ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

དབྱི་སོ་མཐོ་རིམ་འགོ་ཁྲིད་ཀྱིས་གླེང་མོལ་བྱས།

སྤེལ་དུས 2023-10-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ10པའི་ཚེས12ཉིན་གློག་འཕྲིན་འབྱོར་གསལ། དབྱི་རན་གྱི་ཙུང་ཐུང་དབྱི་ཕུའུ་ལ་ཤིན་ལའེ་ཤིས་དང་སོ་ཏི་ཨ་རབ་ཀྱི་དབུ་བཞུགས་བློན་ཆེན་ཏེ་རྒྱལ་སྲས་མུའུ་ཧན་མོ་ཏེ་པིན་ས་ལེ་མན་གཉིས་ཀྱིས་ཚེས11ཉིན་ཁ་པར་བཏང་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གསར་ཤོས་ཀྱི་གནས་བབ་ལ་གླེང་མོལ་བྱས།
             སོ་ཏི་ཨ་རབ་ཀྱི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྲས་མོ་ཧན་མོ་ཏེ་ཡིས་སོ་ཏི་ཨ་རབ་ཀྱིས་རང་ནུས་ཅི་ཡོད་ཀྱིས་ཕྱོགས་ཁག་སོ་སོ་དང་འབྲེལ་གཏུག་བྱས་ནས་མིག་སྔའི་ཛ་དྲག་གི་གནས་བབ་དེ་ཞི་ལྷོད་དུ་གཏོང་བཞིན་ཡོད་ཅེས་བཤད། ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་དང་མི་སེར་ལ་ཐེབས་པའི་ཤུགས་རྐྱེན་ཐད་ལ་ཁོང་གིས་སེམས་ཁྲལ་བྱེད་བཞིན་ཡོད། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ཀྱི་ཚད་གཞིར་བརྩི་སྲུང་དང་། མི་སེར་ལ་འཇབ་རྒོལ་དང་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཐ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས།
             དབྱི་རན་གྱི་ཙུང་ཐུང་ལས་ཤག་གི་ཆབ་སྲིད་ལས་དོན་ལ་འགན་འཁུར་བའི་ཀྲུའུ་རེན་གཞོན་པ་མོ་ཧན་མོ་ཏེ་ཅ་མུའུ་ཤིས་ཏི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ། ལའེ་ཤིས་དང་སོ་ཏི་ཨ་རབ་ཀྱི་རྒྱལ་སྲས་མུའུ་ཧན་མོ་ཏེ་གཉིས་བར་དུ“ཐོག་དང་པོར་འཕྲིན་གཏོང”བྱས་པ་ར་སྤྲོད་བྱས། ཅ་མུའུ་ཤིས་ཏི་ཡིས་བཤད་རྒྱུར།  ལའེ་ཤིས་དང་རྒྱལ་སྲས་མོ་ཧན་མོ་ཏེ་ཕྱོགས་གཉིས་ཀས“ཕ་ལེ་སི་ཐན་གྱི་མི་དམངས་ལ་དམིགས་པའི་ནག་ཉེས་ཀྱི་དམག་འཁྲུག་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་ལ”  དབྱི་སི་རལ་ཕྱོགས་ཀྱིས“ནག་ཉེས་དང་ཨ་རིའི་རྒྱ་ཡན་བཏང་བ་དེས”དབྱི་སི་རལ་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་དག་གི་བདེ་འཇགས་ཐད་ལ“རྩ་མེད་རང་བཞིན”གྱི་ཤུགས་རྐྱེན་ཐེབས་སྲིད་པ་རེད།
             2016ལོར། སོ་ཏི་ཨ་རབ་དང་དབྱི་རན་གཉིས་དབར་ལ་ཕྱི་འབྲེལ་གྱི་འབྲེལ་ཐག་ཆད། ཀྲུང་གོའི་འདུམ་འགྲིག་འོག སོ་ཏི་ཨ་རབ་དང་དབྱི་རན་གྱི་འཐུས་མིས་ད་ལོའི་ཟླ་གསུམ་པར་པེ་ཅིང་དུ་གཏམ་བཤད་སྤེལ་རེས་བྱས་པ་དང་། ཀྲུང་ཧྲ་དབྱི་ཕྱོགས་གསུམ་པོས་འབྲེལ་མཉམ་གསལ་བསྒྲགས་ལ་མིང་རྟགས་བཀོད་ནས་ཕྱིར་བསྒྲགས་བྱས་ལ། དེའི་ནང་ཧྲ་དབྱི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་སླར་གསོར་བྱུང་བར་མོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས། ཟླ4པའི་ཚེས6ཉིན། ཧྲ་དབྱིས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོས་ཚེས6ཉིན་ནས་བཟུང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱུང་བར་ཁྱབ་བསྒྲགས་བྱས།
             ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་མ་བྱུང་གོང་ལ། ཨ་རིའི་སྲིད་གཞུང་གིས་སོ་ཏི་ཨ་རབ་དང་དབྱི་སི་རལ་དབར་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། སོ་ཏི་ཨ་རབ་ཀྱི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས11ཉིན། རྒྱལ་སྲས་མོ་ཧན་མོ་ཏེའི་ཀྱིས་ཁ་པར་གཏོང་སྐབས“སོ་ཏི་ཨ་རབ་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་གཅིག་ཡིན་ཏེ། དེ་ནི་ཕ་ལེ་སི་ཐན་གྱི་བྱ་གཞག་ལ་སྲུང་སྐྱོབ་དང་། ཕྱོགས་ཡོངས་ནས་དྲང་གཞག་ཡིན་པའི་ཞི་བདེ་མངོན་འགྱུར་བྱུང་བར་རྒྱབ་སྐྱོར། ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཐད་འབད་བརྩོན་བྱས་པ་དག་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
             སོ་ཏི་ཨ་རབ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་བཟོད་སྒོམ་བྱས་ནས་འཕྲལ་མར་དམག་མཚམས་བཞག་ནས་མི་སེར་ལ་སྲུང་སྐྱོང་བྱ་རྒྱུའི་རེ་འབོད་བྱས་པ་དང་། དེ་དང་ཆབས་ཅིག ད་ལྟའི་གནས་བབ་འདི་ལྟ་བུ་ནི་དབྱི་སི་རལ་ཕྱོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་མུ་མཐུད་བཟུང་ནས་བཙན་འཕྲོག”དང“འཁྲུག་རྐྱེན་སློང་བ”ལས་བྱུང་བ་ཞིག་རེད་ཅེས་བཤད།
             ཚེས11ཉིན། དབྱི་སི་རལ་གྱི་དམག་ཕྱོགས་དང་ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཁྲོད་ཉུང་མཐར་ཡང་ཕྱོགས་གཉིས་ཀའི་མི2200རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི8000ལྷག་ཙམ་ལ་རྨས་སྐྱོན་བྱུང་ཡོད།
             ཚེས11ཉིན། ཨ་རིའི་ཙུང་ཐུང་གཡོད་སེ་ཕུའུ་པའེ་ཏེང་གིས་ཝ་ཧྲིང་ཐོན་དུ་ཡིའུ་ཐའེ་བའི་སྡེ་ཁུལ་གྱི་འཐུས་མི་དང་ཐུག་འཕྲད་བྱས་ཏེ། མདུང་རྩེ་དེ་དབྱི་རན་ཕྱོགས་ལ་གཏད་པ་སྟེ། ཨ་རི་ཕྱོགས་ཀྱིས་ས་དཀྱིལ་རྒྱ་མཚོར་གནམ་ཐང་གྲུ་གཟིངས་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དབྱི་རན་ལ་ཟིལ་ཤུགས་མངོན་རྒྱུ་དེ་ཡིན་པར་བཤད། ཨ་རིའི་རྒྱལ་སྲུང་པུའི་པུའུ་ཀྲང་ལའོ་ཨའེ་ཏེ་ཨའོ་སི་ཐིང་གིས་ཚེས8ཉིན་བསྒྲགས་དོན། ཁོང་གིས་ཤར་གྱི་ས་དབུས་རྒྱ་མཚོ་ནས“ཅེ་ལ་ཨེར་ཏེ·R·ཧྥུའུ་ཐེ”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ལ་རྡུང་རྡེག་གཏོང་བའི་ཚོགས་པ་བཀོད་སྒྲིག་བྱ་རྒྱུའི་བཀའ་བཏང་སྟེ། ཨ་རིའི་དམག་གིས་ཟིལ་ཤུགས་ནི་ས་ཁུལ་འདི་དག་ཏུ་རྒྱ་ཆེར་བཏང་།
             “ཧྥུའུ་ཐེ”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཀྱི་རྡུང་རྡེག་ཚོགས་པ་ས་དཀྱིལ་རྒྱ་མཚོ་ཤར་མར་འབྱོར་ཡོད། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་གཡོད་ཧན་ཁོ་པི་ཡིས་ཚེས11ཉིན་བཤད་རྒྱུར། གལ་ཏེ་དགོས་གལ་ཡོད་ཚེ།  “ཏེ་ཧོའེ་ཐེ·D·ཨའེ་སེན་ཧའོ་ཝེར”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ལ་རྡུང་རྡེག་གཏོང་བའི་ཚོགས་པ་ཡང་བཀོད་སྒྲིག་བྱ་རྒྱུ་ཡིན་པར་བཤད།
             ཨ་རིའི《ཝར་ཅེ་ཁྲོམ་གཞུང་གི་ཉིན་རེའི་ཚགས་པར》ཐོག་ནས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་དམག་དཔོན་ནི་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱིས་དབྱི་སི་རལ་ལ་འཇབ་རྒོད་བྱེད་པའི་དོན་རྐྱེན་ནང་དུ་ཞུགས་ཡོད་པ་རེད། དབྱི་རན་དང་ཧ་མ་སི་ཚང་མས་དེ་ཐད་ལ་ཁས་ལེན་བྱས་མེད། ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་ཡོངས་བསྒྲགས་ནང་དུ།  དབྱི་རན་ནི་ཧ་མ་སིས་དབྱི་སི་རལ་ལ་འཇབ་རྒོད་བྱེད་པའི་དོན་རྐྱེན་ལ་ཇུས་འགོད་དང་ལག་བསྟར་བྱས་པའི་ཐད་དཔང་རྟགས་མེད་ཅེས་བཤད།
 
རྩོམ་སྒྲིག་པ། དཔལ་གཡང་།