ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་གཞི་རིམ་ལས་བྱེད་མང་ཚོགས་ལ་དཔྱིད་གསར་འཚམས་འདྲི་གནང་།

སྤེལ་དུས 2023-01-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་ཞིང་། མི་རིགས་ཁག་གི་མི་དམངས་གཟུགས་གཞི་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བྱ་གཞག་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཡོང་བ། ཡོས་ལོར་བཀྲ་ཤིས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་ལ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་བཟང་པོ་ཡང་ཞུས་གནང་ཡོད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས་ཡོད་པ་རེད། 
          དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་ཧྭ་ས་གཞི་ཆེན་མོའི་ཐོག་ཏུ་ག་ས་གང་དུ་ལོ་གསར་གྱི་རྣམ་པས་ཡོངས་སུ་ཕྱུག་ཡོད། སྤྱི་ཟླ1པོའི་ཚེས18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཧེ་ལུང་ཅང་དང་ཧྥུ་ཅན། ཤིན་ཅང་། ཧོ་ནན། པེ་ཅིང་། ཟི་ཁྲོན་སོགས་ས་ཆའི་གཞི་རིམ་ལས་བྱེད་མང་ཚོགས་དང་བརྙན་ལམ་འབྲེལ་མཐུད་གནང་སྟེ། རིམས་འགོག་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། ཕན་བདེ་ཁང་གི་རྒན་རྒོན་གྲོགས་པོ། ནུས་ཁུངས་མཁོ་འདོན་འགན་སྲུང་ཁེ་ལས་ཀྱི་ལས་མི། མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱི་ལས་བྱེད་ལས་བཟོ་པ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་དུད་དང་མང་ཚོགས། ཤང་གྲོང་གི་གཞི་རིམ་ལས་བྱེད་མང་ཚོགས་བཅས་ལ་འཚམས་འདྲི་གནང་བ་དང་། ཚང་མར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད། 
          ཞི་ཅིན་ཕིང་གིས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པར་སྨན་བཅོས་བྱེད་པའི་ལས་དོན་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་གིས་དང་ཐོག་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ་དང་བརྙན་ལམ་འབྲེལ་མཐུད་གནང་ནས་སྨན་དོན་མི་སྣ་དང་སྨན་ཁང་དུ་སྡོད་པའི་ནད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སུ་བཏང་རྗེས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་དང་། ནད་ཚབས་ལྕི་བ་བཅོས་སྐྱོབ། སྨན་རྫས་བཀོད་སྒྲིག ནད་པ་དྲག་སྐྱེད་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། སྨན་ཁང་གི་ཡོན་ཀྲང་གིས། དོས་དྲག་ནད་པ་དང་ནད་གཞི་ལྕི་བའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དང་། ནད་ཁང་དང་ཉལ་ཁྲི་འདང་ངེས་ཡོད་པ། སྨན་རྫས་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་ཞུས་པ་གསན་གནང་སྐབས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། དེ་རྗེས། ཞི་ཅིན་ཕིང་ནས་སྨན་ཁང་དུ་སྡོད་པའི་ནད་པ་བགྲེས་སོང་ཞིག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། ནད་པའི་ནད་གཞི་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད་ཅིང་སྨན་ཁང་ནས་དོན་གྲབས་ཡོད་པ་མཁྱེན་སྐབས། ཞི་ཅིན་ཕིང་གིས་ཁོང་སྔ་ཙམ་དྲག་སྐྱེད་བྱུང་ནས་ཕ་ཡུལ་དུ་ལོག་སྟེ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པའི་སྨོན་འདུན་ཞུས་གནང་བ་རེད། ཁོང་གིས། ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་དང་། ལྷག་པར་དུ་དུས་རིམ་འདིའི་རིམས་ནད་ཐོན་ཚད་ཤུགས་ཆེར་འགྲོ་བའི་སྐབས་སུ། རྒྱ་ཆེའི་སྨན་དོན་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱུན་གཏན་སྨན་བཅོས་ཀྱི་འཐབ་ཕྱོགས་གཉིས་སུ་འབད་འཐབ་ཧུར་ཐག་བྱེད་པ་དང་། དུས་ཡུན་རིང་པོའི་ནང་ཤུགས་ཚད་ཆེ་ཞིང་ཚད་ལས་བརྒལ་བའི་ལས་ཀ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།     
          ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད། ཁོང་གིས། ཉེ་བའི་ལོ་གསུམ་རིང་། ང་ཚོས་ཏོག་གསར་རིམས་ནད་ལ་རིགས་ཁ་པར་རིགས་ཀ་པའི་དོ་དམ་ལག་ལེན་བསྟར་བ་དེ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་ཏེ། ནད་དུག་གཞན་འགྱུར་ཐེངས་མང་བྱུང་བར་ཁ་གཏད་བཅག་ཐུབ་ནས་ནད་ཚབས་ཆེན་ཕོག་ཚད་དང་ནད་པ་གྲོངས་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་སུ་གཏོང་རྒྱུ་དང་རིགས་ཁ་པར་རིགས་ཁ་པའི་དོ་དམ་ལག་ལེན་བསྟར་རྒྱུར་དུས་ཚོད་ཀྱང་བརྩོན་ལེན་ཐུབ་ཡོད། ད་ལྟ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དུས་རིམ་གསར་པར་སླེབས་ཡོད་ཅིང་། སྔར་བཞིན་ཤུགས་རྒྱག་དགོས་པའི་དུས་སུ་གནས་ཡོད་མོད། འོན་ཀྱང་རྒྱལ་ཁའི་འོད་སྣང་མདུན་ཕྱོགས་ནས་འཕྲོ་བཞིན་ཡོད་པས་རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན། མིག་སྔར། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དེ་སྔོན་འགོག་ནས་སྨན་བཅོས་སྐྱོབ་བཅོས་བྱེད་པའི་བར་བསྒྱུར་ཡོད་པ་དང་། གཙོ་གནད་ནི་བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག་བྱ་རྒྱུ་དེ་ཡིན་པས། སྨན་ཁང་གི་ལས་འགན་དེ་བས་ལྕི་རུ་ཕྱིན་ཡོད། སྨན་བཅོས་ཐོན་ཁུངས་སྔར་བས་རྒྱ་བསྐྱེད་པ་དང་། སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་བ། སྨན་རྫས་བཀོད་སྒྲིག་མང་དུ་གཏོང་བ། ལྷག་པར་དུ་ནད་གཞི་ལྕི་རིགས་སྨན་བཅོས་བྱེད་པའི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་ཀྱིས་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་འགན་ལེན་བྱེད་དགོས། སྨན་དོན་མི་སྣས་རང་ངོས་འགོག་སྲུང་བྱ་རྒྱུ་དང་ཁོང་ཚོར་སེམས་ཁུར་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་གཟུགས་པོ་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་གོང་མའི་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག ཚན་རིག་དང་མཐུན་པའི་ངང་འགོག་བཅོས་དང་གནད་སྨིན་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཙོ་གནད་སྒྲིག་གཞི་དང་། གཙོ་གནད་ཚན་པ། གཙོ་གནད་མི་ཚོགས་བཅས་ཀྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མང་ཚོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་པ། གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞན་ཆ་གསབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། 
          བརྙན་ལམ་འབྲེལ་མཐུད་བྱ་ཡུལ་དེ་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་བརྗེས་པ་དང་། ཕན་བདེ་ཁང་དུ་ཡོད་པའི་བགྲེས་སོང་དང་ལྟ་སྐྱོང་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད། ཁོང་གིས་ཕན་བདེ་ཁང་གི་འཚོ་བ་དང་སྨན་བཅོས་ཀྱི་ཆ་རྐྱེན་དང་། རིམས་ནད་སྔོན་འགོག་ཚོད་འཛིན། རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་གནས་ཚུལ་བཅས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཕན་བདེ་ཁང་དུ་ཡོད་པའི་རྒན་རྒོན་ཚོ་དང་ལྷན་དུ་གཟུགས་པོའི་གནས་ཚུལ་དང་རྒྱུན་གཏན་གྱི་འཚོ་བའི་སྐོར་ལ་གླེང་མོལ་ནས་ཁོང་ཚོར་གཟུགས་པོར་གཅེས་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། དེ་གར་བཟས་རིགས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་པ་དང་སྨན་རྫས་གསོག་འཇོག་འདང་ངེས་ཡོད་པ། རྨང་གཞིའི་ནད་ཡོད་པའི་རྒན་རྒོན་ཚོར་རྒྱུན་གཏན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ། དུས་ཆེན་གོང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཡག་པོ་བྱས་ཡོད་པ་བཅས་མཁྱེན་སྐབས། ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། བགྲེས་སོང་ཚོས་རང་ཉིད་ཀྱིས་བཟོས་པའི་ཤོག་དྲས་འདྲ་གཟུགས“ཧྥུའུ”ཞེས་པའི་རྒྱ་ཡིག་ཡི་གེ་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་དང་། ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། མིག་སྔར། ནད་དུག་སྔར་བཞིན་རྒྱུན་ཆད་མེད་པར་གཞན་འགྱུར་འབྱུང་བཞིན་ཡོད། དུས་རིམ་འདིའི་རིམས་ནད་ཀྱི་དུག་ནུས་ཅུང་ཟད་ཆུང་དུ་ཕྱིན་ཡོད་མོད། འོན་ཀྱང་འགོ་ཁྱབ་དེ་བས་མགྱོགས་པ་དང་འགོ་ཚད་དེ་བས་ཆེ་བར་བརྟེན་རྒན་རྒོན་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། ངས་རྒན་རྒོན་རྣམས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒན་རྒོན་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས། རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་སྒྲིག་གཞིའི་མི་སྣའི་འགོག་སྲུང་དང་བདེ་ཐང་དོ་དམ་གྱི་བྱ་ཐབས་དེ་ས་ཆ་གཞན་པ་ལས་ནན་པ་བྱས་ཏེ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་རྒྱུ་ནན་འགོག་བྱེད་དགོས། རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་ཀྱིས་སྨན་བཅོས་སྒྲིག་གཞིར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནད་གཞི་ལྕི་པོ་ཕོག་མཁན་ལ་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་བཟང་ཞིག་ཡིན། སྤྱི་ཚོགས་ཤིག་བདེ་སྐྱིད་ཡིན་མིན་དེའི་ཆེས་གཙོ་བོ་ནི་རྒན་རྒོན་རྣམས་བདེ་སྐྱིད་ཡིན་མིན་ལ་བལྟ་དགོས། རང་རྒྱལ་གྱི་སྤྱི་ཚོགས་རྒན་རྒོན་ཅན་དུ་འགྱུར་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པས། ངེས་པར་དུ་རྒན་རྒོན་རྣམས་ཚེ་མཇུག་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱེད་དགོས་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། གཞུང་གཉེར་རྒན་གསོའི་ལས་ཁུངས་དང་ཀུན་ཕན་ཅན་གྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ། ལྷག་པར་དུ་དམིགས་བསལ་དཀའ་ངལ་ཡོད་པ་དང་། མ་མཐའི་འཚོ་རྟེན་འགན་སྲུང་བྱེད་ས། ལོ་ན་མཐོ་བ།  ལས་ཀ་བྱེད་ནུས་ཉམས་པ་བཅས་ཀྱི་རྒན་རྒོན་གྱི་མ་མཐའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་རྩལ་བྱེད་སྒོ་སྒྲིག་འཛུགས་འོས་འཚམ་བྱས་ནས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་། རྒན་རྒོན་གྲོགས་པོ་རྣམས་ནས་སྤྲོ་སྣང་དང་། བདེ་ཐང་། འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཤིན་ཅང་ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་གནས་པའི་ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ནི་རང་རྒྱལ་གྱི་སྐམ་སའི་ཐོག་གི་སྣུམ་ཞིང་ཆེ་གྲས་གསུམ་པ་དེ་ཡིན་ལ། རང་རྒྱལ་གྱི“ནུབ་རླངས་ཤར་འདྲེན”གྱི་གཙོ་ཤུགས་སོལ་རླངས་འབྱུང་ཁུངས་ཀྱང་ཡིན་པས། ཤིན་ཅང་ལྷོ་རྒྱུད་དང་སྨད་རྒྱུད་ལམ་རྒྱུད་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར15ཡི་གྲོང་མིར་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས་ཐ་ལི་མུའུ་སྣུམ་ཞིང་ཀུང་སིའི་ལུན་ནན་སྣུམ་རླངས་གསོག་འདྲེན་ལྟེ་གནས་ནུབ་རླངས་ཤར་འདྲེན་གྱི་ས་ཚིགས་དང་པོ་ཁེ་ལ་རླངས་གསོག་ཁུལ་དང་བརྙན་ལམ་འབྲེལ་མཐུད་གནང་ཡོད། ཞི་ཅིན་ཕིང་གིས། དུས་ཆེན་གྱི་སྐབས་སུ་རེས་མོས་ངལ་གསོ་རྒྱག་ཐུབ་བམ། ཁྱེད་ཚོས་ཕྱི་ལ་ལོ་གསར་གཏོང་བཞིན་ཡོད་པས་ལོ་གསར་གྱི་མཁོ་ཆས་ཚང་མ་གྲ་སྒྲིག་བྱས་ཚར་རམ། དཔྱིད་གསར་དུས་ཆེན་རིང་ཁྱེད་ཚོས་ཇི་ལྟར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱས་ནས་བདེ་འཇགས་ངང་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་བྱེད་དགོས་སམ་ཞེས་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བར། ཡུལ་དངོས་ཀྱི་ལས་བཟོ་པས་རེ་རེ་བཞིན་ལན་བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་ལས་གནས་ཡག་པོ་སྲུང་བ་དང་རླངས་མཁོ་འདོན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། 
          ཞི་ཅིན་ཕིང་གིས། ནུས་རྒྱུའི་བདེ་འཇགས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། བདེ་འཇགས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེང་སྐབས། རང་རྒྱལ་ནི་དགུན་དུས་ནུས་ཁུངས་སྤྱོད་མང་ཤོས་ཀྱི་དུས་ལ་སླེབས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། རྒྱལ་ཡོངས“མིག་མངས་འགྲིག་སྐོར་གཅིག”གི་ལས་དོན་མཐའ་འཁྱོངས། སྒྲིག་འཛུགས་དང་བཀོད་གཏོང་ཞིབ་ཚགས་བཅས་བྱས་ཏེ། རྡོ་སོལ་དང་གློག སྣུམ་རླངས་བཅས་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། གྲང་ངར་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་པ། དམངས་འཚོའི་ནུས་སྤྱོད་ཀྱི་མཐའ་ཚད་སྲུང་བ་བཅས་ནས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། ཀྲུང་དབྱང་ཁེ་ལས་ནི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པའི་ཀ་རྟེན་ལྟ་བུ་ཡིན་པས། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནུས་ཤུགས་ཡོད་རྒུས་ཐོན་འཕར་དང་མཁོ་སྤྲོད་འགན་ལེན་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་རྒྱུའི་དགོས་མཁོ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
          ཀྲེང་ཀྲོའུ་ཤར་འབབ་ཚུགས་ནི་རང་རྒྱལ་གྱི་ཆེས་ཆེ་བའི་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་།  སྔོན་དཔག་བྱས་ན་ད་ལོའི་དཔྱིད་གསར་དུས་ཆེན་རིང་འགྲུལ་པ་ཁྲི་337སྐྱེལ་འདྲེན་བྱ་རྒྱུ་རེད།  ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་དེ་ལྕགས་ལམ་འགྲུལ་སྐྱེལ་ལས་བྱེད་ལས་བཟོ་པ་ཚོར་འཚམས་འདྲི་གནང་ཡོད། ཤར་འབབ་ཚུགས་ཀྱི་འབབ་སྟེགས་དང་པོའི་ཐོག ཀྲེང་ཀྲོའུ་ཤར་འབབ་ཚུགས་ཀྱི་འབབ་ཚུགས་འགོ་འཛིན་གྱིས་དཔྱིད་གསར་དུས་ཆེན་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་སྤྱིའི་གནས་ཚུལ་ངོ་སྤྲོད་ཞུས་ཡོད།  ཞི་ཅིན་ཕིང་གིས་འབབ་ཚུགས་ཀྱིས་ད་ལྟའི་ཆར་ཉིན་ལྟར་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་མང་ཉུང་དང་།  རིམས་འགོག་བྱ་ཐབས་དོན་འཁྱོལ་གང་འདྲ་བྱེད་མིན།  དཔྱིད་གསར་དུས་ཆེན་རིང་གི་བདེ་འཇགས་བཅོས་སྒྲིག་ཐད་བྱ་ཐབས་གང་འདྲ་བཟུང་མིན་སོགས་ཀྱི་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་།  ཁོང་ཚོས་སྒྲིག་འཛུགས་བཀོད་གཏོང་ཚགས་ཚུད་པོ་བྱེད་པ་དང་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་ནན་པོ་སྲུང་ནས་རྒྱ་ཆེའི་འགྲུལ་པ་རྣམས་བདེ་འཇགས་ངང་འགྲོ་འོང་བྱ་རྒྱུར་འགན་ལེན་བྱ་དགོས་པའི་མངགས་བཅོལ་གནང་ཡོད།  སྒུག་སྟེགས་ཐོག་གི་འགྲུལ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་དུས་འཚང་ཁ་ཤིག་ཤིག་ངང་བརྙན་མིག་གི་མདུན་དུ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད།  ཞི་ཅིན་ཕིང་གིས་ཁོང་ཚོ་ཁྱིམ་དུ་ལོག་མཁན་ཡིན་ནམ་ཕྱིར་ཡུལ་སྐོར་ལ་བསྐྱོད་མཁན་ཡིན་ནམ་ཞེས་མཛའ་བརྩེའི་ངང་བཀའ་འདྲི་གནང་བ་དང་།  ཁོང་ཚོས་ལམ་བར་གྱི་བདེ་འཇགས་ལ་དོ་སྣང་བྱ་རྒྱུའི་མངགས་བཅོལ་གནང་ཡོད།  ཞི་ཅིན་ཕིང་གིས།  དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པ་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད།  ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་མཚམས་གསར་པར་སླེབས་རྗེས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་དང་པོ་དེ་ཡིན་པས་འགྲུལ་པ་འགྲོ་འོང་བྱེད་མཁན་ལྡབ་ཀྱིས་མང་དུ་ཕྱིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པས་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་།  བདེ་བགྲོད་ཐུབ་པའི་ནུས་པ་ཆེ་རུ་བཏང་ནས།  མི་དམངས་མང་ཚོགས་བར་ཆད་མེད་པའི་ངང་ནས་འགྲོ་སྐྱོད་ཐུབ་རྒྱུར་འགན་ལེན་དང་དངོས་ཟོག་གཙོ་བོའི་སྐྱེལ་འདྲེན་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱ་དགོས།  མཐའ་ཐིག་གི་རིག་ལམ་རྒྱུན་འཁྱོངས་བྱེད་པ་དང་གནམ་གཤིས་ངན་པའི་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།  བདེ་འཇགས་ལ་ཉེན་ཁ་བཟོ་བའི་རྐྱེན་རྣམས་བཤེར་བ་དང་བཅོས་སྒྲིག་གང་ལེགས་བྱེད་པ།  བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་གཏན་འགོག་བྱེད་དགོས།  འགྲོ་སྐྱོད་ཅུང་གཅིག་སྡུད་ཡིན་པའི་ཞོར་ལས་པ་དང་སློབ་མར་ཞབས་ཞུ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁོང་ཚོ་དུས་ཆེན་གོང་བདེ་འཇགས་ངང་ཕ་ཡུལ་དུ་ལོག་ཐུབ་པ་དང་དུས་ཆེན་རྗེས་བདེ་འཇགས་ངང་ལས་གནས་དང་སློབ་གྲྭར་ལོག་ཐུབ་པ་བྱ་དགོས།  རིམས་འགོག་གི་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ། ནད་དུག་ཕན་ཚུན་འགོ་རེས་བྱེད་ཚད་ཚད་གཞི་ཆེ་ཤོས་ཐོག་ནས་ཉུང་དུ་གཏོང་བ་དང་འགྲུལ་པའི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་དགོས་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས།  དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་ཀྱི་ལས་བྱེད་ལས་བཟོ་པ་ཚོས་དཀའ་བ་ཁྱད་དུ་བསད་ནས་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད་པས་བྱས་རྗེས་ཆེན་པོ་རེད། དཔྱིད་གསར་དུས་ཆེན་རིང་བློ་མཐུན་མང་པོས་ལས་གནས་བརྟན་སྲུང་གནང་བཞིན་ཡོད་ཅེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་འགྲིམ་འགྲུལ་སྐྱེན་འདྲེན་ཁོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་མ་ཟད་འགྲུལ་པ་རྣམས་ཕེབས་ལམ་བདེ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།  
          ཤིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཁྲོམ་ར་ནི་པེ་ཅིང་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་དང་ཤིང་འབྲས་མཁོ་འདོན་བྱེད་ས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་སྡེབ་ཚོང་ཁྲོམ་རར་ཡོད་པའི་ཚོང་དུད་དང་ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཡོད།  སྔོ་ཚལ་གྱི་ཁུལ་དང་པོའི་མཐོང་ཡངས་ཉོ་ཚོང་ཁུལ་དུ། ཚོང་དུད་དང་ས་གནས་ས་ཐོག་གི་མང་ཚོགས་ཚོས་དགའ་ཚོར་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཁྲོམ་རའི་འགན་འཁུར་བས་མཁོ་འདོན་འགན་ལེན་དང་ཟོག་འགྲེམས་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་རྗེས། ཞི་ཅིན་ཕིང་གིས་ཉིན་ཤས་རིང་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་གང་འདྲ་ཡིན་པ་དང་། འདི་ལོའི་ཚོང་དུད་ཀྱི་ཉོ་ཚོང་གང་འདྲ་ཡིན་པ། འདི་ལོའི་སྡེབ་ཚོང་རིན་གོང་གང་འདྲ་ཡིན་པ་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད།  ཚལ་གོང་བརྟན་ཞིང་སྣ་ཁ་འཛོམས་པོ་ཡོད་པ་མཁྱེན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད། ཁོང་གིས། དམངས་ཀྱི་འཚོ་རྟེན་ནི་ཟས་ཡིན།  ཤ་ཚལ་སྒོང་གསུམ་དང་། བཟའ་འབྲུ།  ཤིང་འབྲས་བཅས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་ཆེས་གཞི་རྩར་གྱུར་བའི་དམངས་འཚོ་ཡིན། ལོ་གསར་དང་དུས་ཆེན་སྐབས་བདེ་འཇགས་མི་བརྗེད་པ་བྱེད་དགོས། སྡེབ་འཚོང་ཁྲོམ་རས་ཟོག་ཁུངས་རྒྱ་ཆེར་གཏོང་བ་དང་། སྣ་རིགས་མང་དུ་གཏོང་བ། སྤུས་ཚད་འགན་ལེན་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་ལ་བཟའ་བཅའི་ཞིབ་དཔྱད་དང་ཁྲོམ་རའི་དོ་དམ་ཐད་ལའང་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སའི་གྲོང་མིས་བློ་བདེའི་ངང་བཟའ་བཏུང་ཐུབ་པ་བྱ་དགོས།  ཞིང་ཞོར་ཐོན་རྫས་ཁྲོམ་རར་མི་དང་ཟོག་འགྲེམས་མང་པོ་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁུལ་ཞིག་ཡིན་པ་དང་། མི་འགྲེམས་དང་ཟོག་འགྲེམས་ལ་སྙོམས་སྒྲིག་འོས་འཚམ་བྱེད་པ་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་རིམས་ནད་ཀྱི་ཉེན་ཁ་འབད་བརྩོན་ཆེན་པོས་ཆུང་དུ་གཏོང་དགོས་ཞེས་གསུངས་ཡོད།  ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཟའ་འབྲུ་ཞིང་ཆེན་འགོ་འཛིན་གི་འགན་འཁྲིའི་ལམ་ལུགས་དང་། ཤ་ཚལ་སྒོང་གསུམ་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ། འབྲུ་སྣུམ་དང་། སྒོ་ང་། འོ་མ། ཤིང་ཏོག སྔོ་ཚལ་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་ཐོན་སྐྱེད་དང་། ཚོང་ཟོག་མཁོ་སྤྲོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཟོག་འགྲེམས་སྡེབ་སྐྱེལ་ཤར་བགྲོད་ཐུབ་པ། དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་པ་དང་། གྲངས་འབོར་འདང་ངེས་དང་། སྣ་ཁ་ཕུན་སུམ་ཚོགས་པ། སྤུས་ཚད་བློ་བདེ། རིན་གོང་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་རྣམས་བློ་བདེ་སེམས་སྐྱིད་དང་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། 
          སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ཧྲི་དབྱི་གྲོང་ཚོ་ནི་ཝུན་ཁྲོན་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྲོང་ཚོ་ཞིག་ཡིན་ཞིང་། ད་ཆ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོར་གྱུར་ཡོད། དེ་གར་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་རི་རྩེར་སྨུག་སྤྲིན་འཁྲིགས་པས“སྤྲིན་ཚོམ་ཐོག་གི་རི་གྲོང”ཞེས་བརྗོད་ཀྱི་ཡོད། སེང་ཕྲོམ་དང་ཐའེ་ཙི་ཇ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཡག་པོ་བྱུང་བ་དང་། རིག་གནས་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ། གྲོང་གསེབ་ཏུ་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་བ། མི་རིགས་ཁག་གི་མང་ཚོགས་ཞི་མཐུན་མཉམ་གནས་ཐུབ་པ་བཅས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པས་ཁེངས་ཡོད། བརྙན་ཤེལ་ཆེན་པོའི་ཐོག་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་གྱོན་པའི་ཆའང་རིགས་ཀྱི་མང་ཚོགས་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཡོད།  ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་ཡུལ་མི་ཚོ་དང་ཡུལ་སྐོར་བ་ཚོར་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་གྲོགས་པོ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད།  ཞི་ཅིན་ཕིང་གིས་གྲོང་ཚོའི་ལས་བྱེད་པ་དང་ཡུལ་སྐོར་བ་ཚོ་དང་མཉམ་དུ་གྲོང་ཚོའི་ཡོང་འབབ་གང་འདྲ་ཡོད་མེད་དང་དཔྱིད་གསར་དུས་ཆེན་རིང་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད་མེད་སོགས་ཀྱི་སྐོར་ལ་ཅི་འཕྲོས་མོས་འཕྲོས་གནང་ཞིང་། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་ཧྲི་དབྱི་གྲོང་ཚོའི་ཞིང་ལས་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་བ་དང་ཞིང་པའི་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་དུ་ཡོང་མཁན་ཡང་ཇེ་མང་དུ་སོང་ཡོད་ཅེས་ལན་འདེབས་པ་མ་ཟད། སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་གྲོང་ཚོའི་ནང་སྐུ་མགྲོན་དུ་ཕེབས་རྒྱུར་གདན་ཞུ་གནང་ཡོད། ཞི་ཅིན་ཕིང་གིས་དགའ་ཚོར་ཆེན་པོའི་ངང་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བར་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་ཡག་པོ་གཉེར་དགོས། ཁྱེད་ཚོ་ནི་དཔེ་མཚོན་ཡག་པོ་ཞིག་རེད། ཚང་མས་མུ་མཐུད་འབད་བརྩོན་དང་གྲུབ་འབྲས་སྔར་བས་གཟེངས་སུ་ཐོན་པར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རིང་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པ་དང་། མཉམ་དུ་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ། འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་བ་དང་། ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྲིག་བྱས་རྗེས་ངས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་གྲོང་གསེབ་དང་རྒྱ་ཆེའི་ཞིང་པ་གྲོགས་པོ་ཚོ་ཡིན། གྲོང་གསེབ་ཀྱི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ་དང་། སྔོན་འགོག་ཚོད་འཛིན་གྱི་དཀའ་གནད་ཆེ་བ། ལས་འགན་ལྕི་བ་བཅས་ཡིན།  དབུལ་སྒྲོལ་འགག་གཏོར་རྒྱུན་འཁྱོངས་བྱེད་པ་དང་འདྲ་བར། “རིམ་ལྔའི་ཧྲུའུ་ཅིས”གྲོང་གསེབ་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱིས་དེ་བས་ཀྱང་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་འཁུར་བ་དང་། ཕ་ཡུལ་དུ་ལོག་མཁན་ཞིང་པ་ལས་མི་དང་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་རིམས་འགོག་ཞབས་ཞུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཐོག་ནས་ཞིང་པ་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མང་ཚོགས་བདེ་འཇགས་ངང་ལོ་གསར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          དེ་རྗེས་ས་གནས་ཁག་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། “དུས་ཆེན་སླེབས་སྐབས་གཉེན་ཉེ་ལྷག་པར་དྲན” དཔྱིད་གསར་དུས་ཆེན་སྐབས་ངས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད། སྔོན་ཆད་ང་གཞི་རིམ་དུ་བསྐྱོད་དེ་ཚང་མ་དང་ཅི་འཕྲོས་མོས་འཕྲོས་བྱས་ཏེ་ཚང་མར་ད་དུང་དཀའ་ངལ་གང་དག་ཡོད་མེད་དང་ལོ་གསར་གྱི་འཆར་གཞི་གང་དག་ཡོད་མེད་ཉན་པ་དང་། ཚང་མས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་སྤྲོ་སྣང་མཉམ་སྤྱོད་བྱེད་ཀྱི་ཡོད། འདི་ལོ་བརྙན་ལམ་སྦྲེལ་མཐུད་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ལྟ་སའི་ས་ཆ་སྔར་བས་མང་དུ་ཕྱིན་པ་དང་ཤར་ལྷོ་ནུབ་བྱང་གི་ས་ཕྱོགས་ཁག་ཚང་མ་ཚུད་ཡོད། མ་གཞི་ང་ཚོའི་བར་བརྙན་ཤེལ་གྱིས་བར་ཆོད་ནའང་། ང་རང་ལ་སྔར་བཞིན་རྒྱལ་ཡོངས་ས་གནས་གི་ ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་བྱུང་ལ་ཚང་མའི་བདེ་སྐྱིད་དང་སྤྲོ་སྣང་ཚོར་བྱུང་། ངའི་སེམས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་སྔ་ཕྱི་བར་གསུམ་དུ་གཅིག་ཏུ་འབྲེལ་ཡོད། མཚམས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་དང་། སྔར་བཞིན་ལས་གནས་ཐོག་དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་བྱེད་བཞིན་པའི་བློ་མཐུན་རྣམ་པར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད། 
          ཞི་ཅིན་ཕིང་གིས། གནམ་གང་དང་དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་དང་ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་ཀྱིས་ལོ་རྙིང་ཕར་ལ་སྐྱེལ་ལོ་གསར་ཚུར་ལ་བསུ་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་ཡག་པོ་ཞིག་གཏོང་ཐུབ་རྒྱུ་དེ་ངའི་བསམ་འདུན་ཆེ་ཤོས་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་རིང་གི་གློག་དང་རླངས། དྲོད་བཅས་མཁོ་འདོན་བྱ་རྒྱུ་འགན་ལེན་ཏན་ཏིག་བྱས་ཏེ་“ཤ་ཚལ་སྒོང་གསུམ”དང་། “བཟའ་འབྲུ” “ཤིང་འབྲས”བཅས་ཀྱི་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྷག་པར་དུ་དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས། ཐོལ་བྱུང་གྱི་དོན་རྐྱེན་དང་བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་བྱས་ཐོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དགའ་དགའ་སྤྲོ་སྤྲོ་དང་བདེ་འཇགས་ཞི་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་འདུག 
          ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནི་སྤྱིར་བཏང་གཏན་ནས་མིན་ལ་ལས་སླ་པོའང་གཏན་ནས་མིན། འོན་ཀྱང་ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བས། འཐབ་ཕྱོགས་ཁག་ཚང་མར་གྲུབ་འབྲས་གསར་པ་ཐོབ་ཡོད། དེར་ཚང་མས་བྱས་རྗེས་བཞག་ཡོད་པས། ངོ་མ་ཧ་ལས་དགོས་པ་ཞིག་རེད། ལོ་གསར་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་རེད། ཚང་མས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེ་སྐྱེད། སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་ཏེ་ལོ་གསར་པའི་ནང་བྱས་རྗེས་སྔར་བས་ཆེ་བ་དང་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་འདུག
          ལིའུ་གོ་ཀྲུང་དང་། སུན་ཁྲུན་ལན། ཧོ་ལི་ཧྥེང་བཅས་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་འཚམས་འདྲིར་ཕེབས་རོགས་ཞུས་ཡོད།