ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་ལ་ཡིག་ཐོག་འཇིགས་སྐུལ་འབྱོར་བས་་་

སྤེལ་དུས 2023-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
               ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས14ཉིན། ཧྥ་རན་སེའི་ཕ་རི་སིར་གནས་པའི་ལུའུ་ཕུའུ་ཕོ་བྲང་གིས། བདེ་འཇགས་ཀྱི་རྐྱེན་གྱིས་ཉིན་དེ་ལ་ཕོ་བྲང་གི་སྒོ་རྒྱག་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ། ཡུལ་སྐོར་བ་ཚང་མ་ཁ་འགྲེམས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
               ཧྥ་རན་སེའི་སྨྱན་སྦྱོར་གྱིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ལུའུ་ཕུའུ་ཕོ་བྲང་ལ་ཡིག་ཐོག་གི་འཇིགས་སྐུལ་ཞིག་འབྱོར་ཏེ།“རྟེན་རྫས་བཤམས་མཛོད་ཁང་དང་ཡུལ་སྐོར་བར་ཉེན་ཁ་འཕྲད་ཡོད་པར”བསྒྲགས་པས། ལུའུ་ཕུའུ་ཕོ་བྲང་གིས་དེ་མ་ཐག་བཤམས་མཛོད་ཁང་གི་སྒོ་རྒྱག་རྒྱུའི་ཐག་བཅད། ཉེན་རྟོག་པའི་གཞོགས་འདེགས་འོག ཉིན་དེའི་ཉིན་གུང་སྔོན་ལ་མི་ཁྲི1.5ལུའུ་ཕུའུ་ཕོ་བྲང་ནས་ཁ་བཀྲམ་བྱས།
                   
               མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་སྔར་བཞིན་ཕོ་བྲང་ནང་གྲལ་བཤེར་བྱེད་བཞིན་ཡོད་ལ། ལུའུ་ཕུའུ་ཕོ་བྲང་གིས་ཉིན་དེའི་སྤ་སེ་སྔོན་མངགས་བྱས་པའི་ཡུལ་སྐོར་བ་ཚང་མས་སྤ་སེ་ཕྱིར་སློག་བྱེད་ཆོག་པར་བསྟན།
               ལྟ་སྐོར་བ་ཁག་གཅིག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་ནས། ཁ་འགྲེམ་པའི་བརྒྱུད་རིམ་ནང་དེ་གར་ཉེན་བརྡའི་སྒྲ་ཧ་ཅང་ཆེན་པོ་འདུག་ཅེས་བརྗོད།
               ཧྥ་རན་སེའི་སྨྱན་སྦྱོར་གྱིས་བསྟན་དོན། ལུའུ་ཕུའུ་ཕོ་བྲང་གིས་གནས་སྐབས་ལ་སྒོ་རྒྱག་དོན་ནི། ཧྥ་རན་སེ་སྲིད་གཞུང་གིས་ཉིན་དེའི་སྔོན་ལ་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་ཉེན་ཟོན་རིམ་པ་མཐོ་ཤོས་སུ་སྤོར་རྒྱུའི་གཏན་འབེབས་བྱས་པས་རེད། ཕ་རི་སིའི་ས་འོག་ལྕགས་ལམ་ལམ་ཐིག7པ་དང8པའི་ལུའུ་ཕུའུ་ཕོ་བྲང་བབས་ཚུགས་ཀྱང་གནས་སྐབས་ལ་སྒོ་བརྒྱབ་ཡོད།
               ལུའུ་ཕུའུ་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་མགྲིན་ཚབ་པས་ཧྥ་རན་སེ་གསར་འགྱུར་ཁང་ལ། རྟེན་རྫས་བཤམས་མཛོད་ཁང་ལ་བཤམས་མཛོད་ཁང་དང་ལྟ་སྐོར་བར་འཇིགས་སྐུལ་བཟོ་པའི“ལག་བྲིས་ཆ་འཕྲིན”འབྱོར་བས། ཉིན་གཅིག་སྒོ་རྒྱག་རྒྱུ་དང་འབྲེལ། དགོས་ངེས་ཀྱི་ཞིབ་བཤེར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད་ཅེས་བརྗོད།
               ཧྥ་རན་སེའི་ནང་སྲིད་པུའི་མགྲིན་ཚབ་པས། ལུའུ་ཕུའུ་ཕོ་བྲང་ལ་འབར་མདེལ་གྱི་འཇིགས་སྐུལ་ཕོག་པས་ད་སྔ་རྟེན་རྫས་བཤམས་མཛོད་ཁང་དེར་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བརྗོད།
               ཉིན་གཅིག་གི་སྔོན་ལ། ཧྥ་རན་སེའི་བྱང་རྒྱུད་གྲོང་ཁྱེར་ཏེ་ཨ་ལ་སིའི་མཐོ་རིམ་སློབ་འབྲིང་ཞིག་ཏུ་གྲིས་ཤི་རྨས་བཟོས་པའི་དོན་རྐྱེན་བྱུང་ཞིང་། དེའི་ཁྲོད་དགེ་རྒན1རྐྱེན་ལམ་དུ་ཤོར་བ་དང་མི3ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། ཉེན་རྟོག་པས་ལོ20ཅན་གྱི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད། དོགས་ཡོད་ཉེས་ཅན་དེ་སྔོན་ཆད་མཐོ་རིམ་སློབ་འབྲིང་དེ་རུ་སློབ་གཉེར་བྱས་མྱོང་ལ། དགེ་རྒན་ལ་འཇབ་རྒོལ་བྱས་པས་ཕྱིར་འབུད་བཏང་བ་ཞིག་རེད།
               ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་གྱིས་ནག་ཉེས་བཟོ་སྐབས་ཆོས་ལུགས་ཀྱི་འབོད་ཚིག་སྒྲོག་བཞིན་འདུག ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་མི་གཞན9ནང་མང་ཤོས་ཞིག་དོགས་ཡོད་ཉེས་ཅན་དེའི་གཉེན་ཉེ་ཡིན།
               ཧྥ་རན་སེ་ནང་སྲིད་པུའུ་ཀྲང་རག་ལར་ཏེ·ཏར་མ་ཉིང་གིས། ད་ཐེངས་ཀྱི་འཇབ་རྒོལ་དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་དང་འབྲེལ་བ་ཡོད་སྲིད་ཅེས་བརྗོད།
               འཇབ་རྒོལ་བྱུང་རྗེས། ཧྥ་རན་སེས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་ཉེན་ཟོན་རིམ་པ་དེ་ཆེས་མཐོ་ཤོས་སུ་སྤར་ཞིང་། ཧྥ་རན་སེའི་ཙུང་ཐུང་ལས་ཤག་གིས་ཚེས14ཉིན་བཤད་རྒྱུར། ཙུང་ཐུང་ཨའེ་མཱ་ཉིའུ་ཨེར·མཱ་ཁེ་ལུང་གིས་ཚེས16ཉིན་གོང་ལ་དམག་མི7000བཀོད་སྒྲིག་བྱས་ནས་བདེ་འཇགས་སྐོར་གཡེང་ལ་ཤུགས་སྣོན་རྒྱག་དགོས་པའི་བཀའ་བཏང་བ་རེད་ཅེས་བརྗོད། 
               གཞན་ཡང་ཕ་རི་སིའི་ལི་ཨང་མེ་འཁོར་བབས་ཚུགས་སུ་དོགས་ཡོད་ཐུམ་སྒྲིལ་ཤེས་རྟོགས་བྱུང་བས་འགྲུལ་པ་མགྱོགས་མྱུར་ངང་ཁ་བཀྲམ་བྱས།

རྩོམ་སྒྲིག་པ། དཔལ་གཡང་།