ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

༄༅། །སྲོང་བཙན་སྒམ་པོ་ལ་བསྟོད་པ།

སྤེལ་དུས 2023-05-31 ཡོང་ཁུངས། རྩོམ་པ་པོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།
ལེགས་བྱས་ལམ་བཟང་སྲོང་བའི་མངའ་བདག་རྗེ། །
ལུགས་གཉིས་བཀའ་ཁྲིམས་བཙན་པོའི་ར་བ་ལས། །
ཆབ་སྲིད་འདའ་བ་མ་ཡིན་མི་ཡི་དབང༌། །
བློ་གྲོས་གཏིང་དཔག་དཀའ་བས་སྒམ་པོ་ཡིན། །

མཁའ་ལ་ཉིན་བྱེད་ཤར་བའི་འོད་སྣང་གིས། །
འདབ་སྟོང་གེ་སར་འཛུམ་པའི་མདངས་བརྒྱ་སྦྱིན། །
ས་དབང་བཀའ་མཆིད་གཏམ་གྱིས་རབ་བསྐུལ་ཏེ། །
ཐུ་མིའི་སྙིང་སྟོབས་པདྨོ་ལྷག་པར་བཞད། །

ཧ་རི་ཙནྡན་ཚལ་ནས་འོངས་པའི་རླུང༌། །
གང་ཡང་བསུང་ཞིམ་དྲི་ཡི་ངད་ཀྱིས་བགོས། །
སྲོང་བཙན་མི་ཡི་དབང་པོས་བགྱི་བ་ཀུན། །
ཚུལ་བཟང་འཐད་པའི་ལས་ཀྱི་ལྷག་པར་བགོས། །

འདབ་ལྡན་ངང་པ་ཡོངས་ཀྱི་དེད་དཔོན་ནི། །
ཆུ་ཡི་གཏེར་ལས་འོ་མའི་བཅུད་བཟང་ལེན། །
ས་བདག་སྲོང་བཙན་སྒམ་པོའི་རྣམ་དཔྱོད་ཀྱིས། །
རིགས་དང་མི་རིགས་བརྟགས་ནས་རིགས་པ་སྒྲུབ། །

གཏིང་ཟབ་ཆུ་ཡི་ཕུང་པོའི་ཉེ་འགྲམ་ནི། །
ནོར་གཏེར་ནོར་བུའི་རྒྱལ་པོས་ཀུན་ནས་གཏམས། །
ས་སྐྱོང་མི་ཡི་བདག་པོའི་བློ་གྲོས་ནི། །
ཡོན་ཏན་བརྒྱ་ཕྲག་བརྒྱ་ཡིས་བསྲུང་བར་བྱས། །

མཁའ་ལ་ལྡིང་ཞིང་རྒྱུ་བའི་འཁོར་ལོ་ཅན། །
དེ་དག་པདྨའི་མཚོ་ལ་ཤིན་ཏུ་བསྟེན། །
ཤེས་རབ་འདབ་མ་རྒྱས་པའི་བློ་ལྡན་རྣམས། །
སྲོང་བཙན་མགོ་ནག་རྗེ་བོའི་མདུན་སར་འདུ། །

གསེར་རིའི་འཕྲེང་བ་དངར་བའི་དོ་ར་ན། །
བརྗིད་ལྡན་ལྷུན་པོའི་རྒྱལ་པོ་མཆོག་ཏུ་འཕགས། །
བློ་ཆེན་མཁས་པ་འབུམ་གྱི་གྲལ་དབུས་ན། །
སྲོང་བཙན་བསོད་ནམས་མཆོག་གི་བརྗིད་དང་ལྡན། །

མུ་མཐའ་གཞལ་དུ་ཡོད་མིན་ཀུན་གསལ་ལ། །
མཁའ་ལྡིང་ཤུགས་ཀྱིས་བགྲོད་ཀྱང་ཚད་བཟུང་མེད། །
ཟབ་ཡངས་བློ་གྲོས་མཆོག་མངའ་སྲོང་བཙན་ཐུགས། །
དཔའ་མཛངས་སྐྱེ་བོས་བརྟགས་ཀྱང་གཏིང་མི་དཔོག །

ཆུ་ཀླུང་ཇི་སྙེད་འབབ་པ་དེ་དག་ཀུན། །
ཕྱོགས་མཐའི་རྒྱ་མཚོར་གཞོལ་ཞིང་འབབ་པར་འགྱུར།།
སྲོང་བཙན་རྒྱལ་པོའི་མཛད་པ་ཇི་སྙེད་པ། །
བསྟན་དང་འགྲོ་བའི་དོན་ཕྱིར་གཞོལ་བར་གྱུར། །

འཛམ་གླིང་ལྗོན་ཤིང་མེ་ཏོག་འབྲས་བུའི་ཚོགས། །
ཀུན་ཀྱང་མ་དྲོས་མཚོ་ལས་བསྐྲུན་པ་ཡིན། །
གངས་ལྗོངས་ཐུབ་པའི་བསྟན་ལ་གང་གནས་པ། །
སྲོང་བཙན་སྨོན་ལམ་འཕྲུལ་ལས་ཉེ་བར་འོངས། །

ཆུ་སྤྲིན་སྟུག་པོར་བཀོད་པའི་ལྟོ་བ་ལས། །
ཆར་བསིལ་སྦྲང་རྩིའི་ཁང་བཟང་གསོས་སུ་འབེབས། །
སྲོང་བཙན་ཐུགས་བསྐྱེད་རླབས་ཆེན་སྒྱུ་འཕྲུལ་ལས། །
བདུད་རྩིའི་ཆོས་ཆར་སྐལ་བཟང་གསོས་སུ་འབེབས། །

ཚད་མེད་སྙིང་བརྩེས་བསྐྱངས་པའི་དྲིན་ཆེན་མས། །
བཏང་བྱས་བུ་སྡུག་སྐྱབས་དང་བྲལ་བ་བཞིན། །
གངས་ལྗོངས་བཀའ་དྲིན་མཚུངས་མེད་སྲོང་བཙན་གྱིས།།
རྗེས་བཟུང་སྐལ་བས་དམན་གྱུར་བདག་ཅི་བྱས། །

ཉིན་མོའི་དབང་ཕྱུག་ནུབ་གྱུར་དེ་མ་ཐག །
མི་སྲུན་འབྱུང་པོའི་བྱ་ཚོགས་དགའ་བར་གྱུར། །
སྲོང་བཙན་ཞི་བར་གཟིམས་ནས་བོད་ཁམས་ལྗོངས། །
བདུད་དཔུང་ལོག་པར་སྨྲ་བས་བཏབ་པར་འགྱུར། །

བསིལ་ལྡན་ཆུ་ཀླུང་རླན་དང་བྲལ་བ་ཡི། །
གསེར་མིག་གཞོན་ནུའི་སྡེ་ཚོགས་བདེ་མི་འགྱུར། །
བྱམས་ལྡན་སྲོང་བཙན་མགོན་དང་བྲལ་བ་ན། །
གངས་ལྗོངས་ཡིད་ཅན་བདེ་བས་ཕོངས་པར་གྱུར། །

གླིང་འདིར་ལོ་ཏོག་ཇི་སྙེད་སྨིན་གྱུར་པ། །
དེ་ཀུན་ཀླུ་ཡི་བདག་པོའི་དཔལ་ལས་འོང༌། །
ཕན་བདེའི་ལེགས་ཚོགས་ཇི་སྙེད་མཆིས་གྱུར་པ། །
སྲོང་བཙན་ཡེ་ཤེས་དཔལ་ལས་ཉེ་བར་འོང༌། །

མདོར་ན་ཟབ་མོའི་མདོ་སྡེ་ཟ་མ་ཏོག །
གང་ལས་གང་ཞིག་བསྟན་པའི་ཡོན་ཏན་ཚོགས། །
དེ་ཀུན་དེ་ཉིད་གཟིགས་པའི་སྲོང་བཙན་རྗེར། །
མངའ་བ་མ་ཡིན་ཆོས་འགའ་ཡོད་མ་ལགས། །

དེ་སླད་གངས་རིའི་ལྗོངས་ཀྱི་མགོན་པོ་གང༌། །
མི་འབྲལ་དང་བའི་ཡིད་ཀྱིས་བསྙེན་བྱས་ཏེ། །
བཀའ་དྲིན་འཁོར་མཐའ་མེད་པའི་སྲོང་བཙན་རྗེར། །
བསྟོད་ཚིག་མེ་ཏོག་དོག་པས་ཅུང་ཟད་བསྔགས། །
                                                 ཞེས་པའང་ཆོས་རྒྱལ་ཆེན་པོ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཅན་མདོ་ཁམས་ཀྱི་སྤྲང་ཕྲུག་འཇིགས་མེད་པས་སོ།། །།