ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2023-07-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། བསྟན་ཆོས།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་པ།
      ཚོགས་འདུའི་རིང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཀའོ་པའོ་ཅུན་གྱིས་ཚོགས་གཙོ་གནང་བའི་ཀྲུང་གོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་ནེ་པ་ལའི་བཟོ་ལས་དང་ཚོང་ལས། མཁོ་སྤྲོད་པུའུ་བཅས་ཀྱི་མཉམ་འབྲེལ་དྲུང་ཡིག་ལ་མུའུ་ཙན་ཏེ་ལ•ཏི་ཝ་རི་ཡིས་ཚོགས་གཙོ་བྱས་པའི་ནེ་པ་ལའི་འཐུས་མི་ཚོགས་པ་དང་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་འབྲེལ་ཡོད་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་གཞིར་མཛའ་གྲོགས་གྲོས་མོལ་བྱས་པ་རེད། 
      ཕྱོགས་གཉིས་པོས་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱས་ཚུལ་ཕྱིར་དྲན་བྱས་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད། རྒྱལ་སྤྱིའི་མ་འཇོག་དང་སྤེལ་རེས་མཉམ་ལས་དང་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་རྒྱ་སྐྱེད། རྒྱལ་མཚམས་སྒྲོལ་མཁན་དོ་དམ་བཅས་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་གལ་ཆེན་གཞན་དག་ལ་གྲོས་མོལ་ཡང་བྱས་པ་རེད། 
      ཚོགས་འདུའི་ཐོག་ནེ་པ་ལ་ནི་བོད་ལྗོངས་ཀྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན། 2023ལོའི་ལོ་སྟོད་དུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར8.14ཟིན་པ་དེ་དུས་མཚུངས་ལས4.7%འཕར་ཡོད། ནེ་པ་ལ་ནི་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ཀྱི་ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་པའི་དམིགས་ས་གཙོ་བོ་དང་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་གལ་ཆེན་ཞིག་རེད། མིག་སྔའི་བར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ནེ་པ་ལར་མ་འཇོག་རྣམ་གྲངས20དང་མ་འཇོག་བསྡོམས་འབོར་ཨ་སྒོར་ཁྲི8733ལྷག་ཙམ་བྱས་པ་དང་། ནེ་པ་ལ་ནས་ཡོང་བའི་་་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས60ལྷག་ཙམ་དང་མ་འཇོག་བསྡོམས་འབོར་ཨ་སྒོར་ཁྲི1300ལྷག་ཙམ་ཟིན་ཡོད།
      འགོ་ཚུགས་མཛད་སྒོའི་ཐོག་ཀའོ་པའོ་ཅུན་གྱིས་ད་ལོའི་ཟླ5པའི་ཚེས1ཉིན་གཉེར་བའི་བོད་ལྗོངས་ལྷ་སའི་ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་དང་། ཟླ6པའི་ཚེས16ཉིན་གཉེར་བའི་སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་ནེ་པ་ལའི་འཐུས་མི་ཚོགས་པ་དང་ཚོང་པ་གདན་དྲངས་ཡོད། ད་ལོའི་ལོ་སྨད་དུ་ནེ་པ་ལར་གཉེར་རྒྱུ་ཡིན་པའི་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བདུན་པ་དང་ནེ་པ་ལའི་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཚོགས་སྐབས་དགུ་པའང་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་པ་རེད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་སྐུལ་སྤེལ་གྱི་སྟེགས་བུ་སྣ་ཚོགས་སྤྱད་དེ་སྲོལ་རྒྱུན་གྱི་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་གོ་སྐབས་བཏོད་པར་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་ཕན་འབྲས་ཐོབ་ཡོད།
      ཀའོ་པའོ་ཅུན་གྱིས་མིག་སྔར་ཕྱོགས་གཉིས་པོའི་སྐམ་སའི་འགག་སྒོའི་སྒྲིག་ཆས་སྦྲེལ་མཐུད་ཐད་ལེགས་བཅོས་ཆེ་ཙམ་བྱུང་ཡོད་མོད། འོན་ཀྱང་སྔར་བཞིན་ཞན་ཆ་མང་པོ་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད། གལ་ཏེ་དགོས་མཁོ་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་དང་རོགས་སྐྱོར་ཧུར་ཐག་བྱས་ནས་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།