ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ཚ་ཤོས།

༄༅། །སྙན་ངག་གི་མཚན་ཉིད་བསྡུས་པ་ཞེས་བྱ་བ་བཞུགས་སོ།

སྤེལ་དུས 2023-05-31 ཡོང་ཁུངས། རྩོམ་པ་པོ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ
  རྒྱ་གར་སྐད་དུ། ཀ་བྱ་ལཀྵ་སཾ་གྲ་ཧཱ། བོད་སྐད་དུ། སྙན་ངག་གི་མཚན་ཉིད་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
  གདོང་བཞིའི་ཞལ་གྱི་པད་ཚལ་གྱིས། །
  ངང་པའི་བུ་མོ་ཐམས་ཅད་དཀར། །
  དབྱངས་ཅན་མ་ནི་ཁོ་བོ་ཡི། །
  ཡིད་མཚོར་ཡུན་རིང་རོལ་བར་མཛོད། །
          སྙན་ངག་གི་མཚན་ཉིད་བརྗོད་པར་འདོད་པའི་ལུས་ལ་རྒྱན་གྱིས་སྤྲས་པའོ། །དེ་ལ་དབྱེ་ན། ལུས་དང་རྒྱན་ནོ། །ལུས་ལས་དབྱེ་ན། ཚིགས་བཅད་དང་། ལྷུག་པ། སྤེལ་མ་གསུམ་མོ། །
          ཚིགས་བཅད་ཀྱི་མཚན་ཉིད། ལུས་གང་ཞིག་རྐང་པ་བཞི་པས་བཅད་པའོ། །དེ་ལ་དབྱེ་ན་གཉིས་ཏེ། རིགས་གྲོལ་མཛོད་འདུས་དང་བཞིར་དབྱེ་བ་དང་། བྲྀ་ཏྟ་དང་། ཛ་ཏི་གཉིས་སུ་དབྱེ་བའོ། །
          ལྷུག་པའི་མཚན་ཉིད། ལུས་གང་ཞིག་རྐང་པས་མ་བཅད་པའི་ཚིག་རྒྱན་ནོ། །དེ་ལ་དབྱེ་ན། བརྗོད་པ་དང་གཏམ་གཉིས་སོ། །
          སྤེལ་མའི་མཚན་ཉིད། ལུས་གང་ཞིག་བཅད་ལྷུག་གམ་སྐད་རིགས་བསྲེས་པའོ། །དབྱེ་ན་ལྕམ་བུ་དང་། ཟློས་གར་གཉིས་སོ། །
          རྒྱན་ལ། ཐུན་མོང་མ་ཡིན་པའི་རྒྱན་དང་ཐུན་མོང་གི་རྒྱན་ནོ། །
          དང་པོའི་མཚན་ཉིད། སྙན་ངག་གི་ཡོན་ཏན་གང་ཞིག་རྒྱ་གར་ལྷོ་ཕྱོགས་པ་དང་། ཤར་ཕྱོགས་པའི་ལུགས་ཐ་དད་པའོ། །དབྱེ་ན་སྦྱར་བ་རབ་དྭངས་མཉམ་ཉིད་དང་། །ཞེས་སོགས་ཡོན་ཏན་བཅུའོ། །
          ཐུན་མོང་གི་རྒྱན་ལ་གསུམ། དོན་གྱི་རྒྱན། སྒྲའི་རྒྱན། གབ་ཚིག་གི་རྒྱན་ནོ། །དང་པོ་ལ་དབྱེ་ན། སུམ་ཅུ་རྩ་ལྔའོ། །
          དེ་ལ་དང་པོ་རང་བཞིན་གྱི་རྒྱན་གྱི་མཚན་ཉིད། གང་ཞིག་དངོས་པོའི་གནས་ལུགས་ཇི་ལྟར་ཡོད་པ་བཞིན་སྒྲོ་མ་བཏགས་པར་གསལ་བར་བྱེད་པའོ། །གང་ཞིག་འགྲེལ། དཔེར་ན། འཆི་མེད་གནས་ན་རབ་མཛེས་ཤིང་། །རྒྱན་ཕྲེང་གདུབ་བུས་ཀུན་ནས་སྤྲས། །སྒེག་ལྡན་ཡིད་འཕྲོག་ལྷ་མོ་ཉིད། །ཀུན་གྱི་ཡིད་འོང་མཁས་པ་ལགས། །དབྱེ་ན། རིགས་དང་བྱ་བ་ཡོན་ཏན་རྫས་བཞིའོ། །
          གཉིས་པ་དཔེའི་རྒྱན་གྱི་མཚན་ཉིད། ཇི་ལྟར་འདྲ་བའི་དོན་མཚུངས་པར་གསལ་བྱེད་ཀྱིས་ཟིན་པའོ། །དཔེར་ན། མཛེས་མ་ཉིད་ཀྱི་ཞལ་རས་འདི། །སྟོན་དུས་ཀུ་མུད་གཉེན་ལྟར་དཀར། །པདྨའི་མཛེས་པ་ལ་འགྲན་པའི། །ཆུ་ཤེལ་དང་འདྲ་དབྱངས་ཅན་མ། །ཞེས་པའོ། །དབྱེ་ན་སུམ་ཅུ་རྩ་གཉིས་སོ། །
          གསུམ་པ་གཟུགས་ཅན་གྱི་རྒྱན་གྱི་མཚན་ཉིད། དཔེ་དང་དཔེ་ཅན་ཐ་དད་མེད་པར། ངོ་བོ་གཅིག་པར་སྒྲོ་བཏགས་ནས་བརྗོད་པའོ། །དཔེར་ན།རབ་མཛེས་དབྱངས་ཅན་ཉིད་ཀྱི་ཞལ། །སྟོན་ཟླའི་དཀྱིལ་འཁོར་རྒྱས་པ་སྟེ། །སྤྱན་ནི་ཨུཏྤལ་སྔོན་པོ་དང་། །ཚེམས་ནི་ཀུ་མུད་ཕྲེང་མཛེས་ལགས། །ཞེས་པའོ། །དབྱེ་ན་ཉི་ཤུའོ། །
          བཞི་པ་གསལ་བྱེད་ཀྱི་རྒྱན་གྱི་མཚན་ཉིད། ཚིག་གཅིག་གིས་ངག་དོན་ཀུན་ལ་སྦྱར་བས་ཕན་པའོ། །དཔེར་ན། གང་སྐུ་མཛེས་པས་འགྲོ་བ་ཡི། །རེ་བ་མ་ལུས་བསྒྲུབས་པར་མཛད། །འདོད་ལྷའི་མཛེས་པའི་དྲེགས་འཇོམས་པ། །འགྲོ་བའི་མིག་གི་དགའ་སྟོན་ལགས། །ཞེས་པའོ། །དབྱེ་ན་གནས་གསུམ་གྱི་གསལ་བྱེད་གསུམ་མོ། །
          ལྔ་པ་བསྐོར་བའི་རྒྱན་གྱི་མཚན་ཉིད། རྐང་པ་བཞི་ལ་ཚིག་གམ་དོན་ཟློས་ཏེ་བརྗོད་པའོ། །དཔེར་ན། ངང་པ་པད་མཚོར་གསུང་སྙན་སྒྲོག །བུང་བ་པད་ནང་གསུང་སྙན་སྒྲོག །བྱེད་པོ་པད་འཁྲུངས་གསུང་སྙན་སྒྲོག །ལྷ་མོ་པད་སྟེང་གསུང་སྙན་སྒྲོག །ཅེས་པའོ། །དབྱེ་ན། དོན་སྐོར། སྒྲ་སྐོར། གཉིས་ཀའི་སྐོར་བ་གསུམ་མོ། །དེ་ཡང་ཐོག་མཐའ་བར་གསུམ་མོ། །
          དྲུག་པ། འགོག་པའི་རྒྱན་གྱི་མཚན་ཉིད། ཚུལ་གང་ཡང་རུང་བས་དགག་པ་བརྗོད་པའོ། །དཔེར་ན། ཀུན་གྱི་ཡིད་འཕྲོག་དབྱངས་ཅན་མ། །མཚན་དཔེས་ཀུན་ཏུ་མཛེས་གྱུར་པས། །རྒྱན་གཞན་ཀུན་གྱི་མདངས་འཕྲོགས་ན། །ནོར་བུའི་ཕྲེང་པས་ཅི་ཞིག་བགྱི། །ཞེས་པའོ། །དབྱེ་ན། དུས་གསུམ་འགོག་པ་དང་། ཁྱད་པར་ཉི་ཤུའོ། །
          བདུན་པ། དོན་གཞན་བཀོད་པའི་རྒྱན་གྱི་མཚན་ཉིད། བརྗོད་བྱའི་དངོས་པོ་དམ་བཅའ་ལྟར་སྔོན་ལ་བཀོད་ནས་སྒྲུབ་བྱེད་ཀྱི་རྟགས་ནུས་པ་ཅན་དེ་བས་ཁྱབ་ཆེ་བ་འགོད་པའོ། །དཔེར་ན། བློ་གྲོས་ལྷ་མོ་དབྱངས་ཅན་ཀྱེ། །འཇིག་རྟེན་བདག་པོའི་ཚངས་པ་ཡང་། །བདག་པོ་མེད་དེ་དེར་མ་ཟད། །ཆོས་ཀུན་བདག་མེད་རང་བཞིན་ལགས། །ཞེས་པའོ། །དབྱེ་ན་ཀུན་ཁྱབ་སོགས་བརྒྱད་དོ། །
          བརྒྱད་པ། ལྡོག་པ་ཅན་གྱི་རྒྱན་གྱི་མཚན་ཉིད། སྔོན་ལ་མཚུངས་པར་བསྟན་ནས། དེ་ནས་མི་མཚུངས་པའི་ཁྱད་པར་སྟོན་པའོ། །དཔེར་ན། དཔལ་ལྡན་ལྷ་མོ་དབྱངས་ཅན་དང་། །དཔག་བསམ་དགོས་འདོད་འབྱུང་བར་མཚུངས། །དཔག་བསམ་ཤིང་ནི་ཡལ་ག་ལྗང་། །ལྷ་མོ་ཟླ་བའི་འོད་ལས་དཀར། །ཞེས་པའོ། །དབྱེ་ན་བཞིའོ། །
          དགུ་པ་སྲིད་པ་ཅན་གྱི་རྒྱན་གྱི་མཚན་ཉིད། རབ་ཏུ་གྲགས་པའི་རྒྱུ་བཟློགས་ནས་འབྲས་བུ་སྲིད་པ་ལྟར་སྒྲོ་བཏགས་ཏེ་སྟོན་པའོ། །དཔེར་ན། ཆ་ཤས་བྲལ་ཡང་ཟླ་བའི་ཞལ། །མ་བྲིས་དྲི་མེད་དྭངས་པའི་སྐུ། །འབད་པ་མེད་པར་ལྷུན་གྱིས་གྲུབ། །བགོས་པ་མེད་པར་དྲི་བསུང་འཕྲོ། །ཞེས་པའོ། །དབྱེ་ན། རྒྱུ་གཞན་ཅུང་ཟད་ལ་ལྟོས་པ་དང་། མི་ལྟོས་པ་གཉིས་སོ། །
           བཅུ་པ། བསྡུས་པ་བརྗོད་པའི་རྒྱན་གྱི་མཚན་ཉིད། འདོད་བྱའི་དངོས་པོ་འགའ་ལ་བསམས་ནས་བསམ་བྱའི་དངོས་པོ་དང་འདྲ་བ་རྒྱ་ཆུང་པའི་ཚུལ་གྱིས་བསྡུས་ནས་བརྗོད་པའོ། །དཔེར་ན། གླིང་བཞི་ཀུན་ལ་མཚུངས་པར་རབ་འཇུག་པ། །མུན་པའི་ཚོགས་རྣམས་གནས་ནས་འབྱིན་མཛད་པ། །ཉི་མ་ཉིད་ཀྱིས་བདག་གི་གནས་དེ་ཡང་། །འོད་ཀྱིས་བཀྲ་མེར་གང་བར་མཛད་དུ་གསོལ། །ཅེས་པའོ། །དབྱེ་ན་གཉིས་སོ། །
          བཅུ་གཅིག་པ། ཕུལ་བྱུང་གི་རྒྱན་གྱི་མཚན་ཉིད། བརྗོད་བྱའི་དངོས་པོ་དེ་འཇིག་རྟེན་ལས་འདས་པ་ལྟར་འུད་ཆེ་བར་ཁྱད་པར་དུ་བརྗོད་པའོ། །དཔེར་ན། པད་དཀར་ཅན་གྱི་ཚེམས་ཕྲེང་ཟེའུ་འབྲུ་ལས། །མཛེས་པར་འཁྲུངས་པའི་ངག་དབང་དགའ་མ་ཀྱེ། །ཉིད་ཀྱི་དཔག་ཡས་མཁྱེན་པ་འདི་འདྲ་བ། །ཤོང་པ་ཤེས་བྱའི་རྒྱ་ཁྱོན་ཡངས་པ་མཚར། །ཞེས་པའོ། །དབྱེ་ན་བཞིའོ། །
          བཅུ་གཉིས་པ། རབ་བཏགས་ཀྱི་རྒྱན་གྱི་མཚན་ཉིད། རང་བཞིན་གནས་པའི་ཚུལ་ལས་གཞན་དུ་སྒྲོ་བཏགས་ཤིང་། རབ་བཏགས་གསལ་བྱེད་ཀྱིས་ཟིན་པར་བརྗོད་པའོ། །དཔེར་ན། གང་སྐུ་མཛེས་པའི་འོད་ཚོགས་བཀྲ་བ་ཡིས། །མུན་པ་དྲུང་ཕྱུང་འོད་གཞན་ཟིལ་མནན་པའི། །གཟི་བརྗིད་ཆེན་པོའི་ཁུར་དེ་མ་བཟོད་པར། །རྟ་བདུན་རྒྱལ་པོ་གླིང་གཞན་བྲོས་པ་འདྲ། །ཞེས་པའོ། །བཞིན་གྱི་སྒྲ་ལས་འགའ་ཞིག་དཔེ་རྒྱན་དུ་འཁྲུལ་བ་ཡོད་དེ། མི་རིགས་སོ། །དཔེ་ལ་གསལ་བྱེད་ཡོད་ཀྱང་། འདིར་མི་སྲིད་པས་སོ། །དཔེར་ན། མི་ཁོག་ནག་པོ་ལ་མུན་པ་ལུས་ལ་བྱུགས་པ་འདྲའོ། །ཞེས་ཏེ། དབྱེ་ན་གཉིས་སོ། །
          བཅུ་གསུམ་པ། རྒྱུའི་རྒྱན་གྱི་མཚན་ཉིད། གང་སྐྱེད་བྱེད་དང་ཤེས་བྱེད་རྟགས་བརྗོད་པའོ། །དཔེར་ན། ལྷ་མོའི་འོད་ཚོགས་རྟག་ཏུ་གསལ་བ་ཡིས། །ཉིན་དང་མཚན་མོའི་བྱེ་བྲག་མི་ཤེས་ཀྱང་། །ཉི་མ་ནུབ་ཅིང་ཟླ་བ་མཛེས་པའི་ཕྱིར། །འདབ་ཆགས་ཉལ་ཚེ་མཚན་མོར་ཤེས་པར་བྱ། །ཞེས་ཏེ། དབྱེ་ན་གཉིས་སོ། །
          བཅུ་བཞི་པ། ཕྲ་མོའི་རྒྱན་གྱི་མཚན་ཉིད། བརྡ་སྔོན་དུ་བཏང་བ་ཟུར་ཙམ་ལས་འདོད་དོན་གོ་བའམ། བརྡ་མེད་པར་ཡང་རྣམ་འགྱུར་ལས་འདོད་དོན་གོ་བའོ། །དཔེར་ན། དབྱངས་ཅན་ཀྱིས་བདག་རྗེས་སུ་བཟུང་བས། བློ་གྲོས་རྒྱས་པར་ཞུ་བ་དངོས་སུ་མ་བརྗོད་པར་ལག་པས་པདྨའི་ཁ་ཕྱེ་སྟེ། ངག་ཏུ། ཉིན་མོའི་ཕྱོགས་གྱུར་པདྨ་འདི། །རྟ་བདུན་དཀྱིལ་འཁོར་རྫོགས་པ་དེས། །འོད་ཟེར་ཕྲེང་བ་རེག་པ་ཡིས། །ཟེའུ་འབྲུའི་ཕྲེང་མཛེས་གསལ་བར་འདོད། །ཅེས་པའོ། །དབྱེ་ན་གཉིས་སོ། །
          བཅོ་ལྔ་པ་ཆའི་རྒྱན་གྱི་མཚན་ཉིད། དངོས་པོ་གསལ་བ་ཟོལ་གྱིས་སྦེད་པའོ། །དཔེར་ན། དབྱངས་ཅན་ལ་དད་པས་བ་སྤུ་གཡོ་བ་ལས། དེ་སྦེད་པ་ངག་ཏུ་བརྗོད་པ་ནི། དབྱངས་ཅན་ལྷ་མོ་སྤྱན་ཡངས་ཀྱེ། །ཕྱོགས་འདི་བསིལ་ཞིང་རྒྱུ་ལྡན་ཏེ། །ལུས་ཀྱི་སྤུ་ལོང་མེ་ཏོག་གི །རྡུལ་གྱིས་བདག་མིག་སུན་ཕྱུང་ངོ་། །ཞེས་པའོ། །དབྱེ་ན་གཉིས་སོ། །
          བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་གྱི་མཚན་ཉིད། དངོས་པོའི་མཚན་ཉིད་སྔོན་ལ་རབ་ཏུ་བསྟན་པ་དང་། ཕྱིས་གོ་རིམ་མ་འཆོལ་བར་བརྗོད་པའོ། །དཔེར་ན། གང་སྐུ་ཤིན་ཏུ་བརྗིད་པ་དང་། །གསུང་དང་ཐུགས་ཀྱི་ཆ་ཤས་ཀྱིས། །ལྷུན་པོ་ཚངས་དབྱངས་ཤེས་བྱའི་ཁྱོན། །སྐྱེངས་པར་ནུས་སོ་དབྱངས་ཅན་མ། །ཞེས་ཏེ། དབྱེ་ན་གཉིས་སོ། །
          བཅུ་བདུན་པ། དགའ་བའི་རྒྱན་གྱི་མཚན་ཉིད། མཆོག་ཏུ་བདེ་བའི་རྒྱུ་དགའ་བ་སྔོན་མེད་བརྗོད་པའོ། །དཔེར་ན། ལྷར་བཅས་འགྲོ་བ་མ་ལུས་པས། །ཐོས་པར་དཀའ་བའི་དབྱངས་ཅན་མཚན། །བདག་གིས་ཐོས་པའི་དགའ་བ་དེ། །ཚངས་སོགས་ཀྱིས་ཀྱང་མྱངས་མ་ལགས། །ཞེས་པའོ། །
          བཅོ་བརྒྱད་པ། ཉམས་ལྡན་གྱི་རྒྱན་གྱི་མཚན་ཉིད། སྒེག་པ་ལ་སོགས་ཡིད་དུ་འོང་བའི་ཉམས་ཅན་ནོ། །དཔེར་ན། གང་སྐུ་མཚན་དཔེས་མཛེས་པ་དེ་མཐོང་ནས། །འཆི་བར་འགྱུར་བའམ་ངན་འགྲོར་ལྷུང་ཡང་བླ། །མཚན་ཙམ་ཐོས་པའི་རབ་ཏུ་དགའ་མ་དེས། །སྐད་མདོག་དབང་པོའི་རྣམ་འགྱུར་མཛེས་དང་ལྡན། །ཞེས་པའོ། །
          བཅུ་དགུ་བ། གཟི་བརྗིད་ཅན་གྱི་རྒྱན་གྱི་མཚན་ཉིད། གཞོམ་བྱ་ལས་ང་རྒྱལ་ཡང་འཛངས་པའོ། །དཔེར་ན། ལྷ་མོས་བཟོད་དཀའི་འཇིགས་པ་མི་བྱེད་ཀྱེ། །བདུད་ཁྱོད་སྙིང་ལ་འཇིགས་པ་བྱ་མི་དགོས། །ཕམ་ཞིང་བྲོས་ན་བསྟན་ལ་མི་གནོད་པ། །ནམ་ཡང་དབྱངས་ཅན་མཚོན་གྱིས་འདེབས་མ་ཡིན། །ཞེས་པའོ། །
          ཉི་ཤུ་པ། རྣམ་གྲངས་བརྗོད་པའི་རྒྱན་གྱི་མཚན་ཉིད། འདོད་དོན་དངོས་སུ་མ་བརྗོད་པར་དེའི་ཆེད་དུ་འོས་མེད་ཀྱི་རྣམ་པ་གཞན་གྱི་སྒོ་ནས་དོན་བརྗོད་པའོ། །དཔེར་ན། དུག་གསུམ་ཚ་བས་གདུང་བའི་སྐྱེས་བུ་བདག །ཐོས་བསམ་རྒྱ་མཚོའི་དབུས་སུ་འཇུག་པར་བགྱིད། །དཔལ་མོ་ཉིད་ལ་དད་པའི་འགྲོ་བ་ཀུན། །བསམ་པ་ཇི་བཞིན་མཁྱེན་པར་མཛད་དུ་གསོལ། །ཞེས་པའོ། །
          ཉེར་གཅིག་པ། ཀུན་ཕན་གྱི་རྒྱན་གྱི་མཚན་ཉིད། བསྐལ་བའི་མཐར་ཚེས་ལྷའི་མཐུས་འདོད་བྱ་ཕུན་ཚོགས་འགྲུབ་པའོ། །དཔེར་ན། བདག་བློ་མ་རིག་མུན་པས་ཉེན། །མེ་ཁྱེར་སྤྱི་བོས་བླང་སྙམ་དུས། །ལྷ་མོའི་མཚན་མཆོག་ཟླ་བ་དང་། །ཐུགས་རྗེའི་འོད་སྟོང་ལྷག་གིས་ཤར། །ཞེས་པའོ། །
          ཉེར་གཉིས་པ། རྒྱ་ཆེ་བའི་རྒྱན་གྱི་མཚན་ཉིད། བསམ་པ་དང་འབྱོར་བ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པར་བརྗོད་པའོ། །དཔེར་ན། དཔལ་ལྡན་ལྷ་མོ་དབྱངས་ཅན་མ། །དགྲ་ལའང་བུ་བཞིན་གཟིགས་པ་དང་། །ལོངས་སྤྱོད་འབྱོར་པ་སྨོས་ཅི་དགོས། །སྲིད་ཞི་ཀུན་གྱི་དཔལ་མངའ་ལགས། །ཞེས་པའོ། །
          ཉེར་གསུམ་པ། བསྙོན་དོར་གྱི་རྒྱན་གྱི་མཚན་ཉིད། དངོས་པོའི་ངོ་བོ་ལ་ཅུང་ཟད་བསྙོན་ནས་མིན་ཞེས་པའམ། དོན་གཞན་ཡིན་པར་སྒྲོ་འདོགས་པའོ། །དཔེར་ན། རབ་མཛེས་འདི་སྐུ་མ་ལགས་ལྷུན་པོ་ལགས། །དྲུག་ཅུ་འདི་གསུང་མ་ལགས་ཚངས་དབྱངས་ལགས། །རབ་གསལ་འདི་ཐུགས་མ་ལགས་མཁྱེན་བརྩེ་ལགས། །དབྱངས་ཅན་ལྷ་མོ་མ་ལགས་སངས་རྒྱས་ལགས། །ཞེས་པའོ། །
          ཉེར་བཞི་པ། སྦྱར་བའི་རྒྱན་གྱི་མཚན་ཉིད། གཟུགས་སྒྲའི་རྣམ་པ་གཅིག་པའི་ཚིག་གིས་དོན་དུ་མ་སྟོན་པའོ། །དཔེར་ན། འཆི་མེད་ལམ་ལ་ལེགས་རྒྱུ་ཞིང་། །གདུལ་བྱར་བདུད་རྩིའི་འོད་རབ་སྟེར། །དཀར་གསལ་མཛེས་པའི་དཀྱིལ་འཁོར་ཅན། །འཇིག་རྟེན་ཡིད་རབ་འཕྲོགས་པར་མཛད། །ཅེས་པའོ། །
          ཉེར་ལྔ་པ། ཁྱད་པར་འཕགས་པ་བརྗོད་པའི་རྒྱན་གྱི་མཚན་ཉིད། རིགས། ཡོན་ཏན། བྱ་བ། རྫས། གང་རུང་མ་ཚང་ཡང་རང་རྒྱུ་ཁྱད་འཕགས་སུ་སྟོན་པའོ། །དཔེར་ན། བྱམས་པའི་མཚོན་ཆ་རྩུབ་མིན་རྣོ་བ་མིན། །ཞེ་སྡང་ལྷ་མིན་ཁྲོས་པའི་རྣམ་འགྱུར་མེད། །དཔུང་ཚོགས་བཞི་དང་བྲལ་ཡང་དབྱངས་ཅན་མ། །སྲིད་གསུམ་ཀུན་ལས་རྒྱལ་བ་ཨེ་མ་མཚར། །ཞེས་པའོ། །
          ཉེར་དྲུག་པ། མཚུངས་པར་སྦྱོར་བའི་རྒྱན་གྱི་མཚན་ཉིད། བརྗོད་འདོད་ལས་ལྷག་པར་གྲགས་པ་གཅིག་དང་གཉིས་པོ་མི་མཚུངས་ཀྱང་མཚུངས་པ་ལྟར་བྱས་ནས་བསྟོད་པའམ་སྨད་པའི་དོན་དུ་གྲགས་པའོ། །དཔེར་ན། རྣམ་སྣང་མི་བསྐྱོད་རིན་འབྱུང་དང་། །འོད་དཔག་མེད་དང་དོན་འགྲུབ་དང་། །དབྱངས་ཅན་མ་གཏོགས་རིགས་བདག་གི །སྒྲ་ནི་དོན་ལྡན་འཇུག་པ་མེད། །ཅེས་པའོ། །
          ཉེར་བདུན་པ། འགལ་བའི་རྒྱན་གྱི་མཚན་ཉིད། འདོད་བྱའི་དོན་ལ་འགལ་བ་དུ་མ་འགྲོགས་ཀྱང་སྐྱོན་མེད་པར་ཁྱད་འཕགས་སུ་བརྗོད་པའོ། །དཔེར་ན། ཞལ་རས་ཟླུམ་ཞིང་སྤྱན་དཀྱུས་རིང་། །དབུ་སྐྲ་གནག་ཅིང་ཚེམས་འཕྲེང་དཀར། །ལོང་བུ་མི་མངོན་གཙུག་ཏོར་མངོན། །དབྱངས་ཅན་སྐུ་ལ་སུ་མི་དད། །ཅེས་པའོ། །
          ཉེར་བརྒྱད་པ། སྐབས་མིན་བསྟོད་པའི་རྒྱན་གྱི་མཚན་ཉིད། རང་གི་འདོད་བྱའི་དངོས་པོ་བློ་ལ་བཞག་པས་གནས་སྐབས་སུ་མ་བབ་པ་ལ་བསྔགས་པའོ། །དཔེར་ན། འགྲོ་བའི་སྐྱབས་མཆོག་དཔལ་མོ་དབྱངས་ཅན་ཀྱེ། །སྒྲིབ་པའི་ནད་ཀུན་མ་ལུས་ལེགས་སྦྱངས་ནས། །རྟོགས་པ་བདུད་རྩིའི་རོ་ཡིས་ཉམས་རྒྱས་པའི། །དོན་གཉིས་མཐར་ཕྱིན་ཉིད་རྣམས་རེ་བདེ་སྟེ། །ཞེས་སོ། །
          ཉེར་དགུ་པ། ཟོལ་བསྟོད་ཀྱི་རྒྱན་གྱི་མཚན་ཉིད། འཕྲལ་ལ་སྐྱོན་བརྗོད་པ་ལྟར་སྣང་ཡང་དོན་ལ་ཡོན་ཏན་བརྗོད་པའོ། །དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་ཕྲན་འགའ། །མཐུ་དང་ལྡན་པར་རབ་གྲགས་ན། །སྟོབས་བཅུ་མངའ་བའི་ལྷ་མོ་ཉིད། །ཀུན་ལས་རྒྱལ་བ་མཚར་རྒྱུ་མེད། །ཅེས་སོ། །
          སུམ་ཅུ་པ། ངེས་པར་བསྟན་པའི་རྒྱན་གྱི་མཚན་ཉིད། ངེས་པར་བསྟན་བྱ་དཔེའི་འཇུག་པ་འཇིག་རྟེན་ཐམས་ཅད་ལ་གྲགས་པས་འདོད་བྱ་དང་ཕན་གནོད་ཀྱི་སྒོ་ནས་བརྗོད་པའོ། །དཔེར་ན། འབྲུག་སྒྲ་ཟབ་མོ་སྒྲོག་པ་དང་། །ཆར་སྤྲིན་སྟུག་པོ་འཁྲིགས་ཙམ་གྱིས། །མཇུག་སྒྲོས་བརྒྱན་པའི་གར་མཁན་ལ། །དགའ་བདེའི་དཔལ་རབ་སྟེར་བར་བྱེད། །ཅེས་སོ། །
          སོ་གཅིག་པ། ལྷན་ཅིག་བརྗོད་པའི་རྒྱན་གྱི་མཚན་ཉིད། ལས་དང་ཡོན་ཏན་སོགས་མཉམ་པར་གཅིག་པར་བརྗོད་པའོ། །དཔེར་ན། དབྱངས་ཅན་ཞལ་གྱི་དཀྱིལ་འཁོར་དང་། །བདུད་རྩིའི་འོད་ཅན་མཉམ་དུ་དཀར། །ཉིད་སྤྱན་མཛེས་པའི་དཀྱུས་དང་ནི། །ཐུགས་རྗེའི་ཞགས་པ་ཅིག་ཅར་རིང་། །ཞེས་སོ། །
          སོ་གཉིས་པ། ཡོངས་བརྗེས་ཀྱི་རྒྱན་གྱི་མཚན་ཉིད། ཡོན་ཏན་སོགས་ཕུན་ཚོགས་བསྣོལ་བར་བརྗོད་པའོ། །དཔེར་ན། སྐྱབས་མཆོག་དབྱངས་ཅན་ཐུགས་རྗེ་ཡིས། །འོད་དཀར་འགྲོ་ལ་སྤྲོ་མཛད་ཀྱང་། །འགྲོ་བ་དད་པ་ཆེས་ཆེ་བའང་། །ལྷ་མོ་ཉིད་ཀྱིས་བསྡུས་པ་ལགས། །ཞེས་སོ། །
          སོ་གསུམ་པ། ཤིས་བརྗོད་ཀྱི་རྒྱན་གྱི་མཚན་ཉིད། འདོད་བྱ་ལ་སྨོན་པ་ཉེ་བའོ། །དཔེར་ན། སྨྲ་བསམ་བརྗོད་བྲལ་མཉམ་བཞག་མི་རྟོག་དང་། །ཆོས་ཀུན་རྨི་ལམ་སྒྱུ་འདྲའི་རྗེས་ཐོབ་སྟེ། །ཇི་ལྟ་ཇི་སྙེད་མཁྱེན་པའི་དབྱངས་ཅན་གྱི། །ཡེ་ཤེས་དམ་པས་འགྲོ་ཀུན་སྐྱོང་གྱུར་ཅིག །ཅེས་སོ། །
          སོ་བཞི་བ། རབ་སྤེལ་གྱི་རྒྱན་གྱི་མཚན་ཉིད། དོན་རྒྱན་སྟོབས་མཉམ་པ་གསུམ་ལ་སོགས་པ་བསྡེབས་པའོ། །དཔེར་ན། ཉིད་ཞལ་ཟླ་རྒྱས་ལྟ་བུར་ཟླུམ། །སྤྱན་ནི་ཨུཏྤལ་དཀྱུས་ལྟར་རིང་། །དབྱངས་ཅན་རྟག་པར་མཛེས་པའི་ཕྱིར། །རྒྱན་གཞན་དག་གིས་ཅི་ཞིག་བགྱི། །ཞེས་པའོ། །
          སོ་ལྔ་པ། དགོངས་པ་ཅན་གྱི་མཚན་ཉིད། སྙན་ངག་མཁན་གྱི་བསམ་བྱའི་དགོངས་པ་བྱ་རྫོགས་ཀྱི་སྐད་ཅིག་ལ་གྲུབ་པའི་ལུས་རྫོགས་པའོ། །ངག་གི་དབང་ཕྱུག་འདི། གཞུང་གི་རྒྱན་ལ་ཡོད། ཅེས་པས། ཚིགས་བཅད་གཅིག་གཉིས་ལ་ཡོད་པ་འགལ་གསུངས་ཏེ། ཁོ་བོ་ནི་ལུས་རྫོགས་ན་ཚིགས་བཅད་གཅིག་གཉིས་ལའང་རྒྱན་འདི་ཡོད་པར་འདོད་པའོ། །
          གཉིས་པ་སྒྲ་རྒྱན་གྱི་མཚན་ཉིད། ཡི་གེའི་ཚིག་དང་རྐང་པ་དང་། ཚིགས་བཅད་ལ་སོགས་བསྐོར་བས་བཟློས་ནས་བརྗོད་པའོ། །དབྱེ་ན་གསུམ། རྗེས་ཁྲིད། ཟུང་ལྡན། དབྱངས་སོགས། བྱ་དཀའ་བའོ། །དང་པོ་ནི། དཔེར་ན། དགེ་བ་འཕེལ་བར་བྱེད་པའི་དཔལ། །རིག་གནས་ཀུན་ལ་མཁས་པ་དེ། །ངག་དབང་དགའ་མའི་བྱིན་རླབས་ལས། །དག་པའི་བདེ་འགྲོ་འཐོབ་པར་འགྱུར། །ཞེས་པའོ། །
          ཟུང་ལྡན་ལ། ཐོག་མའི་ཟུང་ལྡན་མ་ཆོད་པའོ། །གསལ་མཛེས་དེ་གསལ་མཛེས་དེ་བསོད་ནམས་དཔལ། །རྒྱས་མཛད་དེ་རྒྱས་མཛད་དེ་མཁས་པའི་རྒྱུ། །བདེ་སྐྱིད་དེ་བདེ་སྐྱིད་དེ་འབྱུང་གནས་མཆོག །འགྲོ་ཀུན་གྲོལ་འགྲོ་ཀུན་གྲོལ་ལམ་ཟབ་མཆོག །ཅེས་པའོ། །
          ཐོག་མའི་ཟུང་ལྡན་ཆོད་པ་ནི། པད་མོ་ཉིད་དང་ཟླ་གདན་ལ་འགྱིངས་པའི། །པདྨ་ཉིད་ཀྱི་འདབ་ལྟར་འཇམ་པའི་དབྱངས། །པདྨ་ཉིད་ཀྱི་གདན་ཅན་མེས་པོས་ཀྱང་། །པདྨ་ཉིད་དུ་བསམས་པས་ཅོད་པན་མཛད། །ཅེས་པའོ། །དེ་བཞིན་དུ་བར་མཐའ་ལ་ཡོད་པའང་ཤེས་པར་བྱའོ། །
          གནས་གསུམ་ག་ན་ཡོད་པའི་མ་ཆོད་ཅིང་ཆོད་པ་ནི། མཁས་པ་མཁས་པའི་ནང་ན་ཀུན་མཁྱེན་མཁས་པ་མཁས་པའོ། །མཁས་པ་མཁས་པར་ཤེས་པར་མཁས་པ་མཁས་པ་དབྱངས་ཅན་མཁས་པ་མཁས། །མཁས་པ་མཁས་པའི་ཚུལ་ལ་མཁས་པ་མཁས་པ་འདི་འདྲ་མཁས་པ་མཁས། །མཁས་པ་མཁས་པ་མཆོད་པ་མཁས་པ་མཁས་པ་ངག་རིག་མཁས་པ་མཁས་པའོ། །
          ལུགས་ལས་ལྡོག་པའི་ཟུང་ལྡན་ནི། མཛེས་པ་དམ་པས་འགྲོ་བ་བདེ། །བདེ་བར་འགྲོ་བས་དམ་པ་མཛེས། །མཛེས་པ་རྒྱལ་བའི་གསུང་རབ་དགེ །དགེ་རབ་གསུང་བའི་རྒྱལ་མ་མཛེས། །ཞེས་པས་ཤེས་པར་བྱའོ། །
          འདྲེས་པའི་ཟུང་ལྡན་ནི། དད་པ་དད་པའི་གནས་ལ་དད་པ་དེ་མཛེས་པ། །མཛེས་པ་མཛེས་པ་ཡིད་འོང་རྣམ་འགྱུར་ཡིད་འོང་དེ་ནི་འདིར་དཔལ་ལྡན། །དཔལ་ལྡན་གང་གསུང་སྙན་བྱེད་གསུང་སྙན་དེ་དགེ་བ། །དགེ་བ་ཕུན་ཚོགས་འབྲས་བུ་ཕུན་ཚོགས་འབྱིན་པར་བྱེད་པའི་ལམ། །ཞེས་པའོ། །
          གསུམ་པ་ནི། ཨ་ཡིག་གཅིག་པུར་ངེས་པ་ནི། བག་ཆགས་ངན་པ་གཏན་ནས་སྤང་། །ཡང་དག་བག་ཆགས་སད་མཛད་པ། །འཕགས་མ་པད་དཀར་གསལ་བ་ལ། །ཡང་དག་བསམ་པ་དད་པ་ལགས། །
          ཨི་ཨུ་ཨེ་ཨོ་བཞིར་ངེས་པ་ནི། ཉིད་ཀྱིས་ཇི་བཞིན་གཟིགས་ཤིང་འདིས། །ཀུ་མུད་ལུས་ཀུན་ཀུན་ཏུ་འདུད། །དགེ་ཆེན་བདེ་ལེགས་སྟེར་བྱེད་ཁྱེད། །མཆོད་འོས་བསྟོད་འོས་དཀོན་མཆོག་མཆོད། །ཅེས་པའོ། །
          གབ་ཚིག་གི་རྒྱན་གྱི་མཚན་ཉིད། ཚིག་གཞན་དུ་གོ་བས། དོན་སྦས་ཏེ་བསྒྲིབས་པའོ། །
          མཐུན་པའི་གཟུགས་ཀྱི་དཔེར་བརྗོད་ནི། ཡལ་ག་ཉི་ཤུར་མེ་ཏོག་མཛེས། །འཁྲི་ཤིང་ཡལ་ག་ལྔ་པའི་སྟེང་། །བུང་བ་ཟུང་དག་རྣམ་པར་རོལ། །སྐྱེད་མོས་ཚལ་ན་གཡོ་བ་མཚར། །ཞེས་པ་སྐྱེས་བུས་བརྗོད་བྱའི་དོན་ཡིན་པ་ལ་ཤིན་ཏུ་གོ་བས་སྦས་ཏེ་བསྒྲུབས་པའོ། །
  དེ་ལྟར་སྙན་ངག་ལུས་རྒྱན་གྱི། །
  མཚན་ཉིད་བསྡུས་པ་འདི་ཡང་ནི། །
  བློ་གྲོས་ཡངས་པ་བཀའ་བཞི་པས། །
  བསྐུལ་ནས་པཎ་ཆེན་ཁ་ཆེས་སྦྱར། །
  དགེ་བ་རྣམ་དཀར་དྲི་མེད་དེས། །
  གདུལ་བྱའི་ཚོགས་ཀུན་རབ་རྒྱས་ཏེ། །
  དགེ་འབྲས་ཀུན་མཁྱེན་སྙན་ངག་མཁན། །
  སྔོན་མེད་བཞིན་དུ་ཀུན་མཁྱེན་ཤོག ། ཤུ་བྷཾ།