ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཡར་འབྲོག་གཡུ་མཚོའི་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ།

སྤེལ་དུས 2023-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསོད་ནམས་དཔལ་མོས་བསྒྱུར།
             ཟླ་བརྒྱད་པའི་ཡར་འབྲོག་གཡུ་མཚོ་ནི་གཡུ་ཡི་མེ་ལོང་འཕྱིས་པ་ནང་བཞིན་སྔོ་ཞིང་དྭངས་ལ། རླུང་བུ་བསིལ་བསིལ་གྱི་ལྡང་ཕྱོགས་དང་བསྟུན་ནས་ཆལ་ཆིལ་རླབས་ཀྱི་ཟེགས་མ་དལ་གྱིས་འཕྱོ་བས། ཚོན་མདངས་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་ཞིག་དང་མཚུངས། ངོ་མཚར་ཆེ་བའི་མཆོང་གདུགས་འཁྲབ་སྟོན་ཁྲོད། 2023ལོའི་ཡར་འབྲོག་གཡུ་མཚོ་བསྐོར་བའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་དེ། ཚེས18ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོའི་མཚོ་འགྲམ་ནས་དངོས་སུ་འགྲན་འགོ་ཚུགས།

མཆོང་གདུགས་ཀྱི་འཁྲབ་སྟོན།
             ད་ཐེངས་ཀྱི་འགྲན་བསྡུར་ནི2023ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་ལ། འགྲན་བསྡུར་གྱི་དུས་ཡུན་ཉིན་གཉིས་དང་། བོད་ལྗོངས་ཕྱི་ནང་གི་བདམས་ཐོན་པ80འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

བྱེད་སྒོའི་ཡུལ་དངོས།
             འགྲན་བསྡུར་དེ་ཁྱོན་རིམ་པ་གཉིས་སུ་དབྱེ་ཡོད་དེ། འགྲན་བསྡུར་དང་པོ་ནི་རྩ་ཡུལ་གྲོང་ཚོ་ནས་ཐེབས་རག་གྲོང་ཚོ་བར་ཡིན་ལ། ལམ་ཐག་ལ་སྤྱི་ལེ77.5ཡོད། འགྲན་བསྡུར་གཉིས་པ་ནི་ཐེབས་རག་གྲོང་ཚོ་ནས་སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་བར་ཡིན་ཞིང་། ལམ་ཐག་ལ་སྤྱི་ལེ49.1ཡོད་ཅིང་ཁྱོན་ལམ་ཐག་སྤྱི་ལེ126.6ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4400ཡོད་པ་རེད། གཞན་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་མཁོ་སྒྲུབ་དང་། མེ་ཟོན། སྨན་བཅོས། སྤྱི་བདེ་བཅས་དང་དང་བླངས་པའི་ཚོགས་པ་སོགས་བཀོད་སྒྲིག་བྱས་ནས་འགྲན་བསྡུར་ལ་ཞུགས་མཁན་གྱི་བདམས་ཐོན་པ་ཚང་མའི་བདེ་འཇགས་ཐད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

འགྲན་བསྡུར་ཁྲོད་ཀྱི་བདམས་ཐོན་པ།

འགྲན་བསྡུར་ཁྲོད་ཀྱི་བདམས་ཐོན་པ།
             ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གྱིས“སྐྱེ་ཁམས་དང་། བདེ་ཐང་། བདེ་འཇགས”བཅས་རྩ་དོན་ལ་བཟུང་བ་དང་། ཆེད་ལས་ཅན་དང་། ཁྲོམ་ར་ཅན། རྒྱལ་སྤྱི་ཅན་གྱི་ངེས་གནས་མཐའ་འཁྱོངས་བྱེད་ནས། རིག་གནས་ལུས་རྩལ་དང་། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད། ལུས་རྩལ་ཡུལ་སྐོར་གྱི་སྣ་མང་ལས་རྣམ་གསར་གཏོད། ལྷོ་ཁའི་ཡུལ་སྐོར་གྱི་མིང་བྱང་གསལ་བཏོད་བྱེད་པ་དམིགས་ཡུལ་བཟུང་བ་དང་། དེ་དང་མཉམ་དུ་ལུས་རྩལ་འགྲན་བསྡུར་གྱི་ཤུགས་རྐྱེན་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱེད་པ་དང་། འགྲན་བསྡུར་དང་ཡུལ་སྐོར་ཉམས་ལེན་དང་། མི་དེ་བས་མང་པོས་སྐྱེ་ཁམས་དང་། གསོན་ཤུགས། འཆར་ཡན་གྱིས་ཕྱུག་པའི་ཡུལ་སྐོར་ཁྲོད་ལྷོ་ཁའི་མཛེས་སྡུག་ལ་ཉམས་སུ་མྱོང་རོལ་བྱེད།