ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

【དཔྱིད་གསར་དུས་ཆེན་རིང་གཞི་རིམ་དུ་བསྐྱོད་པ】ནག་ཆུ་དར་མདུད་ཞང་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱས་པ།

སྤེལ་དུས 2024-03-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྣང་མརྫོད་རྡོ་རྗེ།
          ཀྲུང་གོའི་བོད་ལྗོངས་་དྲ་བའི་འཕྲིན། ། ཟླ2པའི་ཚེས10ཉིན། ཀྲུང་གོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི“དཔྱིད་གསར་དུས་ཆེན་རིང་གཞི་རིམ་དུ་བསྐྱོད་པའི”མཚོ་བོད་ལམ་ཐིག་གི་བཅར་འདྲི་ཚོགས་ཆུང་དང་བཅས་པ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དར་མདུད་ཞང་དུ་བསྐྱོད་སྐབས། ས་ཆ་དེ་གར་དར་མདུད་ཞང་གི་སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་སྒྱུ་རྩལ་གྲུབ་འབྲས་འགྲེམས་སྟོན་དང“འབྲུག་ལོའི་དཔྱིད་གསར། བཀྲ་ཤིས་ལོ་གསར”ཞེས་པའི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་དང་ཏག་ཏག་འཁེལ་ཞིང་། བཅར་འདྲི་ཚོགས་ཆུང་དང་བཅས་པ་ཞང་སྲིད་གཞུང་གི་ཁ་སྤྲོད་དུ་ཡོད་པའི་དར་མདུད་ཞང་རིག་གནས་ས་ཚིགས་སུ་འབྱོར་སྐབས། གསར་འགོད་པས་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རྒྱན་གོས་གྱོན་པའི་མི་མང་པོ་དེ་གར་འཛོམས་ཡོད་པ་མཐོང་བྱུང་། ཡ་མཚན་དང་བཅས་ས་གནས་དེ་གའི་ལས་བྱེད་པར་སྐད་ཆ་དྲིས་པ་བརྒྱུད། དེ་ནི་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་བ། ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བ་བཅས་བྱ་ཆེད། གྲོང་གསེབ་རིག་རྩལ་རུ་ཁག་གིས་ཆེད་མངགས་རིག་རྩལ་ལེ་ཚན་གྲ་སྒྲིག་གང་ལེགས་བྱས་ནས། རྣམ་པ་གསར་རྐྱང་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཐོག་ནས་དུས་རབས་གསར་པའི་འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པ་ཞིག་ཡིན་པ་ཤེས་བྱུང་།

རིག་རྩལ་རུ་ཁག་གི་རུ་མི་ཚོས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་བཞིན་པ། 
          ས་གནས་དེ་གའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཚོས་སེམས་རྩ་འཁོལ་པོས་བསུ་བ་དང་གདན་ཞུ་བྱས་པ་བརྒྱུད། ཀྲུང་གོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི“དཔྱིད་གསར་དུས་ཆེན་རིང་གཞི་རིམ་དུ་བསྐྱོད་པའི”མཚོ་བོད་ལམ་ཐིག་གི་བཅར་འདྲི་ཚོགས་ཆུང་དང་བཅས་པའང་དེ་འཕྲལ་བྱེད་སྒོའི་ནང་ཞུགས་ནས། ལས་བྱེད་ལས་བཟོ་དང་འབྲོག་པ་མང་ཚོགས200ལྷག་ཙམ་དང་མཉམ་དུ་དར་མདུད་ཞང་རིག་གནས་ས་ཚིགས་སུ་མཉམ་འཛོམས་བྱས་ཏེ་དགའ་བའི་གླུ་ལེན་པ་དང་སྐྱིད་པའི་བྲོ་འཁྲབ་སྟེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱས་པ་མ་ཟད། ས་གནས་དེ་གའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དང་མཉམ་དུ་བརྗེད་དུ་དཀའ་ལ་དོན་སྙིང་ལྡན་པའི་ལོ་གསར་ཚེས་གཅིག་དགའ་གཏོང་བྱས།  

ལྟད་མོ་བ་ཚོས་འཁྲབ་སྟོན་ལེ་ཚན་ལྟ་བཞིན་པ། 
          རྒྱུས་ལོན་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་རིག་རྩལ་ལེ་ཚན་ཁྱོན13ཡོད་པ་སྟེ། 《ངག་གི་དབྱངས་རྟ》《སྤྲོ་སྣང་ལྡན་པའི་སྒོར་གཞས》《ཨ་ཅེ་འབྲོག་མོ》《བཀྲ་ཤིས་སྒོར་གཞས》《བེ་རི་བ》《རྩྭ་ཐང་གི་མཛའ་གཞས》《རྫ་ཁྲ་ཡག་ཁྲམ་པའི་མགོ་སྦྲ་རེད》《སྟག་ཤར་བ》《བྱང་ཐང་སྒོར་གཞས》《གངས་ཐོད་མཐོན་པོ》《འབྲོག་གླུ གླུང་སང་སང》《གངས་ལྗོངས་གླུ་གར་གྱི་རྒྱ་མཚོ》《བྱང་ཐང་གི་སྒོར་གཞས》བཅས་རེད། ཡིད་དབང་འཕྲོག་པའི་ལེ་ཚན་དེ་དག་ལས་དེ་གར་ཡོད་པའི་ལྟད་མོ་བར་མིག་གི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད་ལ། འགྱུར་ཁུག་སྙན་པའི་གླུ་དབྱངས་དང་སྤྲོ་སྣང་ལྡན་པའི་ཞབས་བྲོར་ཡང་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་གླུ་དབྱངས་སྐད་གསང་མཐོ་ཞིང་མང་ཚོགས་ཚོའི་དགའ་འབོད་ཀྱི་སྒྲ་དང་དགའ་བསུ་ཞུ་བའི་སྒྲ་ཡང་ཡང་གྲགས་ཀྱི་ཡོད།  

དྲན་རྟེན་པར་རྒྱག་བཞིན་པ། 
          བྱེད་སྒོའི་མཇུག་ཏུ་འཁྲབ་སྟོན་པ་དང་ཞིང་འབྲོག་མང་ཚོགས་ཚོས“རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན”ཞེས་མགྲིན་གཅིག་ཏུ་བརྗོད་པ་དང་བསྟུན་ནས། རིག་རྩལ་ལེ་ཚན་ཡང་རིམ་བཞིན་མཇུག་འགྲིལ་ཞིང་། ངག་རྒྱུན་དུ“མཉམ་དུ་འཛོམས་ཚེ་འབྲལ་རྒྱུ་ཆོས་ཉིད་ཡིན”ཞེས་པ་ལྟར། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི“དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད་པའི”མཚོ་བོད་ལམ་ཐིག་གི་བཅར་འདྲི་ཚོགས་ཆུང་དང་བཅས་པས་དེ་ནས་ཁ་བྲལ་དུས“ལོ་རྗེས་མར་སླར་ཡང་ས་གནས་དེ་གའི་ལས་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་དང་མཉམ་དུ་དུས་ཆེན་དགའ་གཏོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།  

ཉི་གཡབ་ནས་ལྟད་མོ་བ་ཚོས་ལེ་ཚན་ལྟ་བཞིན་པ། 
          ཤེས་རྟོགས་བྱུང་བར་གཞིགས་ན། ཨ་མདོ་རྫོང་གི་ཤར་རྒྱུད་དུ་གནས་པའི་དར་མདུད་ཞང་ནི་བྱང་རྩྭ་ཐང་གི་དབུས་སུ་གནས་པ་དང་། ཞང་དེ་ཡོངས་ཀྱི་ཁོངས་གཏོགས་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ616ཡོད་པ། ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ3དང་རང་བྱུང་གྲོང་ཚོ13ཡོད་ལ། ཁྱོན་དུད་ཚང339ཡི་མི1428ཡོད་པ་རེད།