ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

ལོ་བཅུའི་རིང་གི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ།

མིག་སྔར་ཕྱོགས་ཡོངས་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏིང་ཟབ་གཏོང་བའི་དུས་མཚམས་སུ་སླེབས་པ།

སྤེལ་དུས 2024-03-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           འདི་ལོ་ནི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་ལོ་10འཁོར་བའི་ལོ་རེད། ཟླ་2ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་གདན་དྲངས་ཏེ་ལོ་བཅུའི་རིང་གི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
           འགྲིམ་འགྲུལ་དང་། སྐྱེ་ཁམས། ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ།
           “ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་ལོ་10སོང་རིང་། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་འོག་འབྲེལ་ཡོད་སྡེ་ཚན་གྱིས་འགག་སྒྲོལ་དཀའ་སེལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀུའོ་ལན་ཧྥུང་གིས་ཕྱོགས་འགའི་ཐད་ནས་ངོ་སྤྲོད་བྱས་པ་རེད།
           འཆར་འགོད་སྲིད་ཇུས་ཀྱི་སྒྲོམ་གཞི་བཙུགས་པ། 2015ལོའི་ཟླ་6པར《ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》བཀྲམ་ཞིང་། འབྲེལ་ཡོད་ཕྱོགས་ཀྱིས་དེ་འཆར་གཞིར་བྱས་ནས་འབྲེལ་ཡོད་འཆར་འགོད་བཟོས་པ་དང་གཙོ་གནད་ལས་འགན་ཁག་བགོས་ཞིབ་ཚགས་སུ་བཏང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་ཐོན་ལས་དང་སློབ་གསོ་སོགས་ཆེད་དོན་འཆར་འགོད་དང་ལེ་ལག་ཚང་བའི་སྲིད་ཇུས་བཏོན་པས། དམིགས་ཚད་གཅིག་མཐུན་དང་། རིམ་པ་ཁ་གསལ། ཕན་ཚུན་འབྲེལ་མཐུད་བཅས་ཀྱི་འཆར་འགོད་སྲིད་ཇུས་ཀྱི་མ་ལག་ཅིག་གྲུབ་ཡོད།
           པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་བྱས་པར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། མཐོ་སློབ་དང་། སྨན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྤྱི་ཁྱབ་པུའུ་ཁག་དང་པོ་ཞུང་ཨན་ཁུལ་གསར་དུ་བཙུགས་པ་ལས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་བཀོད་སྒྲིག་བྱེད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་ནུས་པ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་པེ་ཅིང་དེ་ཉིད་རྒྱལ་ཡོངས་ཀྱི་ཐོན་ཁུངས་བེད་སྤྱོད་ཉུང་གཏོང་གི་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཆེ་ཤོས་དང་པོར་གྱུར་ཡོད།
           འགྲིམ་འགྲུལ་དང་། སྐྱེ་ཁམས། ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། འགྲིམ་འགྲུལ་གཞི་གཅིག་ཅན་གྱི་དྲ་བ་མགྱོགས་མྱུར་བཙུགས་པ་དང་གྲོང་ཁྱེར་གཙོ་བོའི་ཆུ་ཚོད་1ནས་1.5བར་གྱི་འགྲིམ་འགྲུལ་འཁོར་རྒྱ་གཞི་རྩའི་ཆ་ནས་གྲུབ་ཡོད། སྐྱེ་ཁམས་མཐུན་སྦྱོར་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་ཅིང་། 2023ལོར་ས་ཁོངས་ཀྱི་PM2.5དེ་2014ལོ་ལས་བཅུ་ཆ་དྲུག་ཙམ་ཆག་ཡོད། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཀྲུང་ཀོན་གྲོང་ཚོའི་ཁེ་ལས་ཀྱིས་ཐེན་ཅིན་དང་ཧོ་པེར་ཡན་ལག་སྒྲིག་གཞི་ཁྲི་1ལྷག་ཙམ་བཙུགས་པ་དང་། པེ་ཅིང་ནས་ཐེན་ཅིན་དང་ཧོ་པེར་ཕྱོགས་པའི་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་2800ལྷག་ཙམ་ཟིན་ཡོད། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་བཏང་བས་སྨན་བཅོས་སྒྲིག་གཞི་9900ལྷག་ཙམ་གྱིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་ཀྱི་ཡོད་པ་རེད།
           པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཞུང་ཨན་ཁུལ་གསར་འཕེལ་རྒྱས་འགྲོ་བཞིན་ཡོད་པ།
           “གྲོང་ཁྱེར་གྱི་སྒྲོམ་གཞི་གོ་རིམ་ལྡན་པའི་ངང་འཛུགས་བཞིན་ཡོད་ལ། གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཁག་གཅིག་སྐྲུན་བཞིན་ཡོད”པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཤཱ་ལིན་མའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་སྲིད་འཛིན་གཞུང་དོན་སྒྲུབ་ཁུལ་དུས་ཐེངས་དང་པོ་དང་གཉིས་པ་ཚང་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། གྲོང་ཁྱེར་གྱི་སྔོ་ལྗང་ནགས་ཚལ་སྤྱི་གླིང་སྒོ་ཕྱེ་ནས་འཆམ་འཆམ་དུ་སྐྱོད་ཆོག་པ། གོ་ལ་ཧྲིལ་པོའི་བརྗོད་དོན་གཙོ་བོའི་སྤྱི་གླིང་དེ་པེ་ཅིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་པ། ལྟེ་བ་ཕལ་པའི་ས་ཚིགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་ཤར་ཕྱོགས་ཀྱི་སྐོར་ལམ་དྲུག་པའི་ས་འོག་སྒྱུར་བཀོད་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་མགྱོགས་སུ་ཕྱིན་ཡོད།
           “ཐེན་ཅིན་གྱིས་པེ་ཅིང་དང་འབྲེལ་མཐུད་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་ཁྲོམ་ར་ཅན་གྱི་སྒོ་ནས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་བྱེད་འགན་འཁུར་ཡོད” ཐེན་ཅིན་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིའུ་ཀུའེ་ཕིང་གིས། “འཁོར་ལམ་ཐོག་གི་ཅིང་ཅིན་ཅི”མགྱོགས་མྱུར་བཏོད་དེ་ཅིན་ཤིང་གྲོང་སྤྱིའི་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། ཐེན་ཅིན་གྲུ་ཁའི་དགེ་མཚན་འདོན་སྤེལ་བྱས་ནས་ས་ཁོངས་ཀྱི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ། ཚན་རྩལ་གསར་གཏོད་མཉམ་ལས་ཐད་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། ན་ནིང་པེ་ཅིང་ནས་ཐེན་ཅིན་ལ་ཕྱོགས་པའི་ལག་རྩལ་གན་རྒྱ་ཁག་2324ཟིན་ནས་ཚོང་འགྲིག་ཚད་དུས་མཚུངས་ལས་85%འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་རིག་ནུས་དྲ་སྦྲེལ་རླངས་འཁོར་སོགས་དགེ་མཚན་ལྡན་པའི་ཐོན་ལས་མཐུན་སྦྱོར་མཉམ་འགུལ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
           སྙིང་རུས་གཏན་འཁྱོངས་ཀྱིས་སྒྲུབ་མཁས་ལ་རྗེས་ཐོན་པར་བྱས་ནས་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།
           འདས་ཟིན་པའི་ལོ་བཅུའི་རིང་གི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་གཙོ་བོ་རྨང་གཞི་བརྟན་གཏོང་དང་བཀོད་ཇུས་ལུགས་མཐུན་ལས་བྱུང་བ་དང་། གཙོ་གནད་ནི་དཔལ་འབྱོར་གྲུབ་ཆ་དང་བར་སྟོང་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་བཏང་བ་ལས་བྱུང་བ་རེད། མིག་སྔར་ཅིང་ཅིན་ཅི་རོགས་ལས་འཕེལ་རྒྱས་དེ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏིང་ཟབ་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།
           ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་པེ་ཅིང་གི་གཞོགས་གཉིས་ཀྱི་གྲོང་ཁུལ་གསར་པ་གཉིས་འཛུགས་སྐྲུན་ཡག་པོ་བྱས་ནས་ས་ཁོངས་ཀྱི་འཕར་གཞི་སྐྱེད་སྲིང་བྱས་ཤིང་། ཞུང་ཨན་ཁུལ་གསར་དུ་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ལ་མུ་མཐུད་སྐུལ་འདེད་བཏང་ནས་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་ཁུལ་དུ་ཚན་རྩལ་གསར་གཏོད་དང་། སྲིད་འཛིན་གཞུང་སྒྲུབ། ཚོང་དོན་ཞབས་ཞུ། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱད་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་པེ་ཅིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་བཏང་ཡོད།
           མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཅིང་ཅིན་ཅིའི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཅིང་ཅིན་ཅིའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། སྤྱི་ཚོགས་འགན་སྲུང་དང་རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། དེ་བཞིན་བྱང་གསུམ་འགོག་སྲུང་ནགས་ཚལ་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཅིང་ཅིན་ཅིའི་ནམ་མཁའ་དེ་བས་གཡའ་དག་པ་དང་ཆུ་མོ་དེ་བས་དྭངས་ཤིང་གཙང་མ་ཡོང་བར་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།