ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བདེ་ཐང་གསལ་འདེབས།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཟླ10པའི་ཚེས17ཉིན། ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱིས་ཞིང་ཆེན་ཕྱིའི་ཡུལ་སྐོར་བར་ཉིང་སྐྱུར་བརྟག་དཔྱད་བྱས་པར་མཇུག་འབྲས་གདགས་གཤིས་མངོན་པའི་ནད་པ2སྤྱི་བསྒྲགས་བྱས་ཤིང་། ནད་པ་དེ་གཉིས་སྔ་ཕྱིར་ཀན་སུའུ་ཀྲང་ཡེ་དང་ཅཱ་ཡུས་ཀོན། ནང་སོག་ཨ་ལག་ཤ   ཧྲན་ཞི་ཞི་ཨན་སོགས་ལ་ཡུལ་སྐོར་ཏུ་ཕྱིན་མྱོང་ཡོད། ཕྱི་རིམས་ནང་འགོས་ལ་འགོག་ཟོན་ནན་མོ་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི“ཕྱི་རིམས་ནང་འགོས་དང་ནང་རིམས་ལྡོག་མཆེད”ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ལས་དོན་ལེགས་པོར་སྒྲུབ་ནས། རིམས་ནད་ནང་འགོས་ཀྱི་ཉེན་ཁ་འགོག་ཟོན་དང་ཇེ་དམའ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བཏང་བའི་ཛ་དྲག་གི་གསལ་འདེབས་གཤམ་གསལ་ལྟར།
            གཅིག རང་རྟོགས་ཀྱིས་སྙན་ཞུ་ཐོ་འགོད་བྱེད་པ། ཟླ10པའི་ཚེས2ཉིན་གྱི་ཚུན། ཀན་སུའུ་ཀྲང་ཡེ་དང་ཅཱ་ཡུས་ཀོན་གྲོང་ཁྱེར། ནང་སོག་ཨ་ལག་ཤ ཧྲའན་ཞི་ཞི་ཨན་གྲོང་ཁྱེར་བཅས་ནས་ཕྱིར་མཚོ་སྔོན་དུ་ལོག་པའམ་མཚོ་སྔོན་ལ་ཡོང་བའི་ཡུལ་སྐོར་པ་ཡོད་ན། དུས་ཚོད་དམ་འཛིན་སྒོས་རང་ཉིད་སྡོད་སའི་སྡེ་ཁུལ(སྡེ་བ)དང་ལས་ཁུངས། མགྲོན་ཁང་སོགས་ནས་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཐོ་འགོད་བྱ་དགོས་པར་མ་ཟད། སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱས་ཏེ། རིམས་འགོག་བྱེད་ཐབས་ལ་རམ་འདེགས་བྱ་དགོས།
            གཉིས། འགོག་ཟོན་འདུ་ཤེས་ལ་ཤུགས་སྣོན་པ། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་དང་རིམས་ནད་གནས་ཚུལ་ལ་དོ་ཁུར་བྱས་ཏེ། རབ་ཡིན་ན་རིམས་ནད་འབྱུང་ཡུལ་ས་ཁུལ་ལ་མ་སོང་ན་ལེགས། དེ་དང་མཉམ་དུ། དཀྲོག་གཏམ་ལ་མི་ཉན་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་བཅས་ཀྱི་སྒོ་ནས། རིམས་ནད་འགོག་ཟོན་གྱི་འགན་འཁུར་དང་འོས་འགན་ནན་གྱིས་ལག་བསྟར་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས།
            གསུམ། སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་པ། མི་ཚོགས་འདུ་གནས་དང་མཁའ་དབུགས་མི་རྒྱུ་སར་རང་དགར་མི་འགྲོ་བ། འདུས་སྡོད་དང་འདུ་འཛོམས་མི་བྱེད་པ། གཞི་རྒྱ་ཆེ་བའི་འདུ་འཛོམས་བྱ་འགུལ་ལ་མི་ཞུགས་པ། རང་ཁྱིམ་ནས་ལོགས་བཀར་བྱས་པའི་མི་སྣ་དང་མི་འགྲོགས་པ། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྒྱུན་འཁྱོངས། ཚུལ་ལྡན་གྱིས་ཟ་མ་ཟ་བ། སྨི1གི་བར་ཐག་བརྩི་སྲུང་བྱེད་པ། ཁང་བའི་ནང་རྒྱུན་པར་རླུང་རྒྱུ་བ་དང་དུག་སེལ་བྱེད་པ། གང་འདོད་དུ་ཁ་ལུད་མི་འཕེན་པ། གློ་ལུ་དང་ཧབ་སྦྲིད་རྒྱག་སྐབས་ཁ་སྣར་ལག་པས་འགེབ་པ་བཅས་ལ་མཉམ་འཇོག་བྱ་དགོས།
            བཞི། རང་གི་བདེ་ཐང་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པ། གལ་སྲིད་ཚ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཐང་ཆད་པ། སྣ་འཚུབ་པ། སྣ་ཆུ་འཛག་པ། མིད་པ་ན་བ། སྣ་དབང་ཉམས་པ། མིག་འབྲས་ལ་གཉན་ཚད་རྒྱས་པ། ཤ་སྒྲིམ་ན་བ། ཁོག་པ་བཤལ་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཚད་ལྡན་གྱིས་སྨན་བཅོས་བྱ་དགོས། དེ་མིན་སྨན་བཅོས་བྱེད་དུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་ཤིང་། སྤྱི་སྤྱོད་རླངས་འཁོར་ལ་སྡོད་མི་རུང་། སྨན་བཅོས་བྱེད་སྐབས་འགྲོ་འོང་ལམ་ཐིག་དང་གནས་ཚུལ་རང་རྟོགས་སྒོས་སྙན་ཞུ་བྱ་དགོས།
            ལྔ། པྲོག་གསར་འགོག་ཁབ་རྒྱག་པ། པྲོག་གསར་འགོག་ཁབ་རྒྱག་རྒྱུ་ནི་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ཆེས་བདེ་འཇགས་དང་ཕན་ནུས་ཆེས་ཆེ་བའི་བྱེད་ཐབས་ཤིག་ཡིན་པས། འགོག་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་ལོ12ཡན་ལ་སོན་པའི་མང་ཚོགས་ཀྱིས་པྲོག་གསར་འགོག་ཁབ་རྒྱག་དགོས།
            དྲུག མགྲོན་ཁང་དང་གསོལ་མགྲོན་ཁང་གི་དོ་དམ། ཞིང་ཆེན་ཡོངས་ཀྱི་མགྲོན་ཁང་དང་གསོལ་མགྲོན་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་ཀྱིས་འགྲུལ་པའི་ལུས་དྲོད་འཇལ་བ་དང་བདེ་ཐང་རྩ་གཉིས་ཨང་བཤེར་དང་ལམ་ཐིག་ཨང་བཤེར་བཅས་ལ་ངེས་པར་དུ་ཞིབ་བཤེར་བྱ་དགོས་ཤིང་། རིམས་ནད་ཀྱི་ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས། དེ་བཞིན་རིམས་ནད་བྱུང་སའི་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ལོག་པའམ་མཚོ་སྔོན་ལ་ཡོང་བའི་ཡུལ་སྐོར་པ་ཡོད་ཚེ། དུས་ཚོད་དམ་འཛིན་སྒོས་རང་ཉིད་སྡོད་སའི་སྡེ་ཁུལ(སྡེ་བ)ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཐོ་འགོད་བྱ་དགོས་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱེད་ཐབས་ལ་རམ་འདེགས་བྱ་དགོས།
            བདུན། གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས། རླངས་འཁོར་ས་ཚུགས་སོགས་ནས་ཞིབ་བཤེར་དོ་དམ་ལ་ཤུགས་བསྣན་ཏེ། ལུས་དྲོད་འཇལ་བ་དང་བདེ་ཐང་རྩ་གཉིས་ཨང་བཤེར། ལམ་ཐིག་ཨང་བཤེར་བཅས་ལ་ཞིབ་བཤེར་བྱ་དགོས་ཤིང་། བྱེད་ཐབས་སྣ་མང་སྤྱད་ནས་རིམས་ནད་ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ལོག་པའམ་མཚོ་སྔོན་ལ་ཡོང་བའི་ཡུལ་སྐོར་པས་རང་རྟོགས་སྒོས་སྙན་ཞུ་བྱེད་དགོས་པར་གསལ་འདེབས་བྱ་དགོས།
            བརྒྱད། ཁྲིམས་ལུགས་ཀྱི་འགན་འཁུར། སྦ་གསང་དང་སྙན་ཞུ་རྫུས་མའམ་འགོག་ཟོན་བྱེད་ཐབས་གཏན་འབེབས་ལྟར་དོན་འཁྱོལ་མ་བྱས་པར་པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་མཇུག་འབྲས་ཚབས་ཆེན་གཞན་དག་བྱུང་ཚེ་ཁྲིམས་ལྟར་འགན་འཁུར་དགོས།
མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས།
2021ལོའི་ཟླ10པའི་ཚེས18ཉིན།