ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

༄༅། །ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་མཚན་དོན་གྱི་སྒོ་ནས་བསྟོད་པ།

སྤེལ་དུས 2023-05-31 ཡོང་ཁུངས། རྩོམ་པ་པོ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ།
གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ།

ན་མོ་ཨཱནྡ་དྷ་ཛ་ཤྲཱི་བྷ་དྲ་ཡེ།
ཀུན་དགའི་ལེགས་བཤད་ངོ་མཚར་ཟླ་བ་ཡིས། །
ཤེས་བྱའི་ཟབ་དོན་བདེན་གཉིས་སྣང་བ་རྒྱས། །
མདོ་རྒྱུད་མན་ངག་རྒྱུ་སྐར་ཕྲེང་བ་ཡིས། །
བསྐལ་བཟང་ཕྱོགས་ཀྱི་ཁོར་ཡུག་རྣམ་པར་བཀྲ(མཚོན་བྱེད་ཀྱི་ཚིག)།།

འཇམ་པའི་དབྱངས་ལྡན་སྨྲ་བའི་གཙུག་རྒྱན་ཁྱོད། །
ཕྱི་ནང་དངོས་ཀུན་གནས་དོན་ཇི་བཞིན་དུ། །
ཡང་དག་དབུ་མའི་ལམ་ནས་མཁྱེན་པ་གསལ། །
དེ་ཕྱིར་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡབ། །

སྲིད་པའི་ལྗོན་ཤིང་རྩད་གཅོད་ཤེས་རབ་ནི། །
འབར་བའི་རལ་གྲིས་ལྟ་ངན་མཐའ་དག་འཇོམས། །
བརྒྱད་ཁྲི་བཞི་སྟོང་གསུང་གི་གླེགས་བམ་གྱིས། །
འགྲོ་དོན་ལྷུན་འགྲུབ་འཇམ་དབྱངས་ཁྱེད་ལྟར(འཇམ་དཔལ་ཉིད་དུ་བསྟན)མཛོད། །

འཕགས་ཡུལ་མཁས་པའི་དབང་ཕྱུག་དབྱིག་གཉེན་སོགས། །
གང་གི་ཡེ་ཤེས་གཅིག་ལས་སྤྲུལ་མཛད་ཅིང་། །
གངས་ཅན་མིག་འབྱེད་བཻ་རོ་ཙ་ན་སོགས། །
ཉིད་ཐུགས་དག་པའི་སྣང་བར(ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པ)འཁྲུངས་ལ་འདུད། །

བྱང་ཕྱོགས་འཁོན་གྱི་རིགས་སུ་སྐུ་འཁྲུངས་ཤིང་། །
སྔོན་ཚེ་གོམས་པའི་སྤོབས་པ་གསལ་ལྡན་པས། །
རིག་པའི་གནས་ལྔ་ཀུན་ལ་མཁྱེན་པ་རྒྱས། །
ས་སྐྱ་པཎ་ཆེན་ཞེས་བྱ་རྣམ་པར་གྲགས། །

གང་ཡང་ནང་གི་མུན་པས་མ་བཏང་ཞིང་། །
བློ་ཆུང་རྣམ་འགྱུར་གཞན་ཟེར་མིག་བསླད་པ། །
མངོན་པར་མཐོ་རློམ་ཕྱུགས་ཀྱིས་བཏེག་རྣམས་ཀྱིས། །
མཛད་པའི་ཆ་ཙམ་སྒྲོག་པའང་གད་མོར་ཟད། །

དེ་ཕྱིར་བདག་ནི་ཤེས་བཞིན་དད་པ་དང་། །
སངས་རྒྱས་ཀུན་དང་དབྱེར་མེད་ཁྱོད་འཁུམས་ནས། །
དགེ་མཚན་ཆོས་དོན་རྣམ་པར་སྒྲོགས་ཤིག་ཅེས། །
ཟོལ་མེད་སྙིང་ནས་དད་པས་ཕྱག་བྱེད་དོ། །
འཛམ་བུ་གླིང་གི་རྒྱན་དམ་པ་ཉི་ཟླ་ལྟར་གྲགས་པའི་རྗེ་བཙུན་དམ་པ་ས་སྐྱ་པཎྜི་ཏའི་ཞབས་ལ་བདག་སོགས་སེམས་ཅན་ཐམས་ཅད་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདུད་དང་གཤིན་རྗེའི་འཇིགས་ལས་བཟློག་ཏུ་གསོལ། ཐབས་དང་། སྐྱབས་དང་། དག་པ་ལས་བསླུ་བའི་མདའ་ལྔ་པའི་སྤྱོད་ཡུལ་ལས་བཟློག་ཏུ་གསོལ། ཉིད་ཀྱིས་ཇི་ལྟར་བརྙེས་པའི་ལམ་རྣམ་པར་གྲོལ་བའི་བདུད་རྩི་གནང་བར་མཛད་དུ་གསོལ། མངྒ་ལཾ།། །།