ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་གནའ་སྡོང་བཞི་རྒྱལ་ཡོངས་གནའ་སྡོང་མིང་ཐོར་ཚུད།

སྤེལ་དུས 2023-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
               ཉེ་ཆར《རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས“བརྒྱ་གཉིས”ཀྱི་གནའ་བོའི་སྡོང་རྒན་འོས་འདེམས་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་སྟེ། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་། ཤིན་ཧྭ་དྲ་བས་གཙོ་གཉེར་བྱས་པ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཐོན་ལས་འཕེལ་རྒྱས་འཆར་འགོད་ཁང་གིས་སྒྲུབ་འགན་འཁུར་བ་བཅས་ཀྱི“བརྒྱ་གཉིས”ཀྱི་གནའ་བོའི་སྡོང་རྒན་འོས་འདེམས་དྲིལ་བསྒྲགས་བྱེད་སྒོ་དེ་ས་གནས་ཀྱིས་འོས་འདེམས་དང་། ཐོག་མའི་ཞིབ་བཤེར་གཞུང་ལས་ཁང་གིས་འོས་འདེམས། སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པ། ཆེད་མཁས་པས་ཞིབ་དཔྱད་བཅས་བྱས་པ་བརྒྱུད། བོད་ལྗོངས་ཀྱི་གནས་བོའི་ཤུག་སྡོང་ཆེན་པོ1རྒྱལ་ཡོངས་ཀྱི་ཤུག་སྡོང་མཛེས་ཤོས10ཡི་མིང་ཐོའི་ནང་ཚུད་པ་དང་། གནའ་བོའི་སྡོང་རྒན་ཚོམ་བུ4“རྒྱལ་ཡོངས་ཀྱི་གནའ་བོའི་སྡོང་རྒནཚོམ་བུ་མཛེས་ཤོས100”ཡི་མིང་ཐོའི་ནང་ཚུད་ཡོད།

               ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་དུང་དཀར་གྲོང་རྡལ་དགོན་གྲོང་ཚོའི“ཤུག་སྡོང་ཆེན་པོ”(ཤིང་གི་ལོ་ཚད་ལོ3230ཡིན་པ)ཤུག་སྡོང་མཛེས་ཤོས10ཡི་མིང་ཐོའི་ནང་ཚུད་པ་དང་། ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་གྱི་ཆུ་དྲོ་མོ་ཞང་གི་མཐའ་མཁར་གྲོང་ཚོའི“རྒྱལ་རྩེའི་སྟར་ཚེར་གནའ་བོའི་སྡོང་རྒན་ཚོམ་བུ”(གཞི་ཁྱོན་ལ་སྡོང་རྐང12000ཟིན་པ་དང་ཤིང་གི་ཆ་སྙོམས་ལོ་ཚད་ལོ200ཡིན་པ)དང་། ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་རྫོང་འབྲས་སྤུངས་ཞང་གི་དགྱེ་གླིང་གྲོང་ཚོའི“འབྲུག་ཡུལ་ཤུག་པའི་གནའ་བོའི་སྡོང་རྒན་ཚོམ་བུ”(གཞི་ཁྱོན་ལ་སྡོང་རྐང100ཟིན་པ་དང་ཤིང་གི་ཆ་སྙོམས་ལོ་ཚད་ལོ200ཡིན་པ) ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་གི་སྣང་གྲོང་རྡལ་བར་རེ་གྲོང་ཚོའི“སྟར་ཀའི་གནའ་བོའི་སྡོང་རྒན་ཚོམ་བུ”(གཞི་ཁྱོན་ལ་སྡོང་རྐང1787ཟིན་པ་དང་ཤིང་གི་ཆ་སྙོམས་ལོ་ཚད་ལོ565ཡིན་པ) ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་བྲག་ཕྱི་གྲོང་ཚོའི“ཤུག་སྡོང་ཆེན་པོའི་གནའ་བོའི་སྡོང་རྒན་ཚོམ་བུ”(གཞི་ཁྱོན་ལ་སྡོང་རྐང154ཟིན་པ་དང་ཤིང་གི་ཆ་སྙོམས་ལོ་ཚད་ལོ1880ཡིན་པ)བཅས་གནའ་བོའི་སྡོང་རྒན་ཚོམ་བུ་མཛེས་ཤོས100ཡི་མིང་ཐོའི་ནང་ཚུད་ཡོད།   
               ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ7པར། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས“གནའ་བོའི་སྡོང་རྒན་མཛེས་ཤོས་འཚོལ་ཞིབ་ཀྱིས། ལྗང་མདོག་ཕ་ཡུལ་དྲན་སེམས་གནས་པར་བྱེད”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གནའ་བོའི་སྡོང་རྒན་གྲགས་ཅན་འོས་འདེམས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁམ་བུ་དཀར་པོ་དང་། གསོམ་སྡོང་། རྒྱ་ཤུག སྒྲོན་ཤིང་། ཤིང་ག་བུའི་སྡོང་པོ། ནན་ཤིང་། ཚོས་སེར་སྡོང་པོ། ཤུག་པ། ཡོ་འབོག་བཅས་ཤིང་རིགས10ཡི་ཁྱོན་གནའ་བོའི་སྡོང་རྒན་མཛེས་ཤོས100དང་། དེ་བཞིན་ཤིང་རིགས་ལ་ཚད་བཀག་མེད་པའི་གནའ་བོའི་སྡོང་རྒན་ཚོམ་བུ100འོས་འདེམས་བྱས་ཏེ། རང་རྒྱལ་གྱི་གནའ་བོའི་སྡོང་རྒན་གྲགས་ཅན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་། རང་བྱུང་ངོ་མཚར་ཆེ་བའི་མཛེས་ལྗོངས། དེ་བཞིན་ས་གནས་ཁག་གི་གནའ་བོའི་སྡོང་རྒན་གྲགས་ཅན་ལ་སྲུང་སྐྱོང་བྱེད་པའི་དཔེ་མཚོན་བྱེད་སྟངས་བཅས་འགྲེམས་སྟོན་དང་དྲིལ་བསྒྲགས་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་མཐོར་འདེགས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ཡོད།
               བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཐུང་ཅི་ཀེ་ཡིས། བོད་ལྗོངས་ཀྱིས་གནའ་བོའི་སྡོང་རྒན་གྲགས་ཅན་གྱི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། 2018ལོར་བོད་ལྗོངས་ཀྱི་གནའ་བོའི་སྡོང་རྒན་གྲགས་ཅན་གྱི་ཐོན་ཁུངས་ཡོངས་བཤེར་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ་དང་འབྲེལ། ཐོག་མའི་སྲུང་སྐྱོང་གི་ལས་དོན་ཡང་སྤེལ་ཡོད། 2018ལོའི་ཡོངས་བཤེར་བྱས་འབྲས་ལ་གཞིགས་ན། བོད་ལྗོངས་ལ་གནའ་བོའི་སྡོང་རྒན་གྲགས་ཅན་ཁྱོན་ཤིང་རིགས80ཡི་སྡོང་རྐང་ཁྲི3.86ཙམ་ཡོད་པའི་ནང་ཙང་ཁྲོན་སྦྱར་སྡོང་དང་། འབྲུ་ཆེན་ཤུག་པ། ངོས་འཇམ་སྟར་ག་སོགས་ཤིང་རིགས10ཡིས80%ཡན་བཟུང་ཡོད། དེ་དག་གཙོ་བོ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་གྲོང་ཁྱེར(ས་ཁུལ)6གི་རྫོང(ཆུས)58ལ་ཁྱབ་ཡོད་ལ། མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2700ནས་སྨི4300བར་གྱི་གནའ་བོའི་གཞིས་ཀའི་གླིང་ཁ་དང་། གྲོང་གསེབ། དགོན་སྡེ་བཅས་དང་དེ་བཞིན་ཉེ་འཁོར་གྱི་ས་ཁུལ་དུ་ཁྱབ་ཡོད། དེ་དག་ཐར་ཐོར་དུ་གནས་པ་ལས་ཐགས་དབྱིབས་སམ་ཡང་ན་ཚོམ་བུར་གནས་ཚད་ཉུང་བ་དང95%ཡན་གྱི་གནའ་བོའི་སྡོང་རྒན་ནི་གྲོང་གསེབ་ཏུ་གནས་པ་མ་ཟད་རི་སྐྱེས་ཤ་སྟག་ཡིན་ཞེས་བཤད།

རྩོམ་སྒྲིག་པ། དཔལ་གཡང་།