ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ཚ་ཤོས།

༄༅། །བསླབ་བྱ་སྐྱོན་ཡོན་གསལ་བའི་མེ་ལོང་།

སྤེལ་དུས 2023-05-31 ཡོང་ཁུངས། རྩོམ་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
གུང་ཐང་བསྟན་པའི་སྒྲོན་མེ།
 
འབྲུག་པ་ཀུན་ལེགས་བཞིན་བཤད་ན། །
མཐོས་རྒྱག་དམས་རྒྱག་ལ་གཏོང་ངོ༌། །
གེ་སར་སྒྲུང་གླུ་ལ་ཉལ་བཞིན། །
དགའ་མདོག་སྡུག་མདོག་རེ་གྱིས་དང༌། །

ཉམས་ལེན་གནད་འདྲིལ་ཞིག་བྱེད་ན། །
རྩ་བ་ཀུན་སློང་ནས་ཚུགས་དགོས། །
གཏད་སོ་མེད་པ་ཞིག་བྱེད་ན། །
ཁ་ཟིན་སྣ་ཟིན་ནས་སྒོམས་ཤིག །

སྒྲུབ་པ་མཐར་ཐོན་ཞིག་བྱེད་ན། །
མདུན་མ་སྣ་གཅིག་ལ་གཏོད་དགོས། །
སྣ་སུན་ཕུག་མེད་དུ་སྐྱུར་ན། །
འཕྲལ་ལ་ཚ་དྲག་རང་ཐོངས་ཤོག །

རི་ཁྲོད་དབེན་ངེས་ཤིག་བྱེད་པར། །
འདུ་འཛི་གཏན་ཆོད་རང་དགོས་ཀྱི། །
བསམ་སྦྱོར་གྲོང་ཡུལ་དུ་གཏན་ན། །
རི་ཁའི་སྤྱང་ཀི་དང་འདྲ་འོ། །

ལུས་བདེ་སེམས་བདེ་རུ་འདུག་ན། །
རང་ཤོང་སྤྱིལ་བུ་རུ་བསྡད་ཆོག །
ངལ་དུབ་ཟིན་མེད་ཅིག་བྱེད་ན། །
ཁང་རྒན་ཞིག་འཆོས་ལ་རེམས་ཤིག །

མཐོ་རིས་ཐར་པའི་ལམ་ཚོལ་ན། །
ལམ་སྟོན་བཤེས་གཉེན་ལ་རག་ལས། །
ཕྱི་ལྡིར་ནང་སྟོང་གིས་ཆོག་ན། །
གྲགས་སྐམ་བླ་ཆེན་རེར་འཇུས་ཤིག །

མགོན་སྐྱབས་བསླུ་མེད་ཅིག་བསྟེན་ན། །
སྐྱིད་སྡུག་དཀོན་མཆོག་རང་མཁྱེན་གྱིས། །
མགོ་ཞྭས་གཉའ་གནོན་ཞིག་དགོས་ན། །
ཁྲེལ་མེད་རྗེ་དཔོན་ལ་སྟེན་ཅིག །

སོས་བདེ་གུ་ཡངས་ཤིག་འདོད་ན། །
སྣ་ཐག་རང་མགོ་ལ་དཀྲི་དགོས། །
མི་ཁོམ་སྟོང་འུར་ལ་གཟད་ན། །
ཆེ་ཆེ་མཐོ་མཐོའི་རྩར་རྒྱུག་ཅིག །

གདོན་བགེགས་ཉེར་འཚེ་ཀུན་བཟློག་ན། །
སྐྱབས་འགྲོ་ལས་འབྲས་ལ་ཕུགས་གཏོད། །
བར་ཆད་རྐྱེན་དབང་དུ་གཏོང་ན། །
རྣམ་རྟོག་ཙབ་ཙུབ་རང་གྱིས་ཤིག །

རེ་བ་དོན་ལྡན་ཞིག་བྱ་ན། །
དཀོན་མཆོག་མཆོད་པ་ལ་བརྩོན་དགོས། །
ཚེགས་ཆེ་དོན་ཆུང་ཞིག་བྱེད་ན། །
ཕྱུག་པོའི་ངོ་འཛིན་ལ་འབོད་ཅིག །

ནམ་ཕུགས་ལེགས་པ་ཞིག་འདོད་ན། །
ལས་འབྲས་ལག་རྟེན་དུ་བྱེད་དགོས། །
རང་གིས་རང་སྨ་ཞིག་འབེབས་ན། །
ཧ་ཅང་བློ་རྒོད་པོ་གྱིས་ཤིག །

འཕྲལ་ཡུན་ཀུན་སྐྱིད་ཅིག་འདོད་ན། །
དགེ་བ་བྲེ་ཕུལ་གྱིས་གསོག་དགོས། །
འདི་སྡུག་ཕྱི་སྡུག་ལ་གཏོང་ན། །
ཁེ་ཚོང་བུན་ལོག་ལ་རེམས་ཤིག །

བསྟན་འཛིན་གྲལ་མཇུག་ཏུ་སྡོད་ན། །
རང་རྒྱུད་བསླབ་གསུམ་ལ་ཚག་གྱིས། །
མི་འཛིན་བཤིག་པ་རང་དགའ་ན། །
དུས་དང་ཚུལ་བསྟན་ལ་ཁག་ཞོག །

ཉེས་ལྟུང་མཚོན་རྣོན་གྱིས་འཇིགས་ན། །
དྲན་ཤེས་གོ་ཆ་རང་སྟེན་དགོས། །
མཐོ་རིས་སྲོག་འཆད་ལ་མི་འཛེམ། །
ཁྲེལ་མེད་གཅེར་རྒྱུག་རང་གྱིས་ཤིག །

ཕྱི་བཙུན་ནང་བཙུན་ཞིག་བྱེད་ན། །
དགག་སྒྲུབ་འདུལ་བ་དང་བསྟུན་དགོས། །
མིག་སྔར་མཛེས་ཆོས་ཀྱིས་ཆོག་ན། །
སྒུར་སྒུར་ཞུམ་ཞུམ་རང་གྱིས་ཤིག །

དད་པ་གཏིང་ཁུལ་ཞིག་སྐྱེས་ན། །
བརྩོན་པ་ལྷོད་མེད་ཅིག་སླེབ་ཡོང༌། །
རི་བོང་ཅལ་རྒྱུག་གི་དད་པས། །
ཕྱག་འཚལ་རྡུལ་གཙུབ་རང་ཡིན་ནོ། །

དོན་ལྡན་རྣམ་དཀར་གྱི་ལས་ལ། །
སྤྲོ་བ་བརྩོན་འགྲུས་ཀྱི་དོན་ཡིན། །
དོན་མེད་སྡུག་ལས་ལ་ཕོད་བཙུགས། །
གླང་རྒན་ས་གཤེག་རང་ཡིན་ནོ། །

རྣམ་འབྱེད་ཤེས་རབ་རང་ཡིན་ན། །
གསུང་རབ་དགོངས་དོན་ལ་འཇུག་དགོས། །
འཕྲལ་ལ་ཤེས་མདོག་གི་བློ་ཡང༌། །
ཟླ་འོད་དོན་རྩ་ན་མི་གསལ། །

འཆད་ཉན་རྣམ་དག་ཏུ་འགྲོ་བ། །
བླ་སློབ་མཚན་ལྡན་ཞིག་འཛོམ་དགོས། །
ཆོས་མེད་དད་མེད་གཉིས་འཚོགས་ན། །
ཉིན་ཁའི་ཁ་བདལ་རང་ཡིན་ནོ། །

ཐོས་པ་དོན་ལྡན་ཅིག་བགྱིད་ན། །
གང་ཤེས་རྒྱུད་ཐོག་ཏུ་སྦྱོར་དགོས། །
མཁས་པ་དོན་མེད་ཅིག་བྱེད་ན། །
ཐ་སྙད་ཚིག་སྐམ་རང་སྒྲུགས་ཤིག །

ཆོས་པ་ཚད་ལྡན་རང་ཡིན་མིན། །
རང་སེམས་དཔང་པོ་རུ་འཇོག་དགོས། །
གཞན་མགོ་སྐོར་ཐབས་ཀྱིས་ཆོག་ན། །
མིག་བཙུམ་ཁ་འཇམ་རང་གྱིས་ཤིག །

གསང་སྔགས་ཚུལ་བཞིན་དུ་སྒྲུབ་ན། །
དམ་ཚིག་སྡོམ་པ་ལ་གཟབ་དགོས། །
མི་ཕུང་བདག་བརླག་ཅིག་བྱ་ན། །
གྲུབ་རྫུའི་སྨྱོ་སྤྱོད་རང་སྟོན་ཅིག །

ཉིན་མཚན་དོན་ལྡན་དུ་བྱེད་ན། །
རྒྱུན་དུ་རང་སེམས་ལ་བལྟ་དགོས། །
མི་ཚེ་སྟོང་ཟད་དུ་གཏོང་ན། །
དོན་མེད་ངག་འཁྱལ་རང་ཤོད་ཅིག །

ཞག་གཅིག་སྡོད་ངེས་ཀྱང་མེད་པས། །
འཆི་ཁར་ཕན་ངེས་ཤིག་བྱ་དགོས། །
ཡང་ན་གཏད་ཡོད་བཞིན་གྱིས་ལ། །
ལོ་བརྒྱའི་ས་བཅད་རང་ཁྲོམས་ཤིག །

ཕྱིར་འབྱོན་རང་དབང་ཞིག་ཡོད་ན། །
ཕར་འགྲོ་དེ་ལས་ཀྱང་ཡོད་དགོས། །
མིན་ན་འབྱོན་མདོག་གི་ཤོམ་ར། །
ཤེས་བཞིན་རང་གིས་རང་སླུས་ཤིག །

རིགས་དྲུག་གང་རུང་གི་གནས་སུ། །
སྐྱེ་ཞིག་ངེས་པར་ནི་སྐྱེ་བས། །
དེ་དུས་ཕན་ངེས་ཀྱི་ཆོས་ཤིག །
ད་ལྟ་བསྒྲུབས་ན་རང་ཨེ་དགའ། །

སྐུ་སྐྱེ་བསྟན་དོན་དུ་བྱོན་ན། །
བཤད་སྒྲུབ་ལག་རྗེས་ཤིག་ཡོད་དགོས། །
འཁོར་བའི་ཟོང་རྟེན་ཞིག་བྱེད་རྒྱུར། །
བཙན་ཕྱུག་བུ་ཕོ་རེས་ལོས་ཆོག །

མནན་གྱིན་མཐོ་བ་ཞིག་བྱེད་ན། །
ཡོན་ཏན་སློབ་པ་ལ་སྒུར་དགོས། །
བཏེག་ཀྱིན་དམའ་བ་ཞིག་བྱེད་ན། །
བརྒྱག་ཆེས་མགོ་རྒྱལ་ལ་ཐོངས་ཤིག །

གཞན་ཕན་རྣལ་མ་ཞིག་སྒྲུབ་ན། །
སྔོན་ལ་རང་གི་རྒྱུད་དུལ་དགོས། །
ཚོང་ཟོང་དབང་བསྐུར་ལ་བྱེད་རྒྱུར། །
ཆོས་ལ་དྲེད་ཀྱིན་རང་ཁམ་ཆེ། །

མངོན་ཤེས་ཏིང་འཛིན་ལས་འབྱུང་ཞིང༌། །
དེ་རྒྱུ་ཚུལ་ཁྲིམས་ལ་རག་ལས། །
རྒྱུ་མེད་འདྲེ་མཐོང་གི་ཅལ་ཅོལ། །
སྡོམ་པའི་ཕྱགས་མ་རང་ཡིན་ནོ། །

ཐོས་བསམ་སྒོམ་གསུམ་གྱི་སྨན་སྦྱོར། །
ཉོན་མོངས་གཉེན་པོ་རུ་འགྲོ་དགོས། །
ཆགས་སྡང་ང་རྒྱལ་གྱི་སྨན་ལོག །
ནད་ཀྱི་ཁ་སྣོན་ལས་མེད་དོ། །

སྐྱེ་རྒུའི་གཙུག་རྒྱན་ཞིག་བྱེད་ན། །
འགྲོ་དྲུག་སྤྱི་བོ་རུ་འཁུར་དགོས། །
ཀུན་གྱིས་ཞེན་ལོག་ཅིག་ཉོ་ན། །
གཞན་ལ་བརྙས་སྨོད་རང་ཐོངས་ཤོག །

བྱ་བ་འཆུག་མེད་ཅིག་སྒྲུབ་ན། །
རང་དཔེ་གཞན་དཔེ་གཉིས་སྦྱོར་དགོས། །
མིན་ལོག་རྒྱབ་འགལ་རང་གཏོང་ན། །
རང་འདོད་གཅིག་པུ་ལ་གཅུས་ཤིག །

གཞན་གྱི་རྩིས་ཐོག་ཏུ་སྡོད་ན། །
དོན་ཉུང་ཁོག་དྲང་ཞིག་བྱེད་དགོས། །
ཀུན་གྱིས་བརྙས་པ་ཞིག་བྱ་ན། །
ཁ་མང་རྫུན་ཤོབ་རང་ཤོད་ཅིག །

མི་རུང་མི་རུང་རང་བྱས་ན། །
རུང་བའི་དོན་སྟེང་ནས་མི་འཛུར། །
ཅི་སྐྱོན་ཅི་སྐྱོན་རང་བྱས་ན། །
འདི་སྐྱོན་དམྱལ་བ་ནས་བསྟན་ཡོང༌། །

ཕམ་པས་མནར་མེད་དུ་འཕེན་པས། །
མ་བྱིན་ལེན་སོགས་ལ་འཛེམ་དགོས། །
མིན་ན་ཞོ་གང་གི་དོན་དུ། །
སྡོམ་པ་གཏོར་རྒྱག་རང་གྱིས་ཐོངས། །

ཕྱུག་པོ་བློ་བདེ་ཞིག་དགའ་ན། །
ཆོག་ཤེས་བང་མཛོད་ལ་བརྟེན་དགོས། །
དབུལ་པོ་གང་མེད་ཅིག་བྱེད་ན། །
མཁོ་ཆེའི་སྒྱེ་རལ་དེ་ཟེད་ཅིག །

ནོར་རྫས་དོན་ལྡན་དུ་བྱེད་ན། །
རློམ་མེད་ཆོས་ཕྱོགས་སུ་གཏོང་དགོས། །
ཙི་ཙིའི་རྣམ་ཐར་ལ་མོས་ན། །
མུག་བསོག་སྡུག་བསོག་རང་གྱིས་ཤིག །

བུ་ལོན་མེད་པ་ཞིག་འདོད་ན། །
དད་གཤིན་དཀོར་རྫས་ལ་འཛེམ་དགོས། །
ལན་ཆགས་གང་ཆེ་ཞིག་འགྲན་ན། །
གང་ཚོ་གང་ཞིམ་ལ་རྒྱུག་ཅིག །

ཀུན་ཡིད་ཟིན་པ་ཞིག་འདོད་ན། །
འདྲིས་མེད་དབེན་པ་རུ་སྦ་དགོས། །
གཅིག་བཟུང་གཉིས་ཤོར་རང་དགོས་ན། །
དུས་ངན་མི་ངན་གྱི་ངོ་ཟུངས། །

ཉམས་དགའ་གུ་ཡངས་སུ་སྡོད་ན། །
དགྲ་མེད་གཉེན་མེད་ཅིག་བྱ་དགོས། །
རེ་དོགས་ཚེར་མལ་དུ་ཉལ་ན། །
ལ་རྒྱ་ཕྱོགས་རིས་ལ་སྒྲིམས་ཤིག །

རྒྱལ་པོ་ང་ཆེ་ཞིག་འདོད་ན། །
ལྟོས་མེད་ཆིག་ཐུབ་ཀྱི་རིར་སྡོད། །
ཡང་ན་ཁས་ཕེར་དང་ལག་ཡོང༌། །
ཀུན་གྱིས་མངག་བདེ་ཡི་གཡོག་གྱིས། །

མདུན་མ་སྟབས་བདེ་ཞིག་དགོས་ན། །
བྱ་བ་རང་ཚོད་ལ་དཔག་དགོས། །
མི་ཐེག་སྡུག་འོག་ཏུ་འཛུལ་ན། །
དྲན་ཚད་དེ་མ་ཐག་རྩོམས་ཤིག །

དགྲས་ཀྱང་ཟོན་བྱེད་ཅིག་ཡོང་བར། །
ཚིག་གཅིག་དོན་སྟེང་དུ་སྡོད་དགོས། །
གཉེན་ཡང་ཁོ་ཆད་ཅིག་བྱེད་ན། །
སྒ་ལོག་སྟན་ལོག་རང་གྱིས་ཤིག །

གནོད་བྱེད་ཁྱི་མང་གིས་གཙེས་ཀྱང༌། །
ཁ་རོག་ཙོག་འདུག་ལ་སྐྱོན་མེད། །
དལ་མེད་རུབ་པ་ཞིག་བྱེད་ན། །
སྤྲང་དབྱུག་དགུ་སྐོར་དུ་གྱིས་ཤིག །

ཆེན་པོ་ཕུགས་བརྟན་ཞིག་བྱེད་ན། །
ཡ་རབས་སྲོལ་བཟང་གི་འཕྲོ་སྐྱོངས། །
མཛོ་སྦྲེལ་གཡང་ལྟུང་ཞིག་བྱེད་ན། །
མ་རབས་གྲོགས་ངན་ལ་སྙིང་གཏོད། །

ཉལ་བཞིན་དགེ་ཆེན་ཞིག་བྱེད་ན། །
གཞན་ལ་ཡི་རང་རང་སྒོམ་དགོས། །
ཆགས་སྡང་རྒྱལ་ཕམ་ལ་མཉན་ན། །
སྡིག་ལྟུང་ནམ་མཁའ་ནས་བབ་ཡོང༌། །

ཆོས་སྲིད་ཅི་འདྲ་ཞིག་བྱེད་ཀྱང༌། །
ངོ་ཚ་ཁྲེལ་ཡོད་འདི་གལ་ཆེ། །
ཁྲེལ་མེད་ཕོ་རྒོད་དུ་རློམ་ན། །
ནམ་ཕུགས་རྒྱལ་ཁམས་ལ་བསྟན་ཡོང༌། །

གོ་ན་འཇིག་རྟེན་གྱི་སྣང་བ། །
ཀུན་ཀྱང་བློ་སྦྱོང་དུ་ཤར་ཡོད། །
མིན་ན་གསུང་རབ་ཀྱི་པོ་ཏི། །
བརྒྱ་ཕྲག་ཕྱག་མཛོད་དུ་རྩིག་ཅིག །

ཀུན་རྫོབ་བཤད་བཤད་ཀྱིས་མི་ཚར། །
ཤིང་སྣ་རྡོ་བསྒུལ་གྱིས་རི་འཛད། །
གོ་རིམ་ངེས་ཅན་གྱི་ཁྲིག་མེད། །
ཤ་ཟིན་སྤུ་ཟིན་ནས་བཤད་ཡོད། །

བློ་སྐྱེད་འདུག་ན་ནི་ལོངས་ཤིག །
ཁ་བརྒྱག་དཔེ་འཐེན་ཡང་བྱས་ཆོག །
བསམ་བཟང་ཡིན་ཁུལ་དུ་ཡོད་པས། །
ངག་འཁྱལ་དུ་མི་འགྲོ་ལས་ཆེ་ཨང༌། །
       འདི་ནི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་ལགས། དེའང་འབྲུག་པ་ཀུན་ལེགས་ཀྱི་མགུར་མ་ཕལ་ཆེར་ཟློག་སྒོམ་གྱི་ཚུལ་དུ་བཟང་ངན་གཉིས་རེ་སྦྲགས་ཏེ་ཉམས་དོད་པོ་ཞིག་འདུག་པའི་ལད་མོ་བྱས་པ་ཡིན། ལད་མོ་ཞེས་པའང་བཤད་ལུགས་དབྱིབས་མཚུངས་བྱས་པ་ཡིན་གྱི། འགའ་ཞིག་ལྟར་ཚིག་བརྐུས་པ་དང་དོན་གཡར་བ་ནི་མིན་ནོ། །