ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལྷ་མོ་འཁྲབ་ནས་ཕྱོགས་བཞིའི་སྐུ་མགྲོན་བསུས།

སྤེལ་དུས 2023-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསོད་ནམས་དཔལ་མོས་བསྒྱུར།
             ཟླ8པའི་ཚེས16ནས་ཚེས22ཉིན་བར། བོད་ལྗོངས་གིས་ལོ་གཅིག་དུས་གཅིག་གི་ཞོ་སྟོན་དུས་ཆེན་བསུས། བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞི་དང་ཁུལ་རྫོང་བཅས་ནས་ཡོང་བའི་དད་ལྡན་མང་ཚོགས་དང་དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལྷ་སར་འཛོམས་ནས་ཞོ་ཡི་སྟོན་མོར་རོལ་བ་དང་། ལྷ་མོའི་ཟློས་གར་ལ་བལྟ་བ། གླིང་ག་གཏོང་བ་སོགས་སྲོལ་རྒྱུན་དུས་ཆེན་གྱི་དཔལ་ལ་ལོངས་སུ་སྤྱོད་བཞིན་ཡོད།  
             ཟླ8པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད11ཐོག བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ཆོས་ལྷ་མོ་རུ་ཁག་གིས་ཕོ་བྲང་པོ་ཏ་ལའི་འདབས་རོལ་གྱི་རྫོང་རྒྱབ་ཀླུ་ཁང་དུ་ད་ལོའི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ཐེངས་དང་པོ《འགྲོ་བ་བཟང་མོ》འཁྲབ་སྟོན་བྱས་ཤིང་། གྲོང་མི་དང་ཡུལ་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོའི་རིག་གནས་ཀྱི“གསོལ་སྟོན་གཟབ་རྒྱས”ལ་མྱོང་རོལ་དང་ལོངས་སྤྱོད་བྱེད་དུ་ཡོང་།

དགའ་ཆོས་ལྷ་མོ་ཚོགས་པས《འགྲོ་བ་བཟང་མོ》འཁྲབ་བཞིན་པ།
             ཤེས་རྟོགས་བྱུང་བར་གཞིགས་ན། དགའ་ཆོས་ལྷ་མོ་ཚོགས་པ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་ཚོའི་ལས་ཞོར་ལྷ་མོ་ཚོགས་པ་ཞིག་ཡིན་པ་དང་། ད་ཆ་ལྷ་མོ་འཁྲབ་མཁན25ཡོད་པ་རེད། མིག་སྔར《འགྲོ་བ་བཟང་མོ》དང《གཟུགས་ཀྱི་ཉི་མ》《པད་མ་འོད་འབར》སོགས་འཁྲབ་གཞུང་ཆ་ཚང་འཁྲབ་ཐུབ་པ་དང་། འཁྲབ་ཡུལ་གཙོ་བོ་དགའ་ཆོས་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་གྲོང་ཚོ་ཡིན། 2018ལོར་དགའ་ཆོས་ལྷ་མོ་ཚོགས་པར་བོད་རང་སྐྱོང་ལྗོངས་ཀྱི་ལྷ་མོ་སྦྱོང་ཁྲིད་ས་ཚིགས་ཞེས་མིང་བཏགས།  
             “ང་ཚོས་ཁ་སང་སྐད་འཕྲིན་བརྒྱུད་ནས་འདི་གར་ལྷ་མོར་ལྟ་བར་ཡོང་རྒྱུའི་ཁ་ཆད་བྱས་ཡོད། མ་གཞི་བོད་ཀྱི་ལོ་གསར་དང་འོང་སྐོར་ལ《འགྲོ་བ་བཟང་མོ》དང་འཁྲབ་གཞུང་གཞན་དག་གི་འཁྲབ་སྟོན་ལ་བལྟ་མྱོང་མོད། འོན་ཀྱང་ལྷ་མོའི་ཚོགས་པ་ཚང་མར་རང་ཉིད་ཀྱི་འཁྲབ་སྟོན་བྱེད་སྟངས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་བརྟེན།    མི་ཚེ་གཅིག་ལ་ལྷ་མོ་བལྟས་ཀྱང་ད་དུང་ལྟ་འདོད་ཆེ་རུ་འགྲོ་གི་འདུག”ཅེས་བོད་ལྗོངས་གཞིས་རྩེ་ནས་ཡིན་པའི་ཨ་མ་མཚམས་ལགས་མོ་དང་ཕ་ཡུལ་གཅིག་ནས་ཡིན་པའི་ཡུལ་གྲོགས་ཀྱིས་ཇ་འཐུང་ཞོར་དུ་ལྷ་མོར་ལྟ་བཞིན་ཡོད།

དགའ་ཆོས་ལྷ་མོ་ཚོགས་པས《འགྲོ་བ་བཟང་མོ》འཁྲབ་བཞིན་པ།

རྫོང་རྒྱབ་ཀླུ་ཁང་གི་ལྷ་མོ་འཁྲབ་ཡུལ།
             ཞོ་སྟོན་རིང་ཡུལ་སྐོར་བ་མང་པོ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་གི་ཡོད། ཀྲེ་ཅང་ནས་ཡོང་བའི་མཁྱེན་ལྡན་མ་རྨང་ལགས་ནི་ཟླ་བ་གཅིག་གི་སྔོན་དུ་གཅིག་པུར་བོད་ལྗོངས་ལ་ཡུལ་སྐོར་དུ་ཡོང་། ལྷ་སར་བྱེས་སྡོད་ཀྱི་རིང་དུ་བོད་ཀྱི་རིག་གནས་དང་འཚོ་བར་ཉམས་ལེན་གཏིང་ཟབ་བྱས། མོས“མ་གཞི་སྔ་མོ་ནས་ཁྱིམ་དུ་ལོག་རན་འདུག འོན་ཀྱང་ཞོ་སྟོན་ལ་ཁེལ་བས་ཉིན་ཁ་ཤས་འདིར་བསྡད་པ་ཡིན། དེ་རིང་ང་ཐོ་རེངས་ཆུ་ཚོད་གཉིས་པ་ནས་ཡར་ལངས་ཏེ་འབྲས་སྤུངས་དགོན་དུ་སངས་རྒྱས་ཀྱི་གུས་སྐུ་མཇལ་དུ་སོང་། མི་ཚོགས་རྒྱ་མཚོ་བཞིན་ཤིན་ཏུ་བརྗིད་ཆགས་ལྡན། གུས་སྐུར་ཞལ་མཇལ་ཞུས་རྗེས་ཐད་ཀར་ལྷ་མོར་ལྟ་རུ་ཡོང་ནས་བོད་རིགས་མང་ཚོགས་ཀྱིས་ཤིན་ཏུ་དགའ་པོ་བྱེད་པའི་སྤྲོ་གསེང་རོལ་རྩེད་འདི་ལ་གཱ་ཐོ་འགོད་པ་ཡིན”ཞེས་བཤད།

ལྷ་སའི་ཞོ་སྟོན་གྱི“མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས”འགྲེམས་སྟོན་གྱི་ཡུལ་དངོས།

གྲོང་མི་དང་ཡུལ་སྐོར་པས་ལྷ་སའི་ཞོ་སྟོན་གྱི“མངོན་མིན་རིག་གནས་ཤུལ་བཞག་གི་དངོས་པོ་ཡག་པོ”འདེམས་ཉོ་བྱེད་བཞིན་པ།
             ལྷ་མོ་འཁྲབ་སའི་གཞོགས་གཞན་ན་ཡོད་པའི་ལྷ་སའི་ཞོ་སྟོན “མངོན་མིན་རིག་གནས་ཤུལ་བཞག་གི་དངོས་པོ་ཡག་པོའི”འགྲེམས་སྟོན་ཐོག་ཏུ་གྲོང་མི་མང་པོས་ལྷ་མོའི་འབག་དང་། བོད་སྤོས། བོད་ལྷམ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་པོ་འདེམས་ཉོ་བྱེད་དུ་ཡོང་ཞིང་། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། ཚང་མས་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཉམས་དང་དུས་ཆེན་གྱི་ངང་ཚུལ་ལ་མཉམ་དུ་མྱོང་རོལ་བྱས།  
             ཤེས་རྟོགས་བྱུང་བར་གཞིགས་ན། ཟླ8པའི་ཚེས16ནས་ཚེས20ཉིན་བར་བསྟུད་མར་ཉིན་ལྔའི་རིང་དུ་ལྷུན་གྲུབ་རྫོང་གི་དགའ་ཆོས་ལྷ་མོ་ཚོགས་པ་དང་། མལ་གྲོ་གུང་དཀར་རྫོང་གི་ཕྱི་མ་ཁ་ལྷ་མོ་ཚོགས་པ། ཆུ་ཤུར་གྱི་མཚར་པ་ནང་ལྷ་མོ་ཚོགས་པ། སྟོད་ལུང་བདེ་ཆེན་ཆུས་ཀྱི་དམར་གྲོང་ཚོའི་ལྷ་མོ་ཚོགས་པ། སྟོད་ལུང་བདེ་ཆེན་ཆུས་ཀྱི་མཚོ་སྨད་ལྷ་མོ་ཚོགས་པ་བཅས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ《འགྲོ་བ་བཟང་མོ》དང་། 《སྣང་ས་འོད་འབུམ》《ཆོས་རྒྱལ་ནོར་བཟང》དང་།  《པད་མ་འོད་འབར》སོགས་འཁྲབ་སྟོན་བྱེད་རྒྱུ་རེད།