ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་རང་སྐྱོང་ལྗོངས་ཀྱིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དབྱེ་བཤེར་དང་སྐྱོབ་བཅོས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ།

སྤེལ་དུས 2021-10-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ལྷན་སྐྱེས་སྙིང་ནད་ནི་ཕྲུ་གུ་དམར་འབྱར་གྱི་རྒྱུན་མཐོང་གི་སྙིང་ནད་ཅིག་རེད། བོད་རང་སྐྱོང་ལྗོངས་ལ་ས་མཐོའི་གསོ་རླུང་མི་འདང་བ་སོགས་ས་ཁམས་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་ནས་ལྷན་སྐྱེས་སྙིང་ནད་ཕོག་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། འདི་ལོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ཀྱི་ལས་དོན་ཏན་ཏིག་བསྒྲུབ་རྒྱུ”དེ་དམངས་འཚོའི་བྱ་བ་དངོས་13གྱི་གྲས་ཤིག་ལ་བརྩིས་ཡོད། གྲོང་ཁྱེར(ས་ཁུལ)ཁག་གིས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ལས་དོན་ཤུགས་ཆེན་སྤེལ་བས། མིག་སྔར་དབྱེ་བཤེར་དང་སྐྱོབ་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་གྲས་ཤིག་ཏུ་བརྩིས་ཚུན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་མར་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་ལོ་འཁོར་གྱི་ལས་ཀའི་བརྡ་ཐོ་བཀྲམ་ནས་གྲོང་ཁྱེར(ས་ཁུལ)ཁག་གིས་ལྗོངས་ཡོངས་སུ་གནས་པའི་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་གནས་ཚུལ་ལ་གསེད་དཀྲོལ་བསྡོམས་རྩིས་རྒྱག་རྒྱུའི་སྒྲིག་འཛུགས་བྱས་པས། གནས་ཚུལ་གསལ་པོ་རྟོགས་ཡོད། གྲོང་ཁྱེར(ས་ཁུལ)ཁག་གི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྱང་བླང་བྱ་ལྟར་2021ལོའི་ལོ་འཁོར་གྱི་ས་གནས་ཀྱི་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ལས་དོན་གྱི་ཇུས་གཞི་བཟོས་པ་རེད།
          མིག་སྔའི་བར་བོད་ཀྱིས་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་188ལ་སྨན་བཅོས་བྱེད་འགོ་ཚུགས་པའི་ནང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ལོ་0ནས་18བར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་དོགས་ཡོད་ནད་པར་བསྐྱར་དུ་ལེབ་བཤེར་རྣམ་པའི་དབྱེ་བཤེར་ལས་དོན་སྤེལ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནད་གཞིའི་གནས་ཚུལ་ལ་གཞིགས་ནས་ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པ་58དང་དེ་བཞིན་དབྱེ་བཤེར་ཐོག་མར་བྱས་པའི་བྱིས་པ་44ལ་གཅིག་གཏད་གཅིག་གི་སྐྱོབ་བཅོས་ཀྱི་ཇུས་གཞི་བཟོས་པ་དང་། ད་དུང་ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པ་10ཉེ་ཆར་ལྗོངས་ཕྱིའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད་པ། ཆབ་མདོ་གྲོང་ཁྱེར་གྱི་གཤག་བཅོས་བྱེད་དགོས་པའི་བྱིས་པ་27ཁ་གཏད་བོད་སྐྱོར་གྱི་ཐེན་ཅིན་གྲོང་ཁྱེར་དང་ཁྲུང་ཆིང་གྲོང་ཁྱེར་དུ་ཁྲིད་དེ་སྐྱོབ་བཅོས་ལས་དོན་སྤེལ་བ། ཉིང་ཁྲི་གྲོང་ཁྱེར་གྱིས་ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པ་7ལ་ཟླ་10པའི་ཟླ་སྟོད་དུ་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་རྩིས་ཡོད་པ། ལྷོ་ཁ་གྲོང་ཁྱེར་གྱིས་གཤག་བཅོས་བྱེད་དགོས་པའི་བྱིས་པ་13སྒྲིག་འཛུགས་བྱས་ནས་ཟླ་9པར་ཁག་གཉིས་ལ་དབྱེ་ནས་ཁ་གཏད་བོད་སྐྱོར་གྱི་ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་དུ་ཁྲིད་དེ་སྨན་རིན་མི་དགོས་པར་སྐྱོབ་བཅོས་ལས་དོན་སྤེལ་བ། ནག་ཆུ་གྲོང་ཁྱེར་གྱིས་བྱིས་པ་ནད་པ་102ལ་སྐྱོབ་བཅོས་བྱེད་པའི་ལས་དོན་སྤེལ་བ། མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཧྲང་ཧའེ་ཡོན་ཏཱ་སྙིང་ཁོག་སྨན་ཁང་དབར་དབྱེ་བཤེར་དང་དེ་བཞིན་ནད་གཞི་གཏན་འཁེལ་བྱུང་བར་རིན་མེད་སྐྱོབ་བཅོས་བྱེད་པའི་ལས་དོན་སྤེལ་རྒྱུའི་གན་རྒྱ་བཞག་པ་རེད།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཁྲུའི་ཁྲུའུ་ཀྲང་ལིའུ་ཀྲུང་གིས། གོམ་སྟབས་རྗེས་མར་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ཀྱི་དམངས་འཚོའི་འདུ་འགོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ལས་དོན་ཤུཌ་ཆེན་སྤེལ་རྒྱུ་ཡིན་ཞེས་བཤད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། དམངས་སྲིད་ཐིང་། སྨན་བཅོས་འགན་བཅོལ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཁྲོད་2021ལོར་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་སྐྱོབ་བཅོས་ལས་དོན་ཏན་ཏིག་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2021ལོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ལྗོངས་ཕྱི་ནང་གི་གནས་གཏན་འཁེལ་གྱི་སྨན་ཁང་དང་། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི། སྐྱོབ་བཅོས་ཀྱི་བརྒྱུད་རིམ། སྨན་བཅོས་ཀྱི་འགྲོ་གྲོན་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་སྔར་བས་གསལ་པོ་བཟོས་ཏེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྔར་བས་མང་བ་ལྗོངས་ནང་ཁུལ་ནས་སྐྱོབ་བཅོས་གང་ཐུབ་བྱས་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་བརྙན་པར་ནད་དཔྱད་སོགས་འབྲེལ་ཡོད་ཆེད་ལས་སྨན་དོན་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ཡོད་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་བྱིས་པ་ནད་པར་ནད་དཔྱད་གང་ཐུབ་ཡོང་བ་བྱས་པ། ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པའི་ཁྱིམ་ཚང་ལ་འཚམས་འདྲིའི་ལམ་སྲོལ་བཙུགས་ཏེ་ཆ་རྐྱེན་ཡོད་པའི་གྲོང་ཁྱེར(ས་ཁུལ)དང་ཆུས(རྫོང)ཀྱིས་ལག་ཐོགས་ཁ་པར་གྱི་APPདང“ངེས་གནས་དང་མིའི་ངོ་རིས་དབྱེ་འབྱེད”སོགས་སྔོན་ཐོན་ལག་རྩལ་སྤྱད་དེ་དུས་བཀག་བཞིན་སྒོ་རྩར་ཞབས་འདེགས་ཞུས་ནས་ག་དུས་ཡིན་ཡང་འདྲི་རྩད་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གི་དགེ་སྒྲུབ་རྩ་འཛུགས་ཀྱིས་སྤྲད་པའི་མ་དངུལ་དང་དེ་བཞིན་མི་སྣའི་རྒྱབ་སྐྱོར་མཐུན་སྦྱོར་བརྩོན་ལེན་བྱས་པས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་ཞུགས་པའི་རྣམ་པ་བཟང་པོ་ཆགས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།