ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

སྡེ་དགེ་རྫོང་དུ་འཆི་གསོན་ལ་ཐུག་པའི་མྱུར་སྐྱོབ་ཅིག་བྱས་འདུག

སྤེལ་དུས 2022-11-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    འཆི་གསོན་ལ་ཐུག་པའི་མྱུར་སྐྱོབ་ཐེངས་གཅིག་གིས་ཚེ་རིང་ལྷ་མོ་འཆི་བདག་གི་ཞགས་པ་ལས་ཐར་ཐུབ་ཡོད་པ་སྟེ། ཀྲེ་ཅང་ཞིང་ཆེན་ཧྥུའུ་དབྱང་ཆུས་ཀྱི་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་པ་དང་གཟའ་འཁོར་གཉིས་རིང་སྨན་ཁང་དུ་བསྡད་ནས་ལུས་གསོ་བྱས་པ་བརྒྱུད་ཉེ་ཆར་བགྲེས་སོང་ཚེ་རིང་ལྷ་མོ་སྨན་ཁང་ནས་དོན་ཐུབ་ཡོད་པ་རེད།
  “ཏིང་ཏིང་་་”ཞེས་ཁ་པར་གྱི་དུང་སྒྲ་བར་མེད་གྲགས་པ་དང་བསྟུན་ནས་དགོང་ཟས་ཟ་བཞིན་པའི་ཀྲེ་ཅང་ཧྥུའུ་དབྱང་གི་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་སྨན་པ་ཝང་ཡུས་ལམ་སེང་ཟ་ཁང་ནས་ཐོན་ཏེ་བྲེལ་བྲེལ་འཚུབ་འཚུབ་ངང་སྡེ་དགེ་རྫོང་མི་དམངས་སྨན་ཁང་དུ་བསྐྱོད་དགོས་བྱུང་། སྡེ་དགེ་རྫོང་མི་དམངས་སྨན་ཁང་དུ་ནད་པ་ཚེ་རིང་ལྷ་མོར་སྲོག་ཉེན་འཕྲད་དེ་གནས་ཚུལ་ཧ་ཅང་ཛ་དྲག་པའི་གནས་སུ་གྱར་ཡོད།

  ཚེ་རིང་ལྷ་མོ་ནི་ལོ་ན་བགྲེས་པའི་བགྲེས་སོང་ཞིག་ཡིན་ཞིང་། ཁོང་གིས་རྩམ་པ་རྙིང་པ་བཟས་པས་གློ་བུར་དུ་གྲོད་པ་ན་བ་དང་གྲོད་པ་བཤལ་ནས་ཆུ་ཚོད་10ལྷག་ཙམ་སོང་ཡོད་པ་དང་། དཔལ་ཡུལ་རྫོང་ནས་ཆེད་མངགས་སྡེ་དགེ་རྫོང་དུ་སྨན་པ་བསྟེན་པར་ཡོང་ཡོད། མྱུར་སྐྱོབ་ཚན་ཁག་ཏུ་འབྱོར་རྗེས། ཀྲེ་ཅང་ཧྥུའུ་དབྱང་གི་སི་ཁྲོན་དུ་རོགས་སྐྱོར་བྱེད་མཁན་སྨན་པ་ཉི་ཅན་མིང་གིས་ཚོགས་པའི་སྣེ་ཁྲིད་དེ་སྲོག་སྐྱོབ་སྨན་བཅོས་བྱས་རྗེས། བགྲེས་སོང་ཁོང་གི་གཟུགས་པོའི་གནས་ཚུལ་ཅུང་བརྟན་དུ་ཕྱིན་ཡོད། དོས་དྲག་རང་བཞིན་གྱི་ཕོ་བའི་གཉན་ཚད་སྔར་བས་སྨན་བཅོས་བྱ་ཆེད། ཁོང་ཁོག་ནད་ཚན་ཁག་ཏུ་ཉར་ཡོད་པ་དང་། ཀྲེ་ཅང་ཧྥུའུ་དབྱང་གི་སི་ཁྲོན་དུ་རོགས་སྐྱོར་བྱེད་མཁན་སྨན་པ་ཝང་ཡུས་ཚོགས་པས་སྐྱོབ་བཅོས་ཀྱི་འགན་འཁུར་ཡོད་པ་རེད།
  བརྟག་དཔྱད་བྱས་པ་བརྒྱུད། ཚེ་རིང་ལྷ་མོའི་ནད་གཞི་གཙོ་བོ་ནི་འགོས་ནད་རང་བཞིན་གྱི་དྲན་པ་ཐོར་བ་ཡིན་པ་ཤེས་རྟོགས་ཐུབ་ཡོད།
  ཝང་ཡུས་ཀྱིས་འཕྲལ་དུ་ཉི་ཅན་མིང་དང་། སུན་ཀྲན། སུན་ཧང་། ཧུའུ་ཝུའེ་ལུས། ཀྲོའུ་ཞའོ་ཁྲེང་སོགས་ཀྲེ་ཅང་ཧྥུའུ་དབྱང་ཆུས་ཀྱི་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་ལ་MDTམཉམ་བསྡུས་ནད་དཔྱད་བྱ་རྒྱུའི་བརྡ་ཐོ་བཏང་ནས་ཚེ་རིང་ལྷ་མོ་ICUནད་ལྕི་ལྟ་སྐྱོང་སྨན་བཅོས་ཁང་ལ་སྨན་བཅོས་བྱེད་པར་སྐྱེལ་དགོས་མིན་ཐད་གྲོས་བསྡུར་བྱས་པ་རེད། མྱུར་སྐྱོབ་ཚན་ཁག་ནས་ཡིན་པའི་ཉི་ཅན་མིང་གིས་ནད་པའི་མིག་སྔའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་དང་ནད་པའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ལ་བསམ་གཞིགས་བྱས་ནས་སྔོན་ལ་ICUལ་མི་སྐྱེལ་བར་ནད་ཁང་དཀྱུས་མའི་ནང་མུ་མཐུད་བརྟག་དཔྱད་སྨན་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཁོང་གི་བསམ་འཆར་ལ་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་རེད།
  སྨན་བཅོས་རུ་ཁག་གིས་གོ་རིམ་ལྡན་པའི་ངང་བརྡར་ཤ་བཅད་དེ་སྨན་བཅོས་བྱས་པ་བརྒྱུད། འཆི་གསོན་ལ་ཐུག་པའི་མྱུར་སྐྱོབ་དེ་ཐོ་རེངས་ཆུ་ཚོད་དང་པོ་ཙམ་ལ་གཞི་ནས་མཇུག་འགྲིལ་ཡོད། སྨན་བཅོས་རུ་ཁག་གིས་མཚན་མོ་གཅིག་འབད་འཐབ་བྱས་པ་བརྒྱུད་བགྲེས་སོང་ཚེ་རིང་ལྷ་མོ་སྲོག་ཉེན་ལས་ཐར་ཐུབ་ཡོད་པ་རེད།
  སྨན་བཅོས་སྔར་ལས་ལྷག་པ་བྱས་པ་བརྒྱུད། ཉིན་གཉིས་པར་ཚེ་རིང་ལྷ་མོའི་གཟུགས་གཞིའི་གནས་ཚུལ་སྔར་བས་ཡག་ཏུ་ཕྱིན་པ་དང་། བྲང་ཁ་ན་བ་དང་དབུགས་ཧད་པ་སོགས་ཀྱི་ནད་རྟགས་ཀྱང་ཡང་དུ་ཕྱིན་ཡོད། ཉིན་གསུམ་པར། ཁོང་གིས་ཟ་མ་ཅུང་ཟད་ཟ་ཐུབ་ཡོད་ལ། ཉིན་ལྔ་པར་སླེབས་དུས་གཞི་རྩའི་ཆ་ནས་སྟབས་བདེའི་འགུལ་སྐྱོད་བྱ་ཐུབ་པར་གྱུར་ཡོད།
  སྨན་ཁང་ནས་ཐོན་ཏེ་སྨན་རིན་རྩིས་རྒྱག་སྐབས། བགྲེས་སོང་ཚེ་རིང་ལྷ་མོས་སྨན་རིན་ཁྱོན་སྒོར་3000ལས་སྤྲོད་དགོས་བྱུང་མེད། གང་ལགས་ཤེ་ན། སྨན་བཅོས་རུ་ཁག་གིས་བརྡར་ཤ་ཡང་དག་བཅད་པ་དང་དུས་ཐོག་ཏུ་སྨན་བཅོས་བྱས་པས། ཁོང་ICUཡི་ནང་སྨན་བཅོས་བྱ་དགོས་བྱུང་མེད་སྟབས་སྨན་རིན་སྒོར་ཆིག་ཁྲི་ཙམ་གྲོན་ཆུང་ཐུབ་ཡོད། དེས་ན། མ་གཞི་ནས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནད་པའི་ཁྱིམ་ཚང་ལ་སྨན་རིན་འབོར་ཆེན་ཞིག་གྲོན་ཆུང་ཐུབ་པ་དང་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་ཡོད།
  ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་རིང་ལྷ་མོའི་ཁྱིམ་ཚང་ནི་དཔལ་ཡུལ་རྫོང་གི་བོད་རིགས་ཁྱིམ་ཚང་ཞིག་ཡིན་པ་དང་། རླངས་འཁོར་ལ་བསྡད་ན་ཆུ་ཚོད་གཉིས་ཙམ་བསྐྱོད་ཚེ་སྡེ་དགེ་རྫོང་མི་དམངས་སྨན་ཁང་དུ་སླེབས་ཀྱི་ཡོད། ཀྲེ་ཅང་ཧྥུའུ་དབྱང་ཆུས་ཀྱི་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་དང་པོས་སྡེ་དགེ་རྫོང་དུ་སྨན་བཅོས་རོགས་སྐྱོར་བྱས་པར་ས་གནས་དེ་གའི་མི་དམངས་ཀྱི་ཁས་ལེན་ཐོབ་ཡོད་པས། སྡེ་དགེ་རྫོང་དང་ཉེ་འགྲམ་རྫོང་གི་བོད་རིགས་ནད་པ་མང་པོ་ཞིག་དེ་གར་ཡོང་ནས་སྨན་བཅོས་བྱེད་ཀྱི་ཡོད། ད་ཐེངས་བགྲེས་སོང་ཚེ་རིང་ལྷ་མོ་ན་སྐབས་ཀྱང་། ཁོང་གི་ནང་མི་ཚོས་ཁོང་ཆེད་མངགས་སྡེ་དགེ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
  ནད་གཞི་དྲག་སྐྱེད་བྱུང་རྗེས། ཚེ་རིང་ལྷ་མོ་དང་ཁོང་གི་ཁྱིམ་མི་ཚོས་སྨན་བཅོས་རུ་ཁག་ལ་དཀར་གཙང་གི་མཇལ་དར་དང་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཕུལ་ཡོད་པ་རེད།
  སྨན་པ་ཝང་ཡུས་ཀྱིས། ད་ཐེངས་ཀྱི་གོས་དར་དང་ཁ་བཏགས་ནི་ང་ཚོར་ཁས་ལེན་བྱས་པ་ཞིག་ཡིན་པས། ང་ཚོས་ཀྱང་རེ་བ་ཆུད་ཟོས་སུ་མ་བཏང་བར་སྡེ་དགེ་རྫོང་གི་སྨན་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
  རྩོམ་སྒྲིག་པ། བདེ་སྒྲོན།