་སོང་ཞིང་ས་སྐྱ་བས་བོད་ལ་དབང་སྒྱུར་སྐབས་ཧོར་ཁྲིམས་ཏེ་ཡོན་རྒྱལ་རབས་ཀྱི་ས་གནས་ཁྲིམས་ལུགས་གཙོ་བོར་སྤེལ་ཡང་ཁྲིམས་མང་ཤོས་ནི་བོད་མི་དམངས་དང་སྒོས་སུ་བོས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་མི་འཚམ་པར་བརྟེན།  སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་སྔར་ཡོད་བཙན་པོའི་དུས་སྐབས་ཀྱི་དགེ་བཅུའི་ཁྲིམས་ལུགས་གཞིར་བཟུང་སྟེ་བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔར་གྲགས་པ་གསར་དུ་གཏན་འབེབས་མཛད།  བཙན་པོ་གོང་མ་རྣམས་ཀྱི་ཁྲིམས་སྲོལ་བཟང་བོ་མི་སེམས་པར་བསྐྱར་གསོ་བྱས་ཐོག་བོད་ཀྱི་སྤྱི་ཚོགས་དངོས་དང་།  དུས་སྐབས་དེ་གའི་གནས་ཚུལ་ལ་གཞིགས་ནས་ལེགས་བཅོས་དང་གསར་བསྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་བོད་བཙན་པོའི་ཁྲིམས་ལུགས་གཏན་འབེབས་གནང་བར་བརྟེན།  ཡུལ་སྡེ་རྣམས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཅིག་གི་འོག་ཏུ་བཅུག་གོ ། 
        དེ་མིན་ད་དུང་ནང་གཞིས་དགོན་སྡེ་དང་བཅས་ནང་འཁོར་དཔོན་རིགས་གང་ཡིན་རུང་ཁྲིམས་དང་མཐུན་པར་བྱ་དགོས་པར་མ་ཟད། སེར་དཔོན་དང་གཞིས་དགོན་གསར་རྙིང་གང་གི་བདག་པོ་བྱེད་མཁན་རྣམས་ཆུང་དུས་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་ལ་བརྩོན་ཞིང་ཡ་རབས་ཀྱི་མཁས་པའི་གྲལ་དུ་ཚུད་པ་ཤ་སྟག་དགོས་ཚུལ་ནས།  སྐྱ་དཔོན་རྣམས་ཀྱང་འཇིག་རྟེན་མི་ཆོས་དང་མཐུན་པར་བུད་མེད་བསྟེན་ཚུལ་ནས་བུ་རྒྱུད་སྐྱོང་ལུགས་ལ་སོགས་པའི་ཐད་ལ་དབྱེ་བ་གསུམ་དུ་ཕྱེ་ནས་རེ་རེ་བཞིན་སྒྲིག་ལམ་གཏན་ཁེལ་གསལ་བོ་གནང་།  སྐྱ་སེར་སུ་ཡིན་རུང་དེ་དག་ལས་འགལ་ཚེ་ཁྲིམས་གཅོད་རྒྱང་འཕེན་དང་རླངས་ཀྱི་གདུང་རྒྱུད་ལས་ཕུད་རྒྱུད་སོགས་ཀྱི་སྒྲིག་ཁྲིམས་གཏན་ཁེལ་མཛད།  དེ་མིན་རླངས་ཀྱི་གདུང་རྒྱུད་མ་གཏོགས་པའི་ནང་འཁོར་མི་སྣ་གསོལ་ཇ་གཟིམ་གཡོག་ཚུན་ཆད་ལའང་དེ་མཚུངས་ཀྱི་སྒྲིག་ཁྲིམས་བཅོས་པར་མ་ཟད།  སུ་ཞིག་གིས་མི་ཚེ་གང་བོར་ཞབས་ཞུ་མཐར་ཕྱིན་བསྒྲུབས་ཚེ་ནང་མི་གཉིས་མེད་ཀྱི་འཚོ་གཉེར་གནང་རྒྱུ་དང་བཅས་གང་ལ་གང་འཚམ་ལུགས་དང་མཐུན་པ་ཞིག་མཛད་པས་གཞན་མི་ཡིན་ཡང་རང་མི་ལས་མི་དམན་པའི་ནུས་པ་ཡོད་རྒུ་འདོན་ཐབས་མཛད།  བྱ་བཞག་འདི་དག་གིས་ཕག་གྲུའི་སྲིད་དབང་བརྟན་ཆགས་ཡོང་བ་དང་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་ཡོང་བའི་མིག་ལྟོས་དང་སྒྲིག་གཞི་རྩ་དོན་ལེགས་པར་བསྟན། 
        དཔྱད་གཞིའི་ཡིག་ཆ།
        1  དམུ་དགེ་བསམ་གཏན་གྱིས་བརྩམས་པའི 《ལོ་རྒྱུས་ཀུན་དགའི་མེ་ལོང》 མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ1པོར་པར་གཞི་དང་པོར་བསྒྲིགས། ཤོག་ངོས86ན་གསལ།
        2  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བར་ཆ》 བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2006ལོའི་ཟླ10བའི་དཔར་ཐེངས་གཉིས་པ། ཤོག་ངོས169ན་གསལ། 
        3  རྒྱལ་མོ་འབྲུག་པས་བརྩམས་པའི 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ3པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས257ན་གསལ། 
        4  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས1472ན་གསལ།