ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

འཛིན་གྲྭའི་གཤིས་ཀ

སྤེལ་དུས 2023-09-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གནམ་ལྷ་བཀྲ་ཤིས།
                                     
༄༅། །འཛིན་གྲྭའི་གཤིས་ཀ  
བློ་བཟང་ཐུབ་པའི་བཤ༵ད་སྒྲུབ༵་ཀྱི།།
ལེགས་བཤད་སྨྲ་བའི་མགྲིན་པ་ཅན།།
གདུལ་བྱ་རྒྱ༵་མཚོ༵་སྐྱོང་མའི་མགོན།།
བཤེས་གཉེན་སྨྲ་བའི་ཟླ་བ་རྒྱལ།།
བྱིན་རླབས་འོད་དཀར་འཐུང་བའི་ཚོགས།།
བགྲང་བྱ་བཞི་བཅུར་སོན་པའི་དུས།།
ཕ་བཟང་དྲན་པའི་མཆོད་སྤྲིན་དུ།།
སྙིམ་པའི་མེ་ཏོག་གང་བུ་རྩེག།
མཁས་པས་གནས་ལྔ་ཁོང་དུ་ཆུད།།
བཙུན་པས་འདུལ་འཛིན་གྲགས་པའི་ཟླ།།
བཟང་བས་བྱམས་བརྩེ་མ་མ་བཞིན།།
ཡོན་ཏན་རྒྱ་མཚོའི་གཏེར་དེ་དྲན།།
འཆད་པ་ལེགས་འདོམས་ལྷ་ཡི་རྔ།།
རྩོད་པ་ཕྱོགས་གླང་ཆོས་གྲགས་བཞིན།།
རྩོམ་པ་དབྱངས་ཅན་ཞུམ་པའི་ངག།
མཁས་བའི་ཁྱུ་མཆོག་གང་དེ་དྲན།།
                           
ལུས་ལ་ཡ་ཡོ་མི་འཚམ་མེད།།
ངག་ལ་གྱ༷་གྱུའི་འཁྲུལ་བ་བྲལ།།
ཡིད་ནས་དུས་གསུ༷མ་བརྗེད་པ་མེད།།
འཛིན༷་གྲྭ༷འི་སྤྲོ་ཚོགས་ཁྱོད་ཀྱི་དྲིན།།
ཁྱེད་ཀྱི་བདེན་པའི་བྱིན་འཐུང་བའི།།
ལུས་སེམས་ལྕགས་སྲོག་བརྙེས་པའི་ཚོགས།།
མཛའ་བ་མི་ལྷོད་སྙིང་གི་ཟླ།།
མཐུན་སྒྲིལ་ཨ་ལུང་གཅིག་ཏུ་སྒྲིལ།།
དང་པོ་ལོག་དཀར་ཞིང་ལ་དགྱེས།།
བར་དུ་ཚོན་པོ་ཤ་ལ་རྔམ།།
ཐ་མ་དགྱེས་འཛོམ་གར་ལ་སྤྲོ།།
གཞན་མེད་འཛིན་གྲྭའི་དགའ་ཕྱོགས་ཡིན།།
བསྡད་ན་མི་འདུས་མི་གཅིག་མེད།།
སྒྲུབ་ན་མི་འགྲུབ་བྱ་བ་མེད།།
བྱ་བརྒྱ་འུར་རྡོ་གཅིག་ཆོད་འདི།།
གྱ་གསུམ་དང་པོའི་ཁྱད་ཆོས་ལགས།།
                      
ཆོས་ཁྲིམས་མི་སྲུང་དགེ་སྦྱོང་མེད།།
དམངས་སེམས་དཀྲུགས་པའི་གཞུང་ཞབས་མེད།།
སློབ་མར་མི་བྱམས་དགེ་རྒན་མེད།།
གྱ་གསུམ་དང་པོའི་རང་གཤིས་ལགས།།
མཁས་པ་མི་དགྱེས་བརྩམས་ཆོས་མེད།།
མང་ཚོགས་མི་དགྱེས་ལས་བྱེད་མེད།།
བཟའ་ཟླར་མི་བྱམས་བཟའ་ཚང་མེད།།
གྱ་གསུམ་དང་པོའི་རང་ཚུགས་ཡིན།།
                      
དགའ་ན་གླུ་གར་མི་མཁྱེན་མེད།།
སྡུག་ན་འཚམ་འདྲིར་མི་ཡོང་མེད།།
བཤད་ན་གཞན་སེམས་མི་སྒུལ་མེད།།
གྱ་གསུམ་དང་པོའི་དགའ་ཕྱོགས་ཡིན།།
ལྟ་བ་བླ་མའི་གསུང་ལ་འཛིན།།
སྒོམ་པ་དམངས་ཀྱི་བདེ་སྡུག་སེམས།།
སྤྱོད་པ་ཁྲིམས་མཐུན་ལས་ལ་གཞོལ།།
གྱ་གསུམ་དང་པོའི་ལག་ལེན་ཡིན།།
མཐོ་ལ་མི་རྒྱུགས་རང་ཚུགས་བརྟན།།
དམའ་ལ་མི་སྡང་མི་གཤིས་ལེགས།།
བར་མར་འདྲིས་པས་ལག་ལྡང་སྦྲེལ།།
གྱ་གསུམ་དང་པོའི་གཤིས་ཀ་ལགས།།
དེ་ཡང་མཚོ༷་ལྷོ༷འི་མི༷་རིག༷ས་ཀྱི།།
དགེ༷་ཐོན༷་རིག་པའི་སློ༷བ་གྲྭ༷་ཞེས།།
ཕྱི་ནང་ཤེས་བྱའི་ཁོ་ལག་རྒྱས།།
འབྲས་བཟང་དུད་པའི་ཡོངས་འདུས་ལྗོན།།
རྒྱ་ཆེན་ཤེས་བྱའི་གནད་གཟིགས་པའི།།
རྒྱུ་སྐར་དབུས་སུ་ཟླ་བ་བཞིན།།
ལེགས་བཤད་འོད་དཀར་འཇོ་བ་ཅན།།
དྲན་དབང་བྱེ་བ་མཁའ་ཡི་རྒྱན།།
གང་དེས་ལེགས་པར་བསྐྱངས་པའི་སྡེ།།
འཛིན་གྲྭ་བརྒྱ་སྟོང་འཕེལ་ན་ཡང་།།
ཨ་སྨྲའི་འབྲས་བཟང་སྨིན་པ་ཅན།།
གྱ་གསུམ་དང་པོ་འདི་ཞེས་གྲགས།།

མདོར་ན་ལེགས་ཚོགས་ཇི་སྙེད་ཀུན།།
བླ་མའི་དྲིན་དུ་མཐོང་བའི་ཚེ།།
ལོ་ངོ་བཞི་བཅུའི་འདུས་འཛོམས་ཀྱི།།
དགྱེས་སྟོན་སྤྲོ་དགའི་མེ་ཏོག་བཞད།།
འཇམ་དབྱངས་བྱིས་པ་སྐྱོང་བའི་ཕ།།
ཆོས༵་རྗེ༵་དོ༵ན་གྲུབ་རིན༵་པོ༵་ཆེ༵འི།།
སྒྲུབ་གནས་བྱ༵་རྒྱལ་ཁྱུང༵་གི་གཤོག།
ལེགས་པར་བརྐྱངས་འདྲའི་ཐུལ་འོག་ཏུ།།
རྨ་ཀླུང་གཡུ་མཚོའི་མཆོད་ཡོན་ཅན།།
ཆལ་ཆིལ་རླབས་ཀྱི་ཟློས་གར་གྱིས།།
རིགས་བརྒྱའི་མིག་ཟུང་འཕྲོག་པའི་གནས།།
                      
ཀ༷་དག༷་གཞི༷ས་ཀ༷འི་སྐྱེད་ཚལ་གྱི།།
རང་སྤྱིལ་རིག་པའི་གུར་ཁང་དུ།།
ཀུན་རྟོག་རླུང་རླབས་གཡོས་དང་ལྷན།།
དབྱངས་ཅན་སོར་རྩེར་ཁྱུད་པའི་ཟོལ།།
མེ་ནཱ་ཀ་ཡི་་གར་འདི་བསྒྱུར།།
དགེ་འདིས་བླ་མའི་དྲིན་གཟོ་དང་།།
གྲོགས་ཀུན་མཐུན་འགྲིག་མཉམ་སྤྲོ་བཅས།།
ཕུན་ཚོགས་ཡར་ཟླའི་དཔལ་ལ་བཞིན།།
ལེགས་ཚོགས་འཕེལ་བའི་རྒྱུར་གྱུར་ཅིག།
          ཅེས་བླ་མ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དྲན་པའི་སྒོ་ནས་གྱ་གསུམ་འཛིན་གྲྭ་དང་པོ་མཐར་ཕྱིན་ཏེ་ལོ་ངོ་༤༠་ལོན་པའི་སློབ་གྲོགས་ལྷན་འཛོམ་ལ་ཕུལ་བའི་འཛིན་གྲྭའི་གཤིས་ཀ་ཞེས་པའི་སྙན་རྩོམ་འདི་ཡང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་བ། འཛིན་གྲྭའི་སློབ་གྲོགས་ཀྱི་མིང་འཛིན། གྱི་ན་བ་ཕྲན་གནམ་ལྷ་བཀྲ་ཤིས་ཀྱིས་གཅན་ཚའི་བྲག་ཁང་སྣ་ཁའི་དགུ་རོང་མཆོག་སྤྲུལ་ཚང་གི་གཞིས་ཀའི་མགྲོན་ཁང་དུ། སྤྱི་ལོ་༢༠༢༣་ལོའི་ཧོར་ཟླ་༧ཚེས་༤་སྤྱི་ཟླ་༨་ཚེས་༡༩་ཞོགས་དུས་ཉི་གསར་འཆར་བ་དང་མཉམ་དུ་ལེགས་པར་སྨོན་པ་དགེའོ།།