ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ཚ་ཤོས།

༄༅། །དབེན་པའི་གནས་ལ་བསྔགས་པ།

སྤེལ་དུས 2023-05-31 ཡོང་ཁུངས། རྩོམ་པ་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

མཐོན་མཐིང་ལྷས་རྩེན་དགའ་མ་ཉི་ཟླ་ཡི། །
མིག་ཟུར་འཕེན་པ་གཡེམ་མའི་མུ་ཅོར་ལ། །
འཁྱུད་པར་གོམས་པ་ཆུ་ལྡན་ཆར་གྱི་སྤྲིན། །
བན་བུན་འཕྱོ་བའི་སྨན་ལྗོངས་ཉམས་སུ་བདེ། །

མཁའ་སྤྱོད་ཞིང་གི་ཡོན་ཏན་ལྟ་བའི་ཕྱིར། །
རབ་མཐོར་ལངས་པའི་ས་འཛིན་རྩེ་མོས་མཁའ། །
དྲལ་དོགས་ལྗོན་ཤིང་ཡལ་གའི་ལག་པ་ཡིས། །
རིངས་པར་གཡོབ་པའི་སྨན་ལྗོངས་ཉམས་སུ་བདེ། །

སྔོ་སངས་ཆར་སྤྲིན་གཞོན་ནུའི་མགྲིན་པ་ནས། །
འཁྱུད་པ་གངས་རིའི་བུ་མོ་ཟླ་བཞིན་མ། །
རྗེས་ཆགས་དྲོད་ཀྱིས་བཞུས་པའི་རྔུལ་ཐིགས་རྒྱུན། །
ལྷུང་ལྷུང་སྒྲ་འབྱིན་སྨན་ལྗོངས་ཉམས་སུ་བདེ། །

སྔོ་སངས་ཆར་སྤྲིན་གཞོན་ནུའི་མགྲིན་པ་ནས། །
འཁྱུད་པ་གངས་རིའི་བུ་མོ་ཟླ་བཞིན་མ། །
རྗེས་ཆགས་དྲོད་ཀྱིས་བཞུས་པའི་རྔུལ་ཐིགས་རྒྱུན། །
ལྷུང་ལྷུང་སྒྲ་འབྱིན་སྨན་ལྗོངས་ཉམས་སུ་བདེ། །

རླབས་འཕྲེང་སྨིན་མ་འཁྱོག་པོར་གཡོ་བའི་གླུ། །
དལ་གྱིས་ལེན་པའི་ཆུ་ཀླུང་བུ་མོའི་ཚོགས། །
དབུ་བའི་འཛུམ་དཀར་སྟོན་པས་ཡིད་འདྲེན་ཅིང་། །
མདུན་ངོར་འབབ་པའི་སྨན་ལྗོངས་ཉམས་སུ་བདེ། །

འཁྲིལ་ལྡེམ་སྔོ་ལྗང་ལོ་མས་སྟོད་གཡོགས་ནས། །
མེ་ཏོག་གདུབ་ཀོར་ལྡན་པའི་ཡལ་གའི་ལག །
བདུད་རྩིའི་འབྲས་བཟང་སྟེར་བའི་ལྗོན་ཤིང་རྣམས། །
སྒྲར་བཅས་གཡོ་བའི་སྨན་ལྗོངས་ཉམས་སུ་བདེ། །

ཉི་གཞོན་ལི་ཁྲིའི་འོད་ལ་འདབ་མ་ཟུང་། །
བརྐྱངས་ནས་འཕུར་ཞིང་ལྡིང་བའི་འདབ་ཆགས་ཁྱུ། །
མགྲིན་པའི་གླིང་བུས་དྲི་ཟའི་འཇིག་རྟེན་གྱི། །
ཁེངས་པ་འཕྲོག་པའི་སྨན་ལྗོངས་ཉམས་སུ་བདེ། །

མེ་ཏོག་འཕྲེང་ཚོགས་སྡུག་གུའི་མགོ་ལྕོག་རྣམས། །
དལ་གྱིས་ལྡེམ་པའི་འཁྲི་ཤིང་འགྲམ་པ་ནས། །
བུང་བའི་ན་ཆུང་མྱོས་པའི་གླུ་ལེན་པས། །
ཡིད་རབ་བསྒྱུར་བའི་སྨན་ལྗོངས་ཉམས་སུ་བདེ། །

སྨན་དང་མེ་ཏོག་འབར་བའི་སྐྱེད་མོས་ཚལ། །
དྲི་བཞོན་རྔ་ཡབ་དལ་བུར་གཡོབ་ལྡན་པས། །
བླངས་པའི་བསུང་ཞིམ་བསིར་བུ་དལ་གྱིས་ལྡང་། །
སྤོས་ངད་ལྡན་འདྲའི་སྨན་ལྗོངས་ཉམས་སུ་བདེ། །

རྩྭ་ལྗང་མྱུ་གུའི་ཚལ་དུ་བག་ཕབ་ནས། །
རྣ་བའི་རླུང་གཡབ་གཡོབ་པའི་རི་དྭགས་མོ། །
མགྲིན་པ་འཁྱོག་པོར་བསྐྱོད་པའི་ཕྱི་མིག་གིས། །
དུལ་བར་ལྟ་བའི་སྨན་ལྗོངས་ཉམས་སུ་བདེ། །

སྟེང་ནས་ཉི་ཟླའི་འོད་ཟེར་སྒྲོན་མེར་འདེགས། །
ཕྱོགས་ནས་དྲི་བཞོན་བསིལ་ཡབ་ངང་གིས་འཕེན། །
ཕུ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པས་ཡིད། །
དྭངས་པར་བྱེད་པའི་སྨན་ལྗོངས་ཉམས་སུ་བདེ། །

ཡིད་འཕྲོག་ཆུ་འཛིན་ཕུང་པོའི་གདུགས་དཀར་གཡོ། །
བསིལ་ཞིམ་སྤོས་ཆུའི་ཆར་ཟིམ་ཀུན་ནས་འཐུལ། །
ཕྱོགས་ཀྱི་འཁོར་ལོ་ན་བུན་ཡོལ་བས་བྲིས། །
དགའ་བའི་ཚལ་འདྲའི་སྨན་ལྗོངས་ཉམས་སུ་བདེ། །

སྐྱེ་མེད་དབྱངས་དང་ལྡན་པའི་འཐོར་བྱེད་བྱ། །
འགག་མེད་ཐལ་བྱུང་འབིགས་པའི་རླན་གཤེར་མཚོན། །
གནས་མེད་ཀུན་ཁྱབ་འཇུག་པའི་བརྡ་ཐབས་འདིས། །
རང་སེམས་མཚོན་པའི་སྨན་ལྗོངས་ཉམས་སུ་བདེ། །

ལྗོན་ཤིང་བསིལ་བའི་གྲིབ་མ་བག་ཕེབས་ཤིང་། །
སྔོ་ལྗང་ལོ་མའི་སྤྱིལ་བུ་ཡི་གར་འོང་། །
རང་བྱུང་ཕུག་དང་ངེས་མེད་རི་བོའི་སུལ། །
དང་བ་འདྲེན་པའི་སྨན་ལྗོངས་ཉམས་སུ་བདེ། །

སུམ་རྩེན་ལྭ་བ་དཀར་པོའི་རྡོ་ལེབ་སྟེང་། །
དཔག་བསམ་ཤིང་ལོའི་གདིང་བ་བཀྲམ་པ་ལྟའི། །
གོར་མའི་ཁྲི་མཛེས་རྩྭ་སྔོའི་མལ་སྟན་ཅན། །
ལྷ་ཡིས་བཀོད་འདྲའི་སྨན་ལྗོངས་ཉམས་སུ་བདེ། །

མཛའ་འཁོན་བར་མའི་སྐྱེ་བོའི་འདུ་འཛིས་དབེན། །
འགྲས་དང་འདྲིས་པའི་གཏམ་གྱི་འདུ་བྱེད་བྲལ། །
ཆགས་སྡང་རྨོངས་པའི་འཕྲོ་རྒོད་ངང་གིས་ཞི། །
བསམ་གཏན་འཕེལ་བའི་སྨན་ལྗོངས་ཉམས་སུ་བདེ། །

ཚེ་འདིའི་སྣང་ཤས་འཇོ་སྒེག་རོལ་པ་མོར། །
ཆགས་པ་བྲལ་བའི་སྨྲ་བཅད་སྙིང་རིང་ཡང་། །
རང་རིག་ཕྱག་ཆེན་དགའ་མར་དམ་འཁྱུད་པའི། །
ཡང་དག་རྩེ་དགའི་ཚལ་འདི་མཁས་པས་བསྟེན། །
ཡོང་ཁུངས། «དབེན་པ་ཡིད་ལ་བྱེད་པའི་གཏམ་འཕགས་པའི་ཞིང་གི་ཡོན་ཏན་གསལ་བ»