ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རི་བོ་ཆེ་རྫོང་སློབ་འབྲིང་གི་དེང་རབས་ཅན་གྱི་ཞག་སྡོད་ལམ་ལུགས།

སྤེལ་དུས 2023-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             རི་བོ་ཆེ་རྫོང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3900ཟིན། རྫོང་གི་ས་ཁམས་ཁོར་ཡུག་དམིགས་བསལ་ཡིན་ལ་ས་ཁོངས་རྒྱ་ཆེ་བ། རྫོང་ཁོངས་ཀྱི་བར་ཐག་རིང་ཤོས་སྤྱི་ལེ116ཟིན་པ་མ་ཟད། ས་དབྱིབས་སྣ་མང་ལ་དགུན་ཁའི་དུས་ཚོད་རིང་པོ་ཡོད། སྔར་ནས་བཟུང་ཁ་ཐོར་དུ་གནས་པའི་ཞིང་འབྲོག་པའི་བུ་ཕྲུག་གིས་སྤུས་ཚད་མཐོ་བའི་རྨང་གཞིའི་སློབ་གསོ་དང་ལེན་ཇི་ལྟར་བྱ་རྒྱུ་བཅས་ནི་ས་གནས་དེ་གའི་ཏང་ཨུད་སྲིད་གཞུང་དང་མང་ཚོགས་ཀྱི་སེམས་ནང་གི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག་སློབ་གྲྭས་ཞག་སྡོད་ལམ་ལུགས་ལ་བརྟེན་ནས་དགེ་རྒན་གཅིག་སྡུད་དང་། ལོ15རིང་གི་གཞུང་གྲོན་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས། ཁ་གཏད་རོགས་སྐྱོར་དང་རྫོང་སློབ་འབྲིང་རང་ངོས་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས་རྫོང་གི་ཕྲུ་གུ་ཚོ་དབུལ་ཕོངས་སམ་ཡང་ན་ལམ་ཐག་རིང་བའི་དབང་གིས་སློབ་གྲྭར་འགྲོ་མི་ཐུབ་པའི་དཀའ་ངལ་འཕྲད་མེད།

             དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་སློབ་གསོའི་རྨང་གཞི་བཏིང་པ།

             མི་རྣམས་བསམ་ཚོད་ཀྱི་རི་བོ་ཆེན་པོའི་སློབ་འབྲིང་དང་མི་འདྲ་བར། རི་བོ་ཆེ་རྫོང་སློབ་འབྲིང་གི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བས། རི་བོའི་རྒྱབ་ལྗོངས་འོག་སློབ་གྲྭ་མཛེས་ལ་ལུས་རྩལ་ཐང་ཁོད་སྙོམས་པོ་ཡོད།

             སློབ་མའི་ཁྱིམ་བདག་སྤེན་པས་རི་བོ་ཆེ་རྫོང་སློབ་འབྲིང་གི་སློབ་ཁྲིད་ཁོར་ཡུག་སྐོར་གླེང་སྐབས། ཁོང་གིས“ད་ལྟ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ང་ཚོའི་སྐབས་སུ་སློབ་གྲྭར་སྐྱོད་སྐབས་སློབ་ཁྲིད་ཐོག་ཁང་དེ་འདྲ་མེད་ལ། སྒྲོག་ཙེ་དང་རྐུབ་སྟེགས་ཡག་པོ་དེ་འདྲ་མེད་པ་དང་། སྐབས་དེ་དུས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་ཀྱང་ད་ལྟའི་དགེ་རྒན་ལས་ཞན། ད་ཆ་ཕྲུ་གུ་ཚོར་སློབ་གསོ་ཐོབ་པའི་ཁོར་ཡུག་དེ་སྔ་ལས་ཡག་པ་འདུག”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

            རི་བོ་ཆེ་རྫོང་སློབ་འབྲིང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གསུང་རབ་སྙན་ཚིག་གྱེར་འདོན་བྱེད་བཞིན་པ།

             སློབ་གྲྭ་བཙུགས་ནས་ལོ་ཉི་ཤུ་སོང་རིང་། སློབ་གྲྭར་ཚད་ལྡན་ཅན་གྱི་ལུས་རྩལ་ཐང1དང་། ལག་རྩེད་སྤོ་ལོ་ཐང2དང་། དཔེ་མཛོད་ཁང་དང་། ཚན་རྩལ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་གྲངས་འཛིན་སློབ་ར་སོགས་རྣམ་གྲངས་བརྒྱུད་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་སྟངས་ལག་བསྟར་བྱས་པ་དང་། གློག་ཀླད་འཁོར་ཁང་བཙུགས་པ་མ་ཟད། ད་དུང་སློབ་ཁང་ཚང་མར་ཕན་ཚུན་འབྲེལ་མཐུད་རྣམ་པའི་གློག་རྡུལ་པང་ལེབ་བཀོད་སྒྲིག་བྱས་ཡོད། 

             རི་བོ་ཆེ་རྫོང་གི་སློབ་འབྲིང་འཕེལ་རྒྱས་གཏོང་རྒྱུ་ནི་སློབ་གསོའི་སྡེ་ཚན་གྱིས་དམ་འཛིན་བྱེད་གཞི་གཙོ་གནད་ཡིན་ཞིང་། སློབ་གྲྭ་གཉེར་བའི་ལམ་བུར་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཐད་རྫོང་རང་གིས་སྒྲུབ་ཐུབ་པའི་བྱ་བ་རང་གིས་སྒྲུབ་པ་དང་། རང་གིས་འགྲུབ་མི་ཐུབ་པའི་བྱ་བ་རང་གིས་སྒྲུབ་རོགས་བྱེད་ཐབས་བཙལ་ནས་བསྒྲུབས་ཡོད།

             ས་གཤིས་ཆ་རྐྱེན་གྱི་ཚོད་འཛིན་སྣ་ཚོགས་ཀྱི་རྐྱེན་རི་བོ་ཆེ་རྫོང་སློབ་འབྲིང་དུ་ནམ་དུས་རང་བཞིན་གྱི་ཆུ་མཁོ་འདོན་གྱི་གནད་དོན་ཐོན་གྱི་ཡོད་པ་དང་། རྒྱུན་གཏན་གྱི་འཐུང་ཆུ་དང་འཚོ་བའི་ཐད་སྤྱོད་པའི་ཆུ་ཚ་པོར་དུས་ཚིགས་ཀྱི་གནམ་གཤིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། གནས་ཚུལ་དེའི་འོག 2020ལོར་ཆབ་མདོ་གྲོང་ཁྱེར་ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་གིས་སྣེ་ཁྲིད་དེ་རི་བོ་ཆེ་རྫོང་དུ“ཆུ་ཕོར”རྣམ་གྲངས་ལག་ལེན་བསྟར་བར་དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི1600ཙམ་བཏང་བ་དང་། ཆུ་མཁོ་འདོན་གྱི་ས་འོག་མདོང་ལམ་དྲ་བ་དང་། ཆུ་གསོག་མ་ལག ཆུ་ལེན་མ་ལག འཐུང་ཆུའི་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་གྲྭ་སྒྱུར་བཀོད་བྱས་པ་བརྒྱུད་ས་མཐོར་དུས་ཡུན་རིང་པོའི་ནང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་ཆུ་མཁོ་འདོན་སྒྲིག་ཆས་དང་ལྷག་པར་དུ་ཆུ་ཚ་པོ་བཟོ་བའི་སྒྲིག་ཆས་ལ་ཐེབས་པའི་ཤུགས་རྐྱེན་བསལ་ཡོད།

             2023ལོར་ལས་གྲྭའི་དུས་འགོའི་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པ་དང་། རྫོང་སློབ་འབྲིང་གི་ཞག་སྡོད་ཐོག་ཁང་དུ་བོད་སྐྱོར་རྣམ་གྲངས་ཀྱིས་ཞལ་འདེབས་བརྒྱབ་པའི་འཐུང་ཆུའི་འཕྲུལ་ཆས་བཀོད་སྒྲིག་བྱས་ཡོད་པས“ཆུ་ཕོར་པའི”འདུ་འགོད་བེད་སྤྱོད་མ་བྱས་གོང་གི་མཐའ་མའི་ཚོད་གཏོང་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

             ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་སློབ་གྲྭ་གཉེར་བའི་དཀའ་ངལ་མཐའ་མ་ཡང་བསལ་བ་དང་རི་བོ་ཆེ་རྫོང་སློབ་འབྲིང་དེང་རབས་ཅན་གྱི་སློབ་འབྲིང་འཕེལ་རྒྱས་ཀྱི་ལམ་བུར་སླེབས་ཡོད།

             དེང་རབས་ཅན་གྱི་སློབ་གཉེར་ལམ་ལུགས་ཀྱིས་སློབ་གསོའི་སྤུས་ཚད་ལ་འགན་སྲུང་བྱས་པ།

             བོད་སྐད་དུ་རི་བོ་ཆེ་རྫོང་ནི་རི་བོ་ཆེན་པོའི་དོན་ཡིན་ཞིང་། རི་བོ་ཆེན་པོའི་ནང་དེང་རབས་ཅན་གྱི་སློབ་འབྲིང་ཞིག་བཙུགས་དགོས་པས་རི་བོ་ཆེ་རྫོང་སློབ་འབྲིང་གིས་ལས་འགན་མང་པོ་འཁུར་ཡོད།

             བོད་ལྗོངས་སུ་སློབ་གསོ་ནི་ས་ཁུལ་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུས་ཡུན་རིང་པོའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བོད་ལྗོངས་སུ་སློབ་གསོ་དང་ལེན་བྱེད་མཁན་ཆེས་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་པ་དང་། རྒྱ་ཆེའི་ཞིང་བྲན་བུ་ཕྲུག་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་གང་ཡང་མེད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་རི་བོ་ཆེ་རྫོང་དང་འདྲ་བའི་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཡུལ་བབ་དང་བསྟུན་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཉེར་བ་དེ་ནི་སློབ་མའི“སློབ་གྲྭར་སྐྱོད་དཀའ་བའི”གཞི་རྩའི་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པ་མ་ཟད། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་བཅུ་གྲངས་རིང་སློབ་གསོའི་ཁྱབ་ཁོངས་སུ་སློབ་མ་རྣམས“སློབ་གྲྭར་སྐྱོད་དཀའ་བའི”གནད་དོན་འཚོལ་ཞིབ་དང་ནང་བཤུག་གཏོང་བའི་གདམ་ག་ཡག་ཤོས་ཤིག་ཀྱང་རེད།

             སློབ་མའི་ཁྱིམ་བདག་སྤེན་པས་ཕྲུ་གུ་སློབ་གྲྭར་སྐྱོད་པའི་དཔལ་འབྱོར་གནད་དོན་སྐོར་གླེང་སྐབས “ཕྲུ་གུ་སློབ་གྲྭར་སྐྱོད་པའི་ཁྱིམ་ཚང་ལ་ཧ་ལམ་དཔལ་འབྱོར་གྱི་ཁུར་པོ་གང་ཡང་མེད། ད་ཆ་སློབ་གྲྭ་ཚང་མར་འོས་འགན་སློབ་གསོ་ཡོད་ལ་དཔེ་དེབ་ཀྱང་སྤྲོད་ཀྱི་ཡོད། འཚོ་བའི་ཐད་སློབ་གྲྭར་ཁ་ལག་དང་། བཟའ་བཅའ་དང་ཉལ་ཁང་མཁོ་འདོན་བྱེད་ཀྱི་ཡོད། ང་ཚོའི་ཁྱིམ་བདག་གིས་གཙོ་བོ་ཕྲུ་གུའི་རྒྱུན་གཏན་གྱི་ཟས་གོས་ཕྱོགས་ལ་འགན་འཁུར་གྱི་ཡོད”ཅེས་བཤད།

             ཞག་སྡོད་ལམ་ལུགས་ཀྱིས་བོད་ལྗོངས་ཀྱི་འོས་འགན་སློབ་གསོའི་དཀའ་གནད་ཆེན་པོ་གཉིས་ཐག་གཅོད་བྱས་པ་སྟེ། གཅིག་ནི་སློབ་གསོའི་གྲངས་འབོར་མང་དུ་བཏང་བ། སློབ་ཞུགས་བྱེད་དགོས་པའི་ལོ་ཆུང་བྱིས་པ་ཚོས་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་སློབ་ལོ་ལོན་པའི་ལོ་ཆུང་བྱིས་པ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་པ། གཉིས་ནས་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ། བོད་ལྗོངས་ཀྱི་སློབ་མར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དང་ཧ་ལམ་འདྲ་བའི་སློབ་ཁྲིད་ཆ་རྐྱེན་ཐོབ་ནས་སློབ་རིམ་འཕར་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ།

             སློབ་གྲྭའི་ཞག་སྡོད་ལམ་ལུགས་ཀྱིས་དགེ་རྒན་གྱི་སྟོབས་ཤུགས་གཅིག་སྡུད་སྔར་ལས་ལེགས་པར་བྱས་ནས་དགེ་རྒན་གྱི་འགན་འཁྲི་སྔར་ལས་མང་། སློབ་མར་གཅིག་གྱུར་དོ་དམ་དང་སློབ་ཚན་གྲོལ་རྗེས་ཞབས་ཞུ་བྱས་པ་བརྒྱུད་ཆེད་བསྐོས་དགེ་རྒན་བཙུགས་ནས་སློབ་ཚན་གྲོལ་རྗེས་ཀྱི་སློབ་སྦྱོང་དང་འཚོ་བའི་འགན་འཁུར་གྱི་ཡོད་པས། རི་བོ་ཆེ་རྫོང་སློབ་འབྲིང་གི་སྦྱངས་འབྲས་ལོ་རེ་བཞིན་ཡག་ཏུ་ཕྱིན་ནས2021ལོ་ནས2022ལོའི་བར་སློབ་རིམ་འཕར་ཚད94%ཟིན་ནས་ཞག་སྡོད་ལམ་ལུགས་ཀྱིས་སློབ་མར་སྐུལ་འདེད་གཏོང་བའི་ནུས་པ་ཐོན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་སློབ་མ་ཁག་གཅིག་གིས་ཀྱང་སློབ་གྲྭར་སྡོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། 2023ལོར་རི་བོ་ཆེ་རྫོང་སློབ་འབྲིང་གི་ཞག་སྡོད་སློབ་མས་སློབ་མ་བསྡོམས་འབོར་གྱི90%ཡན་ཟིན་ཡོད།

             གཞན་ཡང་བོད་ལྗོངས་ཀྱི་རིག་གནས་ཀྱང་རྫོང་སློབ་འབྲིང་གི་སློབ་ཁང་ཕྱི་ནང་དུ་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད།

             རྫོང་སློབ་འབྲིང་གིས་རྒྱ་བོད་སྐད་ཡིག་གཉིས་ཀྱི་སློབ་གསོར་སྣང་ཆེན་བྱས་ནས་ཆེད་བསྐོས་དགེ་རྒན་གདན་དྲངས་ཏེ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ས་གནས་ཀྱི་སློབ་ཚན(བོད་སྐད་ཡིག་སོགས)བཀོད་སྒྲིག་འདང་ངེས་བྱས་པ་མ་ཟད། ད་དུང་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དང་། སྐོར་བྲོ་འགྲན་བསྡུར། སློབ་གྲྭའི་རིག་གནས་དུས་ཆེན་སོགས་རྣམ་པ་སྣ་ཚོགས་ཀྱི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་དང་ལུས་རྩལ་བྱེད་སྒོ་ཚུད་ཡོད། སློབ་མ་ཚོས་སློབ་སྦྱོང་དང་དེའི་ནང་ཞུགས་པའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔར་བས་ཤེས་རྟོགས་ཐུབ་ཡོད།

ཆེད་བསྐོས་འཚོ་བའི་དགེ་རྒན་གྱིས་དུས་བཅད་ལྟར་ཉལ་ཁང་ལྟ་བཤེར་དང་གཙང་སྦྲ་འགྲན་བསྡུར་བྱེད་བཞིན་པ།

             དེང་རབས་ཅན་གྱི་སློབ་ཁྲིད་འདུ་ཤེས་ཀྱིས་སློབ་མའི་ཕུགས་བསམ་དང་དད་སེམས་ཆེ་རུ་བཏང་བ།  

             དེང་རབས་ཅན་གྱི་སློབ་འབྲིང་ཞིག་གི་ནང་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་སློབ་གཉེར་ལམ་ལུགས་ཚུད་ཡོད་པ་མ་ཟད། ད་དུང་དེང་རབས་ཅན་གྱི་སློབ་གཉེར་འདུ་ཤེས་ཀྱང་ཚུད་ཡོད།

             2023ལོའི་ཟླ6པར་རི་བོ་ཆེ་རྫོང་སློབ་འབྲིང་གིས་འབྲིང་རྒྱུགས་གོང་གི་སྐུལ་སློང་དམ་འཇོག་ཚོགས་ཆེན་འཚོགས་ཤིང་། སྐུལ་སློང་ཚོགས་འདུར་སློབ་མའི་འཐུས་མིས་བརྩེ་སེམས་གཅིག་ཏུ་སྒྲིལ་ནས་སློབ་གྲོགས་ཚོར“ཕུགས་འདུན་མངོན་འགྱུར་ཡོང་བའི”ལྕག་སྐུལ་བྱས་པ་རེད། རྫོང་སློབ་འབྲིང་གི་སློབ་ཁྲིད་འདུ་ཤེས་ནི་ཀུན་སྤྱོད་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སློབ་མ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་ལྷག་པར་དུ་སློབ་མས་རང་ཉིད་ཀྱི་ཕུགས་བསམ་འཚོལ་ཐུབ་པ་དང་དམིགས་ཚད་ཡོད་ཚེ་སློབ་སྦྱོང་ཐད་དེ་བས་འབད་བརྩོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

             མ་འོངས་པའི་སྐོར་གླེང་སྐབས་ཁྱིམ་བདག་སྤེན་པས་སློབ་གསོའི་གལ་ཆེའི་རང་བཞིན་ཤེས་ཀྱི་ཡོད། མ་གཞི“སློབ་སྦྱོང་ཐད་ཀྱི་བྱ་བ་ངས་ཤེས་ཀྱི་མི་འདུག”ཅེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་རང་གི་ཕྲུ་གུ་དེ་བས་ཐག་རིང་བའི་ས་ཆར་གཏོང་རྩིས་བྱེད་ཀྱི་ཡོད། “ད་དུང་ཕྲུ་གུས་དཔེ་དེབ་མང་ཙམ་བལྟས་ནས་ཡག་ཤོས་བྱུང་ན་མཐོ་རིམ་སློབ་འབྲིང་འགྲིམ་ཐུབ་རེ་ཡོད། ད་ཆ་དུས་རབས་མི་འདྲ་བར་ཕྲུ་གུ་ཚོས་ངེས་པར་དུ་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པ་བྱས་ཚེ་གཞི་ནས་སྤྱི་ཚོགས་ཐོག་འཚོ་གནས་དང་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ”ཅེས་བཤད། མཐོ་འབྲིང་གི་རྗེས་སུ་གང་འདྲ་བྱེད་དགོས་མེད་ཁོང་གིས་བསམ་བློ་གཏོང་མྱོང་མེད།   

             འོན་ཀྱང་ལོ་རིམ་བརྒྱད་པའི་སློབ་མ་བཀྲ་ཤིས་བདེ་སྒྲོལ་གྱིས་འབྱུང་འགྱུར་ལ་འཆར་འགོད་དེ་བས་གསལ་པོ་ཡོད། ཁོ་མོས“ངས་སྔོན་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་དེ་རྗེས་རང་ཉིད་ཀྱིས་དགའ་པོ་བྱེད་པའི་སློབ་ཆེན་ལ་འགྲོ་ཐུབ་པ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། སློབ་སྦྱོང་བྱས་ཚེ་གཞི་ནས་ང་འཚར་ལོངས་ཡག་པོ་དང་ཤེས་ལྡན་མི་སྣར་འགྱུར་ཐུབ་པ་དང་། ཕྱི་རོལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ཞིག་གཞི་ནས་མཐོང་ཐུབ། དེ་ལྟར་བྱས་ཚེ་ངས་གཞི་ནས་ངའི་ཕ་ཡུལ་ལ་ཞབས་འདེགས་ཞུ་ཐུབ”ཅེས་བཤད།

             བཀྲ་ཤིས་བདེ་སྒྲོལ་གྱི་ཕུགས་བསམ་ནི་ལོ་རིམ་བརྒྱད་པའི་སྐད་ཡིག་དགེ་རྒན་དབྱངས་ཅན་གྱིས་བརྒྱུད་མྱོང་བའི་ལམ་བུ་ཞིག་རེད། སློབ་ཆེན་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ལོག་ནས་མི་དམངས་དགེ་རྒན་ཞིག་བྱས། ཁོང་གིས“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ས་གནས་རང་གི་མི་ཡིན་པས་རང་ཉིད་ཀྱི་ཕ་ཡུལ་ལ་སེམས་ཀྱི་གཏིང་ནས་དགའ་ཞེན་ཆེན་པོ་ཡོད། སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱས་ཏེ་ས་གནས་དེ་གའི་སློབ་གསོའི་བྱ་གཞག་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད།

             “ཕ་ཡུལ་འཛུགས་སྐྲུན་བྱེད་དགོས”ཞེས་པའི་སྙན་ཚིག་དེ་དགེ་སློབ་ཚོའི་ཁྲོད་ནས་ཐོན་ཡོད། རྫོང་སློབ་འབྲིང་དུ་ད་དུང་བཀྲ་ཤིས་བདེ་སྒྲོལ་དང་འདྲ་བའི་སློབ་མ་མང་པོ་ཡོད་ཅིང་། ཁོ་ཚོས་སློབ་སྦྱོང་ཀྱི་ལག་ལེན་ཁྲོད་འཛམ་གླིང་ལ་མྱོང་ཚོར་དང་འཛམ་གླིང་ལ་ཤེས་རྟོགས་བྱས་པ་དང་། ཁོ་ཚོས་ཕུགས་བསམ་བཅངས་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཟམ་མི་ཆད་པར་མངོན་འགྱུར་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། མང་ག་མཚོ།