ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

རྫོང་མཁར་ཡོངས་སུ་ཚོད་འཛིན་འདི་མེད་པར་བཟོ་རྒྱུ་རེད།

སྤེལ་དུས 2022-05-09 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
     ཉེ་ཆར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། རྫོང་མཁར་གྱི་འཕེལ་རྒྱས་ཐད་བླང་བྱ་གསར་པ་གལ་ཆེན་འདི་དག་ཡོད།
  རྫོང་མཁར་དུ་ཐེམ་ཐོ་འགོད་པའི་ཚོད་འཛིན་མེད་པར་བཟོ་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།
  《བསམ་འཆར》ནང་བླང་བྱ་དོན་དོན། ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྫོང་མཁར་དུ་ཐེམ་ཐོ་འགོད་པའི་ཚོད་འཛིན་མེད་པར་བཟོ་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཞུགས་དང་འཚོ་བ་རོལ་བའི་ཕྱི་ཡོང་མི་འབོར་དང་། ས་གནས་དེ་གའི་ཞིང་ལས་སྤོ་སྒྱུར་མི་འབོར་ལ་ཐེམ་ཐོ་འགོད་པར་ལྟ་སྟངས་གཅིག་འདྲ་འཛིན་རྒྱུ་འགན་ལེན་བྱེད་དགོས། ཐེམ་ཐོ་གསར་དུ་བཀོད་པའི་མི་འབོར་དང་རྫོང་མཁར་གྱི་གྲོང་མིར་འདྲ་མཉམ་གྱི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ནས། གླ་རྒྱག་ཞིང་པ་སོགས་ཐེམ་ཁོངས་སུ་ཚུད་མེད་པའི་རྒྱུན་སྡོད་མི་འབོར་གྱིས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་འགན་ལེན་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
  ཁེ་ལས་ཀྱིས་གླ་རྒྱག་ཞིང་པར་ལས་བཟོ་པའི་རྒན་གསོ་དང་། སྨན་བཅོས། ལས་རྨས། ལས་ཤོར། བུ་བཙའ་སོགས་སྤྱི་ཚོགས་ཀྱི་འགན་བཅོལ་བྱེད་དངུལ་འཇལ་བའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྐབས་བསྟུན་ལས་ཞུགས་གླ་རྒྱག་ཞིང་པ་གཏན་འབེབས་ལྟར་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན་ལུགས་མཐུན་བྱ་དགོས། གྲོང་ཁྱེར་དུ་ཐེམ་ཐོ་བཀོད་པའི་ཞིང་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་ཁྲིམས་ལྟར་འགན་སྲུང་དང་། དེས་བཅའ་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་གོང་གསལ་ཁེ་དབང་བཤུག་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས།
  གྲོང་ཁྱེར་ཆེན་པོའི་མཐའ་འཁོར་གྱི་རྫོང་མཁར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།
  《བསམ་འཆར》ནང་བཏོན་དོན། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཚོམས་ཀྱི་ཁྱབ་ཁོངས་སུ་གནས་པའི་རྫོང་མཁར་ཉེ་འཁོར་གྱི་གྲོང་ཁྱེར་ཆེ་གྲས་དང་འདྲེས་ནས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། རང་འགུལ་ངང་མི་འབོར་དང་། ཐོན་ལས། བྱེད་ནུས་བཅས་དང་ལྷག་པར་དུ་སྤྱིར་བཏང་རང་བཞིན་གྱི་བཟོ་སྐྲུན་ལས་རིགས་དང་། ས་ཁོངས་རང་བཞིན་གྱི་ཟོག་འདྲེན་རྟེན་གཞི། ཆེད་ལས་ཁྲོམ་ར། གཅིག་སྡུད་ཆེ་དྲགས་པའི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཅས་ཁ་འགྲེམ་པ་དང་སྤོ་སྒྱུར་དང་ལེན་བྱེད་པ་དང་། འགྲིམ་འགྲུལ་མགྱོགས་མྱུར་སྦྲེལ་མཐུད་བྱ་རྒྱུར་ཤུགས་བརྒྱབ་སྟེ། ཉེ་འཁོར་གྱི་གྲོང་ཁྱེར་ཆེ་གྲས་དང་ལས་ཀར་ཞུགས་པར་སྟབས་བདེ་དང་། བྱེད་ནུས་གསབ་རེས། ཐོན་ལས་ལེ་ལག་ཚང་སྒྲིག་བཅས་ཀྱི་འཁོར་སྐར་ལྟ་བུའི་རྫོང་མཁར་དུ་འགྱུར་བར་འཕེལ་རྒྱས་གཏོང་དགོས།
  མི་འབོར་ཤོར་བའི་རྫོང་མཁར་ལ་རིམ་སྤོར་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ། 
  《བསམ་འཆར》ནང་ད་དུང་ཁ་གསལ་བཏོན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་རྣམ་པར་ཟུང་འབྲེལ་བྱས་ཏེ། མི་འབོར་ཤོར་བའི་རྫོང་མཁར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཕར་ཚད་དང་བསགས་འབོར་གང་འགབ་ཅི་སྤྱོད་བྱེད་པར་ཚོད་འཛིན་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། མི་འབོར་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་འོས་འཚམ་ངང་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་སྐྱོབ་རོགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེ་འགྲམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཟང་ཆ་ལྡན་པའི་ས་ཁོངས་སུ་གོ་རིམ་ལྡན་པའི་སྒོ་ནས་མི་འབོར་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ། ཆ་རྐྱེན་འཛོམས་པའི་ཐོན་ཁུངས་སྟོངས་ཟད་རྫོང་མཁར་དུ་ཚབ་བྱེད་ཐོན་ལས་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བཅས་བྱ་དགོས།
  རྫོང་མཁར་འཛུགས་སྐྲུན་གྱི་རྒྱུན་ལྡན་ས་ཆའི་དགོས་མཁོར་འགན་ལེན་བྱེད་དགོས།
  《བསམ་འཆར》ནང་བཏོན་དོན། ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་ལམ་སྲོལ་འཛུགས་དགོས། གསོག་འབོར་ཕན་འབྲས་ཞན་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཡང་བསྐྱར་གསར་སྤེལ་བྱེད་པར་ཤུགས་སྣོན་དང་། གསར་དུ་འཕར་སྣོན་བྱུང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་གཞིའི་དམིགས་ཚད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རྫོང་མཁར་འཛུགས་སྐྲུན་བྱེད་པར་མཁོ་བའི་ས་ཆ་རྒྱུན་ལྡན་ཅན་དུ་སྤྱོད་པར་འགན་སྲུང་བྱ་དགོས། ས་ཆ་གྲོན་ཆུང་ཅན་དང་དམ་ཚགས་ཅན་གྱི་ལས་ཆོད་ཆེ་བའི་གསར་སྤེལ་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྲོམ་ར་རིམ་པ་གཉིས་པ་ཚད་ལྡན་དུ་གཏོང་དགོས། ཡུན་རིང་བོགས་མར་གཏོང་བ་དང་། སྔོན་ལ་བོགས་མར་གཏོང་བ་དང་རྗེས་སུ་བཤུག་སྤྲོད་གཏོང་བ། ལོ་རེར་སྟབས་བསྟུན་གྱིས་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཟོ་ལས་ལ་མཁོ་བའི་ས་ཆ་མཁོ་འདོན་བྱེད་པར་བསྔགས་སྐུལ་བྱས་ནས། ད་ཡོད་ཀྱི་བཟོ་ལས་ལ་མཁོ་བའི་ས་ཆའི་ཤོང་ཚད་དང་སྡེ་ཚན་གྱིས་སྤྱོད་པའི་ས་ཆའི་རྒྱ་ཁྱོན་གྱི་ཐོན་ཚད་མཐོ་རུ་གཏོང་དགོས།
  གཞན་ཡང་། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གྲོང་གསེབ་ཀྱི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་བརྟན་ཞིང་གོ་རིམ་ལྡན་པའི་ངང་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས།