ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལྷ་ས་ནས་པར་ཐེབས་པའི་གསའ་ཡི་སྣང་བརྙན།

སྤེལ་དུས 2023-10-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྣེ་སྣང་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“སྣེ་སྣང་ལུང་པའི་གསའ་འཚོ་གནས་བྱ་ཡུལ་གལ་ཆེན”གྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གསར་ཤོས་ཕྱིར་བསྡུ་བྱེད་སྐབས་གསའ་ཨ་མའི་རྗེས་སུ་གསའ་ཕྲུག་གཉིས་ཡོད་པ་མཐོང་།

       ད་ཐེངས་ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ནང་གསའ་ཨ་མས་གསའ་ཕྲུག་ཁྱེར་བའི་གཟུགས་བརྙན་ཐོག་མར་བཀོད་པ་དེ་ཐོག་ནས་སྟོད་ལུང་བདེ་ཆེན་ཆུས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་འདི་ཉིད་གསའ་གཏན་འཇགས་འཚོ་སྡོད་ཁུལ་དུ་གྱུར་ནས་བདེ་ཐང་གི་མ་ལག་ཏུ་གྱུར་ཡོད་པ་མཚོན།
       བརྙན་མིག་ནང་དུ། ཉི་མ་རྒྱང་རིང་གི་གཉན་ཆེན་ཐང་ལྷའི་རི་རྒྱུད་ལ་འཁྲོད་པ་དང་། ལོ་ན་སོན་པའི་གསའ་ཞིག་སྔོན་པར་ཆས་མདུན་དུ་ཕྱིན་ནས་དེའི་མཚོན་བྱེད་རང་བཞིན་གྱི་མཇུག་མ་ཆེན་པོ་ཡང་དེ་དང་ཆབས་ཅིག་མངོན་ཡོད། གསའ་དེས་དོགས་ཟོན་ཧ་ཅང་ཆེན་པོས་ཉེ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་བྱས་རྗེས་རི་ཟུར་དུ་འགྲོ་བཞིན་ཡོད། དེ་རྗེས་བརྙན་མིག་ནང་ས་ལ་འཕགས་པའི་གསའ་ཕྲུག་གཉིས་སྔ་རྗེས་སུ་དེ་རྗེས་འགྲོ་བཞིན་ཡོད།
       “རང་རྐྱ་འཕེར་བའི་ངང་འགུལ་སྐྱོད་བྱེད་པའི་སྲོག་ཆགས་ཤིག་ཡིན་པའི་གསའ་ནི་སྡེབ་སྦྱོར་དུས་ཚིགས་སམ་ཕྲུ་གུ་འཁྲིད་པའི་དུས་སུ་གཞི་ནས་མཉམ་དུ་ཐོན་གྱི་ཡོད། ད་ཐེངས་པར་ལེན་ཐུབ་པ་ནི་གསའ་ཨ་མ་དང་གསའ་ཕྲུག་གཉིས་རེད”ཅེས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཀྲའོ་ཞང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“གསའ་ཡིས་རྒྱུན་དུ་ཟླ་དང་པོ་ནས་གསུམ་པའི་ཟླ་དཀྱིལ་བར་ཟླ་བ་གསུམ་གྱི་དུས་ཚོད་རིང་སྡེབ་སྦྱོར་བྱེད་ཀྱིན་ཡོད། ཕྲུ་གུ་འཁོར་བའི་དུས་ཚོད་ཉིན93ནས110བར་ཡིན། ཟླ་བ་དྲུག་པ་དང་བདུན་པའི་ནང་ཕྲུ་གུ་སྐྱེས་ཀྱི་ཡོད། བརྙན་མིག་ནང་གི་གསའ་ཕྲུག་གཉིས་ལོ་ཕྱེད་ཙམ་ཡོད་པ་འདྲ། ད་ཆ་རང་གི་ཨ་མ་དང་མཉམ་དུ་ཕྱི་རོལ་དུ་རྩལ་སྦྱོང་བཞིན་ཡོད།”

       

བརྙན་མིག་ནང་གི་གསའ།
       བརྟག་དཔྱད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གསའ་ཨ་མས་གསའ་ཕྲུག་འཁྲིད་པའི་ས་གནས་ནི་སྣེ་སྣང་ལུང་པའི་རྒྱབ་རི་ཡིན་པ་དང་། དེའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5714ཟིན་ཡོད། ས་ཁོངས་དེར་བཀོད་སྒྲིག་བྱས་པའི་དམར་ཕྱིའི་པར་ཆས5པོ་ཚང་མར་གསའ་ཡི་འགུལ་བརྙན་པར་ཐེབས་ཡོད།
       པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་དེ་བཞིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག སྣེ་སྣང་ལུང་པས2021ལོ་ནས་བཟུང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་བ་དང་འབྲེལ། 2022ལོའི་ཟླ3པའི་ཚེས10ཉིན་གསའ་ཡི་གཟུགས་བརྙན་ཐོག་མར་པར་ཐེབས་པ་དང་པར་ཐེབས་པའི་གསའ་ཡི་གནས་ས་དེ་ལྷ་ས་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ50ལས་ཟིན་གྱི་མེད། མིག་སྔའི་བར། སྣེ་སྣང་ལུང་པས་རི་སྐྱེས་སྲོག་ཆགས་རིགས49ལ་བརྟག་དཔྱད་བྱས་པ་དེ་ཁག10ཡི་ཚན་པ21ཡི་ཁོངས་སུ་གཏོགས། དེའི་ནང་ཤྭ་དམར་དང་། གླ་སྐྱ། གོ་བོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་། དེ་བཞིན་སྤྱང་ཀི་དང་། དྲེད་མོང་། ཡོ་རོབ་དང་ཨེ་ཤེ་ཡའི་གཡི། གནའ་བ། རྒོད་ཐང་སྨུག ཁྲ་དམར། བྱ་ཝང་དམར་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཚུད་ཡོད།
རྩོམ་སྒྲིག་པ། སྣང་རྡོར།