ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཞང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་རིག་རྩལ་བྱེད་སྒོ་སྤེལ་བ།

སྤེལ་དུས 2024-02-07 ཡོང་ཁུངས། རྩོམ་པ་པོ།
              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་ཤིག་བསྐྱར་དར་ཡོང་བར་ཕྱི་དངོས་པོའི་སྟོབས་ཤུགས་དགོས་ལ།  ནང་བསམ་པའི་རིག་གནས་ཀྱི་སྟོབས་ཤུགས་ཀྱང་ཡོད་དགོས།  རང་རྒྱལ་གྱི་ཕྱོགས་མཚམས་གང་སར་མཐོ་ཞིང་བརྗིད་ཆགས་པའི་ཐོག་བརྩེགས་ཁང་བཟང་འགྱིང་ངེར་གནས་པ་བཞིན། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རིག་གནས་ཀྱི་ཐོག་བརྩེགས་ཁང་བཟང་ཡང་ཕྱོགས་མཚམས་ཀུན་ཏུ་འགྱིང་ངེར་མངོན་ཐུབ་པ་བྱེད་དགོས་ཞེས་གསུངས་མྱོང་ཡོད།

              སྤྱི་ཁྱབ་ཧྲུའུ་ཅིའི་གསུང་གི་བདུད་རྩིའི་གྲུ་ཆར་དང་།  ལྷག་དོན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསེར་གྱི་སྒྲོན་མེའི་འོད་མདངས་གཞི་རིམ་དུ་སྔར་བས་ས་ཁྱབ་རྡོ་ཁྱབ་ཡོང་ཆེད།   སྤྱི་ཟླ2པའི་ཚེས2ཉིན་གྱི་ཞོགས་པར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཞང་གིས།  དཔྱིད་གསར་དུས་ཆེན་དང་བོད་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་འཆར་ཉེའི་སྐབས་དེར་རྒྱ་ཆེའི་གཞི་རིམ་མང་ཚོགས་རྣམས་ཕུན་ཚོགས་འདོད་རྒུའི་ལོ་གསར་ཞིག་དགའ་གཏོང་ཐུབ་ཆེད། 《དཔྱིད་གསར་བསུ་ཞིང་ཏང་གི་དྲིན་ལ་བསྟོད། བདེ་སྐྱིད་འཚོ་བ་གསར་པའི་དཔལ་ལ་རོལ》ཞེས་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།

              ཞབས་བྲོ《བཀྲ་ཤིས་གནམ་ལོ་གསར་ཚེས》ཞེས་པ་དང་། 《བདེ་སྐྱིད་ཀྱི་ཁྱིམ་གཞིས》 《ཏང་གི་འོད་ཟེར་མཐའ་མཚམས་གྲོང་ཚོར་འཕྲོས》《གམ་པ་ལ་མོ》  《ཡར་འབྲོག་སྒོར་གཞས》ཞེས་པ་སོགས་ཞང་དེའི་མངའ་ཁོངས་གྲོང་ཚོ12ཀྱི་མང་ཚོགས་ཚོས་རང་རྩོམ་རང་འཁྲབ་བྱས་པའི་སྲོལ་རྒྱུན་གྱི་ཞབས་བྲོ་འཁྲུག་ཆ་དོད་ཅིང་ཐུན་མིན་སྒྱུ་རྩལ་གྱི་ཁྱད་ཆོས་མངའ་བ་དང་།  འཁྲབ་ཚན་ཐུང་གྲས་《བདེ་སྡོད》ཅེས་པ་དགོད་བྲོ་ལ་སློབ་གསོའི་དོན་སྙིང་གིས་ཕྱུག་པ།    ད་དུང་གླུ་གཞས་《ཡུལ་ལུང་ཆུང་ཆུང》  《ཡར་འབྲོག་སྐར་མ་གླིང》ཞེས་པ་ཡུལ་ལུང་གི་བཀོད་པ་དང་འཚམ་ཞིང་སྙན་འཇེབས་ལྡན་པ་སོགས་གང་ལྟར་རིག་རྩལ་ལེ་ཚན་ཁྱོན་ཡོངས་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་ཞིང་ལྟད་མོ་ཧ་ཅང་ཆེ་ལ། དུས་ཆེན་གཉིས་ཀྱི་སྤྲོ་སྣང་འཛད་མེད་འཕེལ་བ་མ་ཟད།   གྲོང་གསེབ་མང་ཚོགས་ཀྱི་དུས་ཆེན་གྱི་རིག་གནས་འཚོ་བ་འཁྲུག་ཏུ་བཏང་བ་དེས་ཀྱང་།    ས་གནས་དེ་གའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་།  ཐོབ་ཚོར།   སྤོབས་སེམས་བཅས་གང་ལེགས་མངོན་ཐུབ་པ་བྱུང་ཡོད། 

              ཉེ་བའི་ལོ་ཤས་རིང་། མ་གཞི་ཏང་གི་རིག་གནས་དམངས་ཕན་སྲིད་ཇུས་སྤེལ་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་ཕྱིན་པ་དང་།   གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་ཡང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་ས་ཁུལ་མི་ཉུང་བ་ཞིག་དང་ལྷག་པར་དུ་གྲོང་ཁྱེར་དང་རྒྱང་ཐག་རིང་བའི་ས་བབ་མཐོ་བའི་ཁུལ་དུ།  གྲོང་གསེབ་མང་ཚོགས་རང་ཉིད་ཀྱི་བྱེད་སྒོ་སྤེལ་རྒྱུ་ཉུང་དྲགས་པས།  རྒྱ་ཆེའི་མང་ཚོགས་ཚོས་ཕུལ་བྱུང་གི་རིག་གནས་ཐོན་ཁུངས་དང་རིག་གནས་བྱེད་སྒོ་ལ་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་ས་བབ་མཐོ་ཚད་སྨི4500ཙམ་ཟིན་པའི་སྣ་དཀར་རྩེ་རྫོང་མདོ་ཆོས་ཞང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ནི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་དང་མཐུན་པ་ཞིག་རེད་ལ། དམངས་འཚོར་ཕན་འདོགས་པ་དང་།  དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ།   དམངས་ཀྱི་འདོད་བློ་དང་བསྟུན་པའི་ལས་དོན་དམངས་སེམས་སུ་ཟུག་པར་བྱས་པ་ཞིག་རང་རེད།