ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

​ཀྲུང་གོས་རྒྱལ་ཁབ30ལྷག་ཙམ་གྱི་ཚབ་ཞུས་ནས་ངོ་རྒོལ་བྱས་པ།

སྤེལ་དུས 2022-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ཚེས་21ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་51པའི་ཚོགས་འདུའི་ཐོག་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཁེ་དབང་། འཕེལ་རྒྱས་ཀྱི་དབང་ཆ་བཅས་ཚུད་པའི་ཆེད་དོན་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མིའི་གཞུང་ཚབ་ཆེན་མོ་ཁྲེན་ཤུས་ཀྱིས་རྒྱལ་ཁབ་30ལྷག་ཙམ་གྱི་ཚབ་ཞུས་ནས་ཐུན་མོང་ཐོག་གཏམ་བཤད་སྤེལ་ཏེ་ཕྱོགས་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་ཁེ་དབང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པ་དང་འདྲ་མཉམ་མིན་པ་མེད་པ་བཟོ་བའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་
རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲེན་ཤུས།
       ཐུན་མོང་ཐོག་སྤེལ་བའི་གཏམ་བཤད་ནང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲུབ་འབྲས་ལ་འགྱུར་ལྡོག་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་འཕེལ་རིམ་ལ་འགོག་རྐྱེན་བཟོས་པ། རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་དབར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཚབས་ཆེར་ཕྱིན་ཡོད། འདིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་ཁེ་དབང་ལ་སྐུལ་འདེད་དང་འདྲ་མཉམ་མིན་པ་མེད་པར་གཏོང་བའི་གལ་ཆེན་རང་བཞིན་མངོན་པ་བསྟན་ཡོད་ཅེས་གསུངས་འདུག
       ཐུན་མོང་གཏམ་བཤད་ནང་། ཕྱོགས་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེ་ཞིང་སྔར་བས་དྲང་གཞག་གི་སྒོ་ནས་ཚོགས་སྤྱི་ཚང་མར་ཕན་པ་ཐོབ་པ་དང་ལྷག་པར་དུ་ཉམས་ཞན་དང་མཐའ་མཚམས་ཅན་གྱི་གནས་སུ་གྱར་བའི་མི་རྣམས་ལ་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ངོ་སོ་ལྡན་པའི་ལས་དོན་སོགས་ཀྱི་གཞི་རྩའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ནས་མི་སུ་འདྲ་ཞིག་ཡིན་རུང་རྗེས་ལུས་ཐེབས་སུ་མི་འཇུག་པ་དང་། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས་ཡོད་པ། སྔར་ལས་རྒྱུན་མཐུད་ནུས་པ། སྔར་ལས་བདེ་འཇགས་ཡོད་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱེད་པ། ཕྱོགས་སོ་སོས་རྒྱལ་སྤྱིའི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་བསྟུན་མཁས་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་ལ་ཁ་གཏད་གཅོག་པ་དང་འབྲེལ་རིམས་ནད་ཐོན་རྗེས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་རིམས་འགོག་སྨན་ཁབ་དང་སྨན་རྫས་དྲང་གཞག་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
       རྒྱལ་ཁབ་ཁག་གི་གནས་ཚུལ་དང་། ནུས་པ། འཕེལ་རྒྱས་ཀྱི་ཚད་གཞི་བཅས་མི་འདྲ་བར་བསམ་གཞིག་བྱས་ནས་རྒྱལ་ཁབ་ཁག་གི་སྲིད་ཇུས་དང་དོན་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། སྤྱི་ལོ་2030ལོའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་སྤྱིའི་མཉམ་ལས་གྲོས་རིམ་གྱི་ཐོག་མར་བཞག་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་17དུས་བཀག་ལྟར་མངོན་འགྱུར་ཧུར་ཐག་བྱ་རྒྱུ་ཡིན་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དངོས་གཉེར་གྱི་བྱེད་ཐབས་སྔར་ལས་མང་བ་འདོན་དགོས་ཤིང་། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དབང་ཆ་དམ་དུ་གཏོང་བའི་སྲིད་ཇུས་འཛིན་རིགས་མི་ཡོང་བ་བྱ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལམ་སྲོལ་གྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་ཁེ་དབང་ལ་སྐུལ་འདེད་དང་སྲུང་སྐྱོང་། འདྲ་མཉམ་མིན་པའི་ཕྱོགས་མེད་པ་བཟོ་རྒྱུའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དོ་བདག་རྒྱལ་ཁབ་ཀྱི་མོས་མཐུན་ཐོབ་པའི་རྨང་གཞིའི་ཐོག་རོགས་རམ་ནུས་ལྡན་བྱ་རྒྱུའི་རེ་འབོད་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ཆེད་དོན་གཞུང་ལས་ཁང་སོགས་ཀྱིས། རྒྱལ་ཁབ་ཁག་གིས་རང་ཐག་རང་གཅོད་ཀྱིས་འཕེལ་རྒྱས་ཀྱི་བགྲོད་ལམ་འདེམས་པའི་ཁེ་དབང་སྲུང་སྐྱོང་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ། འཕེལ་རྒྱས་ཀྱི་དབང་ཆ་ཆབ་སྲིད་ཅན་དང་མཐའ་མཚམས་ཅན་དུ་འགྱུར་བ་བཅས་ལ་ངོ་རྒོལ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།