དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད།

སྤེལ་དུས 2021-03-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
        དེ་རིང་ང་ཚོས་ཚོགས་ཆེན་གཟབ་རྒྱས་འཚོགས་ནས་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱ་རྒྱུ་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་འབད་བརྩོན་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་སྐབས་སུ་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་དོན་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་སླར་ཡང་བཏོད་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་བཅས་རེད།
འདི་གར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་མཁན་རིམ་ཁག་ཏང་སྲིད་དམག་གི་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་གསེབ་ཀྱི་རྒྱ་ཆེའི་གཞི་རིམ་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ། མང་ཚོགས། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་མི་སྣ། དང་བླངས་པ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་བཅས་དང་དེ་བཞིན་ཕྱིར་སྡོད་སྤུན་ཟླ་དང་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སེམས་ཁུར་དང་རོགས་རམ་བྱེད་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
        དབུལ་པོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཅོང་ནད་ལྟ་བུ་ཞིག་རེད། དབུལ་ཟློག་ནི་སྔ་ཕྱི་བར་གསུམ་དུ་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་གལ་ཆེན་ཞིག་རེད། ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིཌ་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་རེད། ཆུས་ཡོན་གྱིས“འབངས་ཀྱི་འཚོ་གོས་ཡ་ང་འདི་མཐོང་དུས། བདག་གི་སྨྲེ་སྔགས་མིག་ཆུ་དབང་མེད་ཤོར”ཞེས་པའི་མྱོང་ཚོར་ནས་ཏུའུ་ཧྥུའུ་ཡི“ཇི་ལྟར་བྱས་ཏེ་གནམ་འོག་གི་ཆ་རྐྱེན་ཞན་པའི་དཔེ་ཆ་བར་སྡོད་གནས་གུ་ཡངས་པའི་ཁང་བཟང་དུ་མ་བསྐྲུན་ནས་ཁོང་ཚོར་སྤྲོ་བ་སྦྱིན་ཐུབ་པ་བྱེད་དམ”ཞེས་པའི་ཕུགས་འདུན་བར་དང་། དེ་ནས་སུན་ཀྲུང་ཧྲན་གྱི“ཁྱིམ་ཚང་འབྱོར་ཕྱུག་ལྡན་པ་དང་། སྐྱེ་བོ་ཚང་མར་སོ་སོར་འཚམས་པའི་གནས་རེ་ཐོབ་པ”ཞེས་པའི་བར་གྱི་འདུན་པ་ཚང་མ་ལས་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་པོ་ལས་བསྒྲལ་ནས་ལྟོ་གོས་འཛོམས་པའི་འཚོ་བ་སྐྱེལ་རྒྱུར་རེ་འདོད་ཟབ་མོ་བྱེད་པ་མཚོན་གྱི་ཡོད། ཉེ་རབས་ནས་བཟུང་། བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་རུལ་སུངས་དང་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ཀྲུང་གོའི་ཆབ་སྲིད་ཀྱི་གནས་བབ་ལ་གཡོ་འགུལ་ཐེབས་པ་དང་། དམག་འཁྲུག་རྒྱུན་ཆད་མེད་པར་ལངས་པ། མི་དམངས་འཚོ་ཐབས་བྲལ་བར་གྱུར་བ་བཅས་བྱུང་ཞིང་། དབུལ་ཕོངས་ཀྱི་གདུག་འདྲེས་ཀྲུང་གོ་མི་དམངས་ལ་དེ་བས་དཀའ་ངལ་ཆེན་པོ་བཟོས་ཡོད། དབུལ་པོ་ལས་འགྲོལ་ཐབས་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ཧུར་ཐག་འབད་ཐག་ངང་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་རེད།
        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་མཐའ་འཁྱོངས་བྱེད་རྒྱུ་དེ་ཐོག་མའི་བསམ་འདུན་ལ་བརྩིས་ནས། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཏང་གིས་རྒྱ་ཆེའི་ཞིང་པར་མཐུན་སྒྲིལ་དང་སྣེ་ཁྲིད་དེ“ཡུལ་གྱི་གཤེད་མ་བཅོམ་ནས་ས་ཞིང་བགོས་པ”དང“ས་ཞིང་འདེབས་མཁན་ལ་དབང་བ”བྱས་ཏེ་དབུལ་ཕོངས་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་རོགས་བྱས་པར་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པ་དང་། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ། ཀྲུང་གོ་གསར་པ་དབུ་བརྙེས་པ་བཅས་བྱས་ཏེ་དབུལ་པོ་ལས་འགྲོལ་ཆེད་རྩ་བའི་ཆབ་སྲིད་ཀྱི་ཆ་རྐྱེན་བཏོད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་སྒྲུབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད། མི་དམངས་སྒྲིག་འཛུགས་བྱས་ནས་རང་སྟོབས་རང་སྤེལ་དང་། འབད་འབུངས་ཆེར་སྐྱེད། རི་ཀླུང་བསྐྱར་སྒྲིག་བཅས་བྱས་ཏེ་དབུལ་པོ་ལས་འགྲོལ་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གཞི་ཁྱོན་ཆེ་བ་དང་། འཆར་གཞི་ཡོད་པ། སྒྲིག་འཛུགས་ཡོད་པ་བཅས་ཀྱི་སྒོ་ནས་དབུལ་སྐྱོར་གསར་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཧུར་ཐག་བཏང་བ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་བཏང་བར་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་ཚེགས་དང་རྙོག་འཛིང་ཆེ་ཤོས་ཀྱི་ལས་འགན་གྲོང་གསེབ་ཏུ་ཡོད་པ་དང་། ལྷག་པར་དུ་ས་ཁུལ་དབུལ་པོར་ཡོད་པས་གྲོང་གསེབ་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་འབྱོར་འབྲིང་མེད་ཚེ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་མེད་ལུགས་ཁ་གསལ་བཏོན་པ་དང་། དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མ་ཡིན། གལ་ཏེ་ས་ཁུལ་དབུལ་པོ་ཡུན་རིང་དབུལ་པོར་གནས་ནས་དབུལ་པོའི་རྣམ་པར་ཡུན་རིང་འགྱུར་ལྡོག་གཏོང་མི་ཐུབ་པ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཡུན་རིང་མངོན་གསལ་དོད་པོས་ལེགས་སུ་གཏོང་མ་ཐུབ་ཚེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་མེད་པས་དེའང་སྤྱི་ཚོགས་རིང་ལུགས་མ་ཡིན། དེས་ན་ངེས་པར་དུ་དུས་ཚོད་ཀྱིས་མི་མི་སྒུག་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད། 2012ལོའི་ལོ་མཇུག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ཡུན་རིང་མ་སོང་བར་ཏང་ཀྲུང་དབྱང་གིས“འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས་ལ་འགག་རྩ་ཡུལ་མི་སྤུན་ཟླ་དབུལ་པོ་དབུལ་སྒྲོལ་ཐུབ་མིན་ལ་ཐུག་ཡོད”ཅེས་ནན་བཤད་བྱས་པ་དང“ས་ཁུལ་དབུལ་པོ་གཅིག་ཀྱང་མི་ལུས་པ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པའི”ཁས་ལེན་བྱས་ཏེ་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་འགོ་བཙུགས་ཡོད། 2013ལོར་ཏང་ཀྲུང་དབྱང་གིས་གནད་སྨིན་དབུལ་སྐྱོར་གྱི་བསམ་ཕྱོགས་བཏོན་པ་དང་དབུལ་སྐྱོར་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཡོད། 2015ལོར་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པའི་སྤྱི་ཡོངས་ཀྱི་བླང་བྱ་བཏོན་པ་དང་དབུལ་སྐྱོར་བྱ་ཡུལ་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་བེད་སྤྱོད། བྱེད་ཐབས་དུད་ཚང་དུ་སྤྱོད་པ། གྲོང་ཚོར་གཞིགས་ནས་མི་མངགས་པ། དབུལ་སྒྲོལ་གྲུབ་འབྲས་བཅས“གནད་སྨིན་དྲུག”ལག་བསྟར་བྱས་པ་དང་ཐོན་སྐྱེད་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོ། སྐྱེ་ཁམས་ཁ་གསབ། སློབ་གསོ་འཕེལ་རྒྱས། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་བཅས“ཁག་གཅིག་རེ་ལྔ”ལག་བསྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་བཀའ་བཏང་ཡོད། 2017ལོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གནད་སྨིན་དབུལ་སྒྲོལ་འདི་ཉིད་འགག་སྒྲོལ་དམག་འཐབ་ཆེ་གྲས་གསུམ་གྱི་གྲས་ཤིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་གཏན་འཁེལ་བྱས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་ཡོད། 2020ལོར་ཏོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཧ་ཅང་ཚབས་ཆེན་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་ཆེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ལ་ཆོད་སེམས་དེ་བས་ཆེ་བ་དང་ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས“བསྐྱར་བསྣན་ལས་འགན”ཡག་པོ་སྒྲུབ་པ་དང་མཇུག་བསྡུའི་དམག་འཐབ་ཡག་པོ་བརྒྱབ་སྟེ་ཡིད་ཆེས་ལྡབ་བརྒྱའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁའི་ཕྱོགས་སུ་དཔུང་འཇུག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        ལོ་བརྒྱད་རིང་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་དབུལ་སྒྲོལ་འགག་སྒྲོལ་འདི་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་ལ་བརྩིས་ཏེ། རྔམ་བརྗིད་ལྡན་ལ་གཞི་ཁྱོན་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་མི་དམངས་ཀྱི་དམག་འཁྲུག་སྒྲིག་འཛུགས་བྱས་ནས་བརྒྱབ་ཡོད། ཏང་དང་མི་དམངས་ཀྱིས་དཀའ་ངལ་དང་དྲག་ཆར་རླུང་འཚུབ་ལ་མི་འཛེམས་པར་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་དང་མཁྲེགས་སར་གཏུགས་ཕོད་པར་བྱས་ཏེ། དབུལ་པོའི་ནང་གི་དབུལ་པོ་དང་འགག་གནད་ནང་གི་འགག་གནད་རེ་རེ་ལས་རྣམ་པར་རྒྱལ་བར་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
        —— གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འགག་རྩའི་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆ་སྙོམས་ལོ་རེར་མི་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དེ་རྒྱལ་ཁབ་འབྲིང་གྲས་ཤིག་གི་མི་འབོར་དབུལ་སྒྲོལ་ཐུབ་པ་དང་མཚུངས་ཀྱི་ཡོད། མི་འབོར་དབུལ་པོའི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཚང་མ་མངོན་འགྱུར་བྱུང་བ། དབུལ་སྒྲོལ་བྱུང་བའི་མང་ཚོགས་ཟས་གོས་ལ་སེམས་ཁྲལ་མེད་པ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་བཅས་འགན་ལེན་བྱུང་བ་མ་ཟད། འཐུང་ཆུའི་བདེ་འཇགས་ཐད་ལའང་འགན་ལེན་བྱུང་ཡོད། ནད་པ་དབུལ་པོ་ཁྲི་2000ལྷག་ཙམ་རིགས་དབྱེ་སྐྱོབ་བཅོས་ཐུབ་ནས་དེ་སྔ་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བའི་ཁྱིམ་ཚང་གི་འཚོ་བ་ལེགས་སུ་འགྲོ་ཐུབ་པ་བྱུང་ཡོད། མང་ཚོགས་དབུལ་པོ་ཁྲི་2000ཙམ་ལ་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་གྱི་རོགས་སྐྱོབ་གསོ་ཉར་ཐོབ་པ་དང་དཀའ་ངལ་ཡོད་པ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པའི་མི་ཁྲི་2400ལྷག་ཙམ་ལ་འཚོ་བ་དང་ནད་སྐྱོང་ཁ་གསབ་རག་ཡོད། མང་ཚོགས་དབུལ་པོ་ཁྲི་110ལྷག་ཙམ་ནགས་སྲུང་པར་གྱུར་ཞིང་། རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱས་ཏེ་གསེར་རི་དངུལ་རིར་གྱུར་བར་བྱས་ཡོད། གངས་ལྗོངས་ས་མཐོ་དང་མྱ་ངམ་ཐང་དང་བྱེ་ཐང་ཡིན་ནའང་འདྲ། ཡང་ན་རི་མཐོ་གཡང་གཟར་དང་རི་ཁུལ་གང་ཞིག་ཡིན་རུང་དབུལ་སྒྲོལ་འགག་སྒྲོལ་གྱི་ཉི་འོད་ཁུག་ཀྱོག་གང་སར་འཕྲོས་ཏེ་མི་མང་པོའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དང་། མི་མང་པོའི་ཕུགས་བསམ་མངོན་འགྱུར་བྱུང་བ། མི་མང་པོར་བདེ་སྐྱིད་ཐོབ་པ་བཅས་རེད།
        —— དབུལ་སྒྲོལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོམ་ཞེང་ཆེན་པོས་རྗེས་ཟིན་ཏེ་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ས་ཁུལ་དབུལ་པོ་འཕེལ་རྒྱས་གཏོང་བའི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། དཔལ་འབྱོར་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། སྤྱི་ཚོགས་བྱ་གཞག་ཡར་རྒྱས་མྱུར་པོ་བྱུང་བ། འགྲོ་སྐྱོད་དཀའ་བ་དང་། ཆུ་དཀོན་པ། གློག་མེད་པ། འཕྲིན་གཏོང་སྟབས་མི་བདེ་བ། སློབ་གྲྭར་སྐྱོད་མི་ཐུབ་པ། སྨན་བཅོས་དཀའ་བ་བཅས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མཚམས་ཆད་པའི་སློབ་མ་ཆ་ཚང་སློབ་གྲྭར་སྐྱོད་ཐུབ་པ་བྱུང་ཡོད། ཆ་རྐྱེན་ཚང་བའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་ཨར་འདམ་ལམ་དང་། འགྲུལ་སྐྱེལ་རླངས་འཁོར། སྦྲག་ལམ་བཅས་ཤར་གཏོང་ཐུབ་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་110གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་ལྕགས་ལམ་ལམ་ཐག་སྤྱི་ལེ་ཁྲི་3.5འཕར་ཡོད། ས་ཁུལ་དབུལ་པོའི་གྲོང་གསེབ་གློག་དྲ་ནས་བཏང་བའི་གློག་གི་བརྟན་ཚད་99%ཟིན་པ་དང་། གློག་དྲ་ཆེན་པོའི་ཁྱབ་ཁོངས་ནང་གྲོང་ཚོ་དབུལ་པོར་སྒུལ་ཤུགས་གློག་ཤར་གཏོང་ཐུབ་ཚད་100%ཟིན་པ། གྲོང་ཚོ་དབུལ་པོར་འོད་སྐུད་ཁྲིད་ཚད་དང་4Gགྱི་བསྡུར་ཚད་ཚང་མ་98%ལྷག་ཙམ་ཟིན་ཡོད། དུད་ཚང་ཁྲི་790ཡི་མང་ཚོགས་དབུལ་པོ་ཁྲི་2568ཀྱི་ཉེན་ཁང་སྒྱུར་བཀོད་བྱས་ཏེ་རིམ་རྩིས་བྱས་ན་གཅིག་སྡུད་བཀོད་སྒྲིག་ཁུལ་ཁྲི་3.5དང་བཀོད་སྒྲིག་སྡོད་ཁང་ཁྲི་266བསྐྲུན་ནས་མི་ཁྲི་960ལྷག་ཙམ་དབུལ་པོའི་གནས་ལས་སྤོས་པ་དང་ཆ་འཕྲིན་གསང་པོ་མེད་པ་དང་རྗེས་ལུས་ཀྱི་གནས་ལས་གྲོལ་ནས་ཁྱིམ་གཞིས་གསར་པར་སྤོས་ཤིང་། ཡུལ་མི་མང་པོ་སྦྲེང་ཟམ་དང་ཁ་བྲལ་ཏེ་འོབས་ཆེན་བདེ་འགྲོད་ལམ་བུར་འགྱུར་བ་དང་། བ་ཚྭའི་ཆུ་དང་ཁ་བྲལ་ཏེ་དྭངས་གཙང་གི་ཆུ་འཐུང་རྒྱུ་བྱུང་བ། ཁང་པ་གོག་ཧྲུལ་ནས་ཁ་བྲལ་ཏེ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སོ་ཕག་གི་ཁང་པའི་ནང་སྤོས་ཡོད། ཁྱིམ་ཚང་དབུལ་པོ་ཁྲི་སྟོང་མང་པོའི་བུ་ཕྲུག་ཚོར་དེ་བས་དྲང་གཞག་གི་སློབ་གསོ་མྱོང་བའི་གོ་སྐབས་བྱུང་སྟེ་ཕྲུ་གུ་ཚོ་ལ་རྒྱབ་རླུང་བརྒལ་གྱིས་སློབ་གྲྭར་སྐྱོད་མི་དགོས་པར་སློབ་གྲྭར་སྡོད་པ་དང་ཟ་ཁང་ནས་ལྟོ་ཆས་བཟའ་རྒྱུ་བྱུང་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་28ཡོངས་རྫོགས་དབུལ་སྒྲོལ་ཐུབ་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་རྗེས“གོམ་སྟབས་གཅིག་གིས་ལོ་ངོ་སྟོང་ཕྲག་མཆོང་སྐྱོད་ཐུབ་པའི”སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི“ཐད་མཆོང་མི་རིགས”ཁག་གཅིག་དབུལ་ཕོངས་རྗེས་ལུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་གཉིས་པ་བྱུང་བ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ཡོངས་ཀྱི་མཐའ་མའི་མཁར་རྫོང་ཡོངས་རྫོགས་གཏོར་ཐུབ་པ། དབུལ་སྒྲོལ་ས་ཁུལ་ཚང་མར་འགྱུར་ལྡོག་ཤུགས་ཆེན་དང་རི་ཀླུང་མཛེས་སྡུག་ལྡན་པར་གྱུར་བའི་དུས་རབས་ཀྱི་རྣམ་པ་མངོན་ཡོད།
        —— དབུལ་སྒྲོལ་བྱུང་བའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ་དང་རང་ཚུགས་རང་སྟོབས་ཀྱི་ཡིད་ཆེས་དང་བློ་སྟོབས་ཆེ་རུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་དངོས་པོའི་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ་བསམ་པའི་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། རྒྱ་ཆེའི་དབུལ་སྒྲོལ་བྱུང་བའི་མང་ཚོགས་ཚོའི་འབད་འཐབ་ཡར་བརྩོན་གྱི་ཟུངས་ཤུགས་འཕེལ་ཐུབ་པ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱུང་བ། ཤེས་དཔལ་སྲོལ་གསར་རྒྱ་ཁྱབ་ངང་དར་སྤེལ་བྱུང་བ། དཀའ་སྤྱད་འབད་བརྩོན་དང་། དཀའ་སྤྱད་དངོས་སྒྲུབ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་པ་བཅས་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་པའི་སྙིང་སྟོབས་རྒྱ་ཆེའི་ས་ཁུལ་དབུལ་པོར་ས་ཁྱབ་རྡོ་ཁྱབ་བྱུང་ཡོད། ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ལོ་7ནང་གཡང་གཟར་བྲག་རིའི་ཐོག་ཕྱི་ཕྱོགས་སུ་ཤར་བགྲོད་ཐུབ་པའི་ལམ་བུ་བཟོ་མཁན་གྱི་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཀྲུའུ་ཤན་ཤང་ཞ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མའོ་ཤང་ལིན་གྱིས“རི་བོ་ཇི་ཙམ་བརྐོས་ན་འགྲོ་ལམ་དེ་ཙམ་གྱིས་རིང་དུ་དང་རྒྱ་ཆེར་འགྲོ་ཐུབ་པས་ང་ཚོ་མི་རབས་འདིའི་མི་རྣམས་ལོ་བཅུ་རིང་དབུལ་པོ་དང་དཀའ་སྡུག་གི་གནས་སུ་ལུས་རུང་མི་རབས་རྗེས་མར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། དབང་པོ་སྐྱོན་ཅན་ཡིན་ཡང་བློ་སྟོབས་ཆེ་བའི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཏུང་ཁྲོན་ཆུས་ཝུའུ་ལུང་གྲོང་རྡལ་ཕིང་ཙི་གྲོང་ཚོའི་པཱ་ཅའོ་ཆིང་ཚོགས་ཆུང་གི་གྲོང་མི་ཀྲང་ཧྲུན་ཏུང་གིས“མ་གཞི་ང་ཚོ་དབང་པོ་སྐྱོན་ཅན་ཡིན་རུང་ང་ཚོའི་སྙིང་སྟོབས་མ་ཉམས་པ་དང་ང་ཚོས་ཀླད་པ་དཀྲུགས་ཐུབ་ལ་ལག་པ་འགུལ་ཐུབ་པས་བསམ་བློ་བཏང་སྟེ་ལས་ཀ་བྱེད་དགོས”ཞེས་བརྗོད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་ཁྲོད་མང་ཚོགས་དབུལ་པོའི་སེམས་ཁམས་ཕུན་སུམ་ཇེ་ཚོགས་དང་ཡར་རྒྱས་བྱུང་སྟེ་ཡིད་ཆེས་དེ་བས་ཆེ་རུ་དང་། བློ་རིག་དེ་བས་བཀྲ་རུ། སེམས་ཤུགས་དེ་བས་ཆེ་རུ་བཅས་སོང་ནས་ནང་སེམས་ནས་ཕྱི་ལུས་པོའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
        —— ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་གསེབ་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུས་ཏེ་སེམས་ཤུགས་ཆེན་པོས་ལས་འགན་སྒྲུབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཁ་བཤད་ལག་བསྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དུ་ཞག་མེད་པའི་གཡུལ་སར་སེམས་ནུས་ཡོད་རྒུ་བཏོན་པ་དང་བྱས་རྗེས་བཞག་ཡོད། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་མང་ཚོགས་དབུལ་པོ་ཚོ་དང་ཆ་སྒྲིག་གཉེན་འཚོལ་གྱིས་རྟག་ཏུ་ལས་དུས་འཕར་མ་དང་། ངལ་འཁང་གཉིས་བཟོད། དཀའ་ངལ་གྱི་མདུན་དུ་གང་ལའང་མི་འཛེམས་པ་དང་འགག་རྩའི་དུས་སུ་གདོང་མཆོང་བྱེད་ཕོད་པ་བཅས་ཀྱི་སྒོ་ནས་སེམས་ནུས་ཡོད་རྒུ་རི་ཀླུང་མང་པོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཆེད་ལེགས་སྐྱེས་ཕུལ་ཡོད། ཁོང་ཚོ་རི་མཐོ་ཤོས་དང་ཉེན་ཁ་ཆེ་ཤོས་ཀྱི་ལམ་བུར་བསྐྱོད་མྱོང་ལ། ཐག་རིང་ཤོས་ཀྱི་གྲོང་ཚོ་དང་ཆ་རྐྱེན་ཞན་ཤོས་ཀྱི་ཁྱིམ་དུའང་སྡོད་མྱོང་བ་དང་། གང་དུ་དགོས་མཁོ་ཡོད་ཚེ་དེར་འབད་འཐབ་བྱེད་ཀྱི་ཡོད། གྲོང་ཚོའི་ལས་བྱེད་པ་ལ་ལས“ངས་ལས་ཀ་བྱེད་ཐུབ་ཚེ་ནམ་ཡང་གྲོང་ཚོའི་མི་སེར་ཚོའི་ཆེད་བྱེད་ཀྱི་ཡིན། ང་ཚོའི་གྲོང་ཚོའི་མི་སེར་ཚོའི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན། ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ངས་ངེས་པར་དུ་མང་ཚོགས་ཚོའི་སྣེ་ཁྲིད་དེ་མི་སེར་ཚོའི་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་རྒྱུ་ཡིན”ཞེས་བརྗོད་ཀྱི་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཞུན་བརྡར་གྱིས་གོང་བུ་སྒྲིལ་ནུས་དང་འཐབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་ཁུལ་དབུལ་པོའི་རྒྱ་ཆེའི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་པས་ཚང་མས“ཏང་ཡོན་གྱི་སྣེ་ཁྲིད་འོག་ང་ཚོས་དེ་ལྟར་སྒྲུབ་པས་དབུལ་སྒྲོལ་ལ་རེ་བས་ཁེངས་འདུག ང་ཚོ་རྒྱལ་དར་འགེལ་རྒྱུར་དགའ་པོ་ཡོད། གང་ཡིན་ཟེར་ན་རྒྱལ་དར་ནི་བཀྲ་ཤིས་ཤོས་ཀྱི་མཚོན་རྟགས་ཤིག་ཡིན་པས་རེད”ཅེས་དང་། “ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་དང་དབུལ་སྒྲོལ་ཐུབ་རྗེས་གུང་ཁྲན་ཏང་བརྗེད་མི་རུང”ཞེས་བརྗོད་པ་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད།
        —— དབུལ་པོ་ཉུང་གཏོང་དང་བཅོས་སྐྱོང་གི་ཀྲུང་གོའི་མ་དཔེ་བཏོད་དེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དབུལ་སྒྲོལ་བྱ་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྒྲིག་ལ་དཀའ་ངལ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་པོའི་ཚད་གཞི་ལྟར་རྩིས་བརྒྱབ་ཚེ་རང་རྒྱལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7དབུལ་པོའི་གནས་ལས་བསྒྲལ་བ་དང་། འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱིའི་དབུལ་པོའི་ཚད་གཞིར་གཞིགས་ཚེ་རང་རྒྱལ་གྱི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱིས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱི་70%ཡན་བཟུང་ཡོད། ལྷག་པར་དུ་གོ་ལ་ཧྲིལ་པོའི་དབུལ་པོའི་རྣམ་པ་སྔར་བཞིན་ཚབས་ཆེ་བ་དང་རྒྱལ་ཁབ་ཁག་གཅིག་གི་དབུལ་ཕྱུག་མཐའ་གཉིས་སུ་གྱེས་ཚབས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་རང་རྒྱལ་གྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10སྔ་སྣུར་དུ་མངོན་འགྱུར་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ང་ཚོས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ཧུར་ཐག་བྱེད་པ་དང་དབུལ་པོ་ཉུང་གཏོང་གི་རྒྱལ་སྤྱིའི་འགན་འཁྲི་ཧུར་ཐག་འཁུར་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་བྱ་གཞག་གི་སྐུལ་འདེད་མཁན་ནུས་ལྡན་ཞིག་བྱས་ཡོད། གནའ་དེང་དང་གོ་ལ་ཧྲིལ་པོར་བལྟས་ཚེ་དུས་ཐུང་དེ་ལྟ་བུའི་ནང་མི་འབོར་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད་པས་གྲུབ་འབྲས་འདི་དག་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་ཡིན་པས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
        ལོ་བརྒྱད་ཀྱི་ནང་ངས་སྔ་རྗེས་སུ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་7གཙོ་སྐྱོང་བྱས་ནས་འཚོགས་པ་དང་། དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་50ལྷག་ཙམ་བྱས་པ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་བསྐྱོད་དེ་དབུལ་པོ་ངོ་མར་ལྟ་བ་དང་། དངོས་འབྲེལ་དབུལ་སྒྲོལ་དང་། དབུལ་པོ་ངོ་མར་དབུལ་སྐྱོར། དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་ཀྱི་དོན་དངོས་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་དབུལ་པོ་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཅི་འཕྲོས་མོལ་འཕྲོས་དང་ཞིབ་རྩིས་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་བྱུང་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་ཚོར་བྱུང་། ངས་ས་གནས་ཁག་ནས་རྒྱ་ཆེའི་དབུལ་སྒྲོལ་མང་ཚོགས་ཚོའི་ཟོལ་མེད་ཀྱི་འཛུམ་མདངས་མཐོང་བྱུང་བ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་ཁས་ལེན་ཆེ་ཤོས་བྱས་པ་ཞིག་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ནུས་ཤུགས་གང་ཡོད་བཏོན་པར་བསྔགས་བརྗོད་ཆེ་ཤོས་བྱས་པ་ཞིག་རེད་ལ། གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་ཚོར་སེམས་གསོ་ཡག་ཤོས་བྱས་པ་ཞིག་ཀྱང་རེད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
        དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་ལ། རླབས་ཆེན་ནི་དཀྱུས་མའི་ཁྲོད་ནས་ཐོན་གྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད། དབུལ་སྐྱོར་ལས་བྱེད་པ་ས་ཡ་ཁ་ཤས་ཀྱིས་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པ་དང་འབྲེལ། མང་ཚོགས་དབུལ་པོ་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་འཚོ་བ་སྐྱེལ་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཏེ་དབུལ་སྒྲོལ་གྱི་བྱ་གཞག་ལ་སྒེར་སེམས་མེད་པར་ཆེས་མཚར་སྡུག་རྣམ་པར་བཀྲ་བའི་ལང་ཚོ་ལེགས་སྐྱེས་ཕུལ་བས། མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་མང་པོ་ཐོན་ཡོད། ཐའེ་ཧང་རི་བོ་ལོ་35བརྟན་སྲུང་བྱེད་མཁན“ཡུས་ཀུང་གསར་པ”ལི་པའོ་གོ་དང་། སློབ་གསོའི་དབུལ་སྐྱོར་ཆེད་རང་སྲོག་བློས་བཏང་བ་དང་རི་གྲོང་གི་བུ་མོའི་ཕུགས་རེ་མངོན་འགྱུར་ཡོང་བར་བྱེད་མཁན་ཀྲང་ཀུའེ་མའེ། དངོས་སྒྲུབ་ལ་བརྟེན་ནས“འཆི་སྲོག་ལ་ཐུག་ཀྱང་ཆུ་འདྲེན་ཐུབ་པའི”དམ་བཅའ་ལག་ལེན་བྱེད་མཁན་ཧོང་ཏ་ཧྥ། ཕ་ཡུལ་དུ་ལོག་ནས་དུས་རབས་གསར་པའི་ལང་ཚོའི་ཉམས་བཟང་མངོན་པར་བྱེད་མཁན་ཧོང་ཝུན་ཤིའུ། དབུལ་སྒྲོལ་གྱི་འཐབ་ས་དང་པོར་གཞི་ཚུགས་ཏེ་སྟོབས་ཤུགས་ཡོད་རྒུ་འདོན་མཁན་ཧོང་ཧྲི་ཡན་སོགས་བློ་མཐུན་དང་། དེ་བཞིན་ད་ཐེངས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་བཅས་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་རེད། ཁོང་ཚོ་ལ་ལས“དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་མི་ཁྲི་སྟོང་མང་པོ་ཡོད་པས་ང་ནི་དེའི་ཁྲོད་ཀྱི་བྱེ་བྲག་ཙམ་ཞིག་རེད། ད་བར་མཇུག་མ་འཁྱོལ་བར་དཀའ་ཚེགས་མང་པོ་འཕྲད་མོད། འོན་ཀྱང་སྤྲོ་སྣང་ཡང་མང་པོ་བྱུང་ཡོད”ཅེས་བརྗོད་ཀྱི་ཡོད་པ་དང་། ལ་ལས“དངུལ་དང་ཁེ་ཕན་གྱི་ཆེད་དུ་མིན་པ་མཐོང་སྐབས་ཞིང་པ་ཚོས་ཁྱེད་ལ་ཡིད་ཆེས་བྱེད་སྲིད་ལ་ཁྱེད་ཀྱི་ཁ་ལའང་ཉན་སྲིད”ཅེས་བརྗོད་ཀྱི་ཡོད། ལ་ལས “ས་གཞི་ཆེན་པོའི་ཐོག་བྱས་རྗེས་འཇོག་ཐུབ་ཚེ་འཇོན་ཐང་ངོ་མ་དེ་རེད”ཅེས་བརྗོད་ཀྱི་ཡོད།
        དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད་བློ་མཐུན་1800ལྷག་ཙམ་གྱིས་རང་ཉིད་ཀྱི་ཚེ་སྲོག་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་ནང་སྐུ་གཤེགས་པའི་ལས་དོན་པ་རྣམས་ཀྱི་བློས་གཏོང་དང་ཕུལ་བའི་ལེགས་སྐྱེས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་རེད་ལ། ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་པ་མ་ཟད། སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བརྗེད་མི་སྲིད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐུ་གཤེགས་མཁན་ཚོའི་གཉེན་ཉེ་དང་ནང་མིར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དཔའ་བོ་དཔེ་བཟང་གི་མི་སེམས་འགུལ་བའི་མཛད་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་དཀའ་སྤྱད་འབད་བརྩོན་དང་བྱས་རྗེས་གསར་པ་ཧུར་ཐག་འཇོག་པར་སྐུལ་ལྕག་བྱེད་དགོས།
བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།
        དབུལ་སྒྲོལ་འགག་སྒྲོལ་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་གཤིས་རྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ། གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱེད་པའི་སྙིང་རུས་བརྟན་པོ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།  ང་ཚོས་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་རྒྱུན་གཏན་ལས་བརྒལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་ཏེ་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུར་སྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཟློག་རིགས་པའི་གཞུང་ལུགས་གྲུབ་ཡོད།
        —— ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད། ང་ཚོས་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དབུལ་སྒྲོལ་འགག་སྒྲོལ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས། སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ང་ཚོས་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་དང་ཏང་ཡོངས་སྐུལ་སློང་གིས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་བཏོད་ཡོད། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཁྲིད་གཙོ་བོའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ་དང་། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ཀྲུང་དབྱང་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང“དམག་བཀའ་ཁུར་ལེན”བྱས་ནས། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་རྫོང་དབུལ་པོའི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་གྲོང་ཚོའི་ཏང་རྩ་འཛུགས་གཙོ་བོར་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དེ་མང་ཚོགས་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་གྱུར་བ་བྱས་ཡོད། ང་ཚོས་སྟོབས་ཤུགས་ཧྲག་པོ་གཅིག་སྡུད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་མངགས་ཏེ་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གྲོང་སྡོད་ལས་དོན་རུ་ཁག་ཁྲི་25.5དང་། ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་བྱེད་པ་ཁྲི་300ལྷག་ཙམ་བཏང་ནས། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྲི་200ཙམ་དང་གྲོང་ཚོའི་ལས་བྱེད་པ་ཁྲི་བརྒྱ་གྲངས་ཁ་ཤས་མཉམ་དུ་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ། དམར་མདངས་བཀྲ་བའི་ཏང་དར་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།
        ཀྲུང་གོ་གུང་ཁྲན་ཏང་ལ་འགྲན་ཟླ་བྲལ་བའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ལག་བསྟར་བྱེད་ནུས་བཅས་ཆེན་པོ་ལྡན་པ་དང་། དེ་ནི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་ཀྱི་བློས་འཁེལ་ཤོས་ཀྱི་འགོ་ཁྲིད་སྟོབས་ཤུཌ་ཤིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། མདུན་སྐྱོད་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་ཐུབ་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད།
        —— མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་བསྐྱོད་ཡོད། “རྒྱལ་ཁབ་ཡག་པོ་སྐྱོང་བར་མི་དམངས་ཕྱུག་པོ་ཆགས་རྒྱུ་ནས་འགོ་འཛུགས་དགོས”ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བསྲུངས་ཏེ། དབུལ་པོ་སེལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཐུབ་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན། ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་བཅས་ཡིན་པའི་ནན་བཤད་བྱས་ཡོད། ང་ཚོས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་དབུལ་སྒྲོལ་གྲུབ་འབྲས་ལ་དཔྱད་བསྡུར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ནས། མང་ཚོགས་དབུལ་པོའི་གཞི་རྩའི་དམངས་འཚོའི་དགོས་མཁོ་སྟོབས་ཤུགས་གཅིག་སྡུད་ངང་ཐག་གཅོད་བྱས་ཡོད། ང་ཚོས་སྲིད་གཞུང་གིས་བཏོན་པའི་བྱེད་པོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རྣམ་གྲངས་ཆེན་པོ་ཁག་གཅིག་ཉུང་འཕྲི་བྱེད་དགོས་བྱུང་ཡང་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་གཏོང་ཤུགས་སྔོན་ལ་འགན་ལེན་བྱས་ཡོད། ལོ་8ཀྱི་རིང་ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་དང་རྫོང་བཅས་ཀྱི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1.6ཙམ་བཏང་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6601བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ས་སྤྱོད་གྲངས་ཚད་སྤོར་གཅོག་གི་སྦྲེལ་བའི་སྟོན་རྟགས་ཞིང་ཆེན་གྱི་ས་ཁོངས་ལས་སྒྲོལ་བའི་སྙོམས་སྒྲིག་དང་ཞིང་ཆེན་ནང་ཁོངས་ཀྱི་འཁོར་རྒྱུག་ལ་སྤྱོད་པའི་མ་དངུལ་སྒོར་དུང་ཕྱུར་4400ལྷག་ཙམ་དང་། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7100ལྷག་ཙམ་བཏང་བ། དབུལ་སྐྱོར་གྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་6688བཏང་བ། དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.2བཏང་བ། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་9ཡིས་ཁྱོན་དབུལ་སྐྱོར་རོགས་ལས་ས་ཁུལ་ལ་ནོར་སྲིད་ཀྱི་རོགས་རམ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1005ལྷག་ཙམ་བཏང་བ། ཤར་རྒྱུད་ས་ཁུལ་གྱི་ཁེ་ལས་ཀྱིས་དབུལ་སྐྱོར་གཞོགས་འདེགས་བྱ་ཡུལ་དུ་བསྐྱོད་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་བ་སོགས་རེད། ང་ཚོས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་དང་། བསྡུ་སྒྲིལ། བེད་སྤྱོད་བཅས་བྱེད་པ་དང་དབུལ་སྐྱོར་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། མ་དངུལ་དགོས་མཁོ་ཆེ་ཤོས་ཀྱི་སར་གཏོང་ཐུབ་པའི་འགན་ལེན་བྱས་པ་དང་། མ་དངུལ་འབོར་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འགན་ལེན་བྱས་ཡོད།
        དོན་དངོས་ལས་ར་སྤྲོད་བྱུང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར། ངེས་པར་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། སྔར་བས་རང་རྟོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་ཕན་པ་ཐོབ་པར་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། བྱ་བ་རེ་རེ་བཞིན་བསྒྲུབས་པ་དང་ལོ་དང་ལོ་བསྟུད་ནས་ལས་ཀ་ཧུར་ཐག་བྱས་ཚེ། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུར་དེ་བས་མངོན་གསལ་དོད་པའི་དོན་དམ་པའི་འཕེལ་རིམ་ཐོན་ཐུབ་ངེས་རེད།
        —— རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཐུན་མོང་གི་བློ་སྟོབས་དང་ཐུན་མོང་གི་བྱ་སྤྱོད་གྲུབ་ཡོད། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་གིས་ཐུན་མོང་ཐོག་དབུལ་ཕོངས་ལ་འཐབ་པའི་དམག་བརྡ་བཏང་ནས། རྒྱལ་ཡོངས་བློ་སེམས་གཅིག་མཐུན་དང་མཉམ་ཤུགས་འགག་སྒྲོལ་བྱེད་པ་དང་ཏང་སྲིད་དམག་དམངས་སློབ་བཅས་ཀྱིས་ཤུགས་རྒྱག་ས་གཅིག་ཏུ་ཤུགས་རྒྱག་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམ་ངོས་ཀྱི་ཆ་སྒྲིག་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས། ཤེས་ལྡན་མི་སྣ་དང་། མ་དངུལ། ལག་རྩལ་བཅས་ས་ཁུལ་དབུལ་པོར་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ཡོད། ང་ཚོས་དམིགས་གཏན་འཁེལ་བའི་དབུལ་སྐྱོར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། དམངས་གཙོའི་ཏང་ཤོག མི་དམངས་ཚོགས་པ། གཞུང་ཁོངས་ཁེ་ལས། མི་དམངས་དམག་དཔུང་སོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཚང་མར་རོགས་སྐྱོར་ཚན་པ་ཡོད། ལས་རིགས་ཁག་དང་བྱ་གཞག་ཁག་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་། ཚན་རྩལ་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། རིག་གནས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར་བཅས་ཀྱི་ལས་དོན་སྤེལ་ཡོད། དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཧུར་ཐག་ཞུགས་ནས། “ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་ཚ་ཚ་འུར་འུར་ངང་སྤེལ་ཡོད། ང་ཚོས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་གསབ་རེས་ཀྱི་དབུལ་སྐྱོར་ཆེན་པོའི་བཀོད་པ་བཏོད་དེ། ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལས་སྒྲོལ་བ་དང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུཌ་པའི་སྤྱི་ཚོགས་ཀྱི་དབུལ་སྐྱོར་མ་ལག་ཅིག་ཆགས་ཡོད། དབུལ་སྐྱོར་གྱི་བྱ་སྤྱོད་བཟང་པོ་ཁྲི་སྟོང་མང་པོ་ལས་སྤྱི་ཚོགས་ཀྱི་གཅེས་སེམས་ཆེན་པོ་མཚོན་པ་དང་རི་སྒུལ་མཚོ་སྐྱོམ་ལྟ་བུའི་སྟོབས་ཤུཌ་ཆེན་པོ་གཅིག་ཏུ་འདུས་ཡོད།
        དོན་དངོས་ལས་ར་སྤྲོད་བྱུང་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་པའི་གཞི་རྩའི་འགན་ལེན་ཞིག་ཡིན། ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཚེ། དབུལ་སྒྲོལ་འགག་སྒྲོལ་ལྟ་བུའི་དོན་ཆེན་དང་དཀའ་བའི་ལས་དོན་མང་པོ་བསྒྲུབ་ཐུབ་ནས། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་ཐུབ།
        —— གནད་སྨིན་དབུལ་སྐྱོར་གྱི་མཛད་ཇུས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ཏེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་བྱེད་པར་གནད་སྨིན་ནི་འགག་རྩ་ཡིན་པ་ནན་བཤད་བྱས་ཡོད། ང་ཚོས་དབུལ་སྐྱོར་བྱ་ཡུལ་ལ་ཞིབ་ཕྲ་ཅན་གྱི་དོ་དམ་དང་། དབུལ་སྐྱོར་ཐོན་ཁུངས་ལ་གནད་འཁེལ་ཅན་གྱི་བཀོད་སྒྲིག དབུལ་སྐྱོར་བྱ་ཡུལ་ལ་གནད་སྨིན་ཅན་གྱི་རོགས་སྐྱོར་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་བཙུགས་ནས། དབུལ་སྐྱོར་ཐོན་ཁུངས་དབུལ་སྐྱོར་བྱ་ཡུལ་དང་ས་ཁུལ་དབུལ་པོར་དངོས་འབྲེལ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། རོགས་སྐྱོར་སུ་ལ་བྱེད་པ་དང་། རོགས་སྐྱོར་སུས་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ང་ཚོས་ལྷན་སྦྱར་སྲིད་ཇུས་ཀྱི་ཐབས་མང་མཉམ་སྤྱོད་བྱས་ཏེ། གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་བ་དང་། དབུལ་པོ་ཆགས་རྐྱེན་ལ་བརྟེན་ནས་ཐབས་ཇུས་ལག་ལེན་བསྟར་བ། དབུལ་པོའི་རིགས་ལ་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་བ་བཅས་བྱས་ཏེ། རྣག་ཐོག་གཙག་འཁེལ་དང་། གནད་འཕིགས་ཐིགས་ཆུ་གཏོང་བ། འབེན་གཏད་གསོ་བཅོས་བཅས་བྱས་ནས། དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པའི་ནུས་པ་དངོས་སུ་བཏོན་ཡོད། ང་ཚོས་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་གནད་ལ་འཁེལ་པོས་དབུལ་སྐྱོར་བྱེད་པ་དང་། རྩ་བའི་ཐོག་ནས་དབུལ་སྐྱོར་བྱེད་པ། ཁྱིམ་ཚང་ལ་དབུལ་སྐྱོར་བྱེད་པ་བཅས་བྱས་ནས། ཆ་སྙོམས་ཀྱིས་ཕལ་ཆེ་བའི་ཚབ་བྱེད་རྒྱུ་གཏན་འགོག་བྱས་ཡོད། ང་ཚོས་གསར་སྤེལ་རྣམ་པའི་དབུལ་སྐྱོར་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དེ་དབུལ་ཕོངས་སེལ་བའི་རྩ་བའི་ཐབས་ལམ་དུ་བརྩི་བ། འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། དབུལ་སྐྱོར་ཐད“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་བ་བཅས་བྱས་ནས། འཕེལ་རྒྱས་དེ་དབུལ་ཕོངས་སེལ་བའི་བྱེད་ཐབས་ནུས་ལྡན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ཐབས་ལམ་བརྟན་ཤོས་སུ་འགྱུར་བ་བྱས་ཡོད། ང་ཚོས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གཞི་རྩའི་ཐབས་ཇུས་ཡིན་པའི་སློབ་གསོར་དམ་པོར་དམིགས་ནས། ཇི་ལྟར་དབུལ་ཡང་སློབ་གསོ་དང་ཕྲུ་གུ་དབུལ་དུ་མི་འཇུག་པ་བྱེད་པ་དང་། ཕྲུ་གུ་གོམ་པ་ཐོག་མ་སྤོ་དུས་ནས་རྗེས་སུ་མ་ལུས་པ་བྱས་ཏེ། ཕྲུ་གུ་ཚང་མར་མི་ཚེའི་འཇོན་ཐང་ངོམ་པའི་གོ་སྐབས་ཧུར་ཐག་བཏོད་ནས་དབུལ་པོ་བུ་རབས་ཚ་རྒྱུད་དུ་བརྒྱུད་རྒྱུ་ནུས་ཤུགས་ཡོད་རྒུས་གཏན་འགོག་བྱས་ཡོད།
        དོན་དངོས་ལས་ར་སྤྲོད་བྱུང་དོན། གནད་སྨིན་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་ཡིན་པ་དང་། གསར་སྤེལ་རྣམ་པའི་དབུལ་སྐྱོར་མཛད་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་ཐབས་ལམ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། གལ་སྲིད་ང་ཚོས་གནད་སྨིན་གྱི་ཚན་རིག་དང་མཐུན་པའི་བྱེད་ཐབས་མཐའ་འཁྱོངས་དང་གནད་སྨིན་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཚན་རིག་དང་མཐུན་པའི་ཐབས་ལམ་དང་རྒྱུན་སྲིང་གི་སྒུལ་ཤུགས་མཁོ་འདོན་བྱེད་ཐུབ་ངེས་རེད།
        —— རྒྱ་ཆེའི་མང་ཚོགས་དབུལ་པོའི་ཧུར་སེམས་དང་། རང་འགུལ། གསར་གཏོད་ཀྱི་བསམ་པ་འཕེལ་རྒྱུ་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད། “སྐྱེ་བོ་ཞིག་གི་དཀའ་གནད་ནི་མི་གཞན་ལས་རྣམ་པར་རྒྱལ་རྒྱུ་དེ་མིན་པར་དེ་ནི་སོ་སོ་ལས་རྣམ་པར་རྒྱལ་རྒྱུ་དེ་ཡིན”དབུལ་སྒྲོལ་བྱེད་པར་ངེས་པར་དུ་བསམ་བློའི་འདུ་ཤེས་ཐད་ཀྱི་དབུལ་ཕོངས་ལས་སྒྲོལ་དགོས། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ནུས་ཆེན་པོར་སྒྱུར་རྒྱུར་སྣང་ཆེན་བྱས་ནས་དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་ཐུབ་པ་བྱེད་པར། ཕྱུག་པོ་ཆགས་པར་བྱེད་དགོས་ལ་བསམ་བློའང་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་དབུལ་པོས་ལས་ལ་བརྩོན་པའི་ལག་གཉིས་དང་དཔའ་ངར་ཞུམ་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས་དབུལ་ཕོངས་ལས་སྒྲོལ་བ་དང་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། ང་ཚོས་མང་ཚོགས་དབུལ་པོར་སྣེ་ཁྲིད་བྱས་ཏེ“དཀའ་བ་སྤྱོད་པར་འདོད་པ་ལས། སྡུག་སྒོམ་པར་མི་འདོད”པའི་འདུ་ཤེས་འཛུགས་པ་དང་། “མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་པའི”ངར་ཤུགས་ཆེ་རུ་གཏོང་བ། “བྱ་ཆུང་སྔོན་ལ་འཕུར་བ། བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པའི”སྙིང་རུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོང་ཚོ་སྤྲོ་སེམས་འཕེལ་བ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱས་ཡོད། དབུལ་སྒྲོལ་ཐུབ་པའི་མང་ཚོགས་ཀྱིས“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདུག གལ་སྲིད་ང་ཚོས་སྒུག་ནས་མི་སྡོད་པ་དང་བལྟས་ནས་མི་སྡོད་པར‘ངས་བྱེད་པའི’སྙིང་སྟོབས་དར་སྤེལ་བཏང་ཚེ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ངེས་ཡིན་པ”དང“འཚོ་བས་ང་ལ་འགྱུར་ལྡོག་བཏང་བྱུང་བས་ངས་ཀྱང་འཚོ་བར་འགྱུར་ལྡོག་གཏོང་གི་ཡིན”ཞེས་བརྗོད་ཀྱི་ཡོད།
དོན་དངོས་ལས་ར་སྤྲོད་བྱུང་དོན། མི་དམངས་ནི་དཔའ་བོ་ངོ་མ་ཡིན་པས། མི་དམངས་མང་ཚོགས་ལ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་དེ་ནི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་གལ་འགངས་ཤིན་ཏུ་ཆེ། གལ་སྲིད་ང་ཚོས་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་མི་དམངས་མང་ཚོགས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཚེ་མི་རྣམས་ཧང་སངས་དགོས་པའི་མི་ཡུལ་གྱི་ངོ་མཚར་དེ་བས་མང་བ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད།
        —— ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཧྲིལ་པོར་ཉེན་སེལ་དབུལ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད། ང་ཚོས་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལྟ་རེས་སྐྱོང་རེས་དང་། ཕྱར་བ་གྲུ་འདེགས། དབུལ་སྐྱོར་དཀའ་སེལ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྤྱི་ཚོགས་ལས་རིགས་ཁག་གིས་མང་ཚོགས་དབུལ་པོར་གཅེས་སྐྱོང་དང་། དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སེམས་ཁུར། དབུལ་སྒྲོལ་བྱ་སྤྱོད་ནང་ཞུགས་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཡོད། ང་ཚོས་སྤྱི་ཚོགས་ཀྱི་སྐུལ་སློང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཞུགས་པའི་ལས་སྟེགས་གཏོད་པ། སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་སྟངས་གསར་གཏོད་བཅས་བྱས་ནས་ཚང་མས་བྱེད་འདོད་པ་དང་། ཚང་མས་བྱེད་ཆོག་པ། ཚང་མས་བྱེད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རོགས་སྐྱོར་བཀོད་པ་ཞིག་ཆགས་ཡོད།
        དོན་དངོས་ལས་ར་སྤྲོད་བྱུང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་མི་སེམས་གཅིག་སྒྲིལ་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་རེད། གལ་སྲིད་ང་ཚོས་བློ་བརྟན་འགྱུར་མེད་ངང་ཀུན་སྤྱོད་དོན་གཉེར་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱི་ཡར་ཐོན་དགེ་བརྩོན་གྱི་དྲང་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ་ཀྲུང་ཧྭ་མི་རིགས་རླུང་བརྟེན་རླབས་གཤགས་དང་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་འཛད་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ་ངེས་རེད།
        —— དམ་པ་དོན་གཉེར་དང་མཁྲེགས་སར་གཏུགས་ཕོད་པ་མཐའ་འཁྱོངས་བྱས་ནས། དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མར་དབུལ་སྐྱོར། དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་ནང་ཁྱབ་པར་བྱེད་པ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྙིང་རུས་ལ་བརྟེན་ནས། དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་ཏན་ཏིག་གི་སྟོན་ཕྱོགས་དང་ནན་པའི་སྒྲིག་ལམ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྩལ་རྩེད་མི་ངོམ་པ་དང་། གུས་ལུགས་རྙོག་པོ་མི་གཉེར་བ། ཕྱི་ཚུལ་ཙམ་མི་བྱེད་པ་བཅས་བྱས་ནས། ཧ་རེ་ཧུ་རེ་དང་གཙོ་ཤུགས་ཁ་ཐོར་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། དོན་དངོས་དང་མི་མཐུན་པའི“ངོ་སྲུང་འདུ་འགོད”ལ་མཐའ་གཅིག་ཏུ་ངོ་རྒོལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ནས། ལས་དོན་མཐའ་དག་མང་ཚོགས་དབུལ་པོའི་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཐད་དོན་འཁྱོལ་བྱས་ཡོད། ང་ཚོས་ནན་ཤོས་ཀྱི་དཔྱད་ཞིབ་དང་ཚོད་སྐོར་ལག་བསྟར་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ་དང་། ཕྱོགས་ཡོངས་ཀྱི་ལྟ་སྐུལ་མ་ལག་བཙུགས་ནས། དབུལ་སྒྲོལ་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་དངོས་འབྲེལ་ཐེག་ཐུབ་པ་བྱས་ཡོད།
        དོན་དངོས་ལས་ར་སྤྲོད་བྱུང་དོན། བཅུ་ཆ་གཅིག་བཀོད་སྒྲིག་དང་བཅུ་ཆ་དགུ་དོན་འཁྱོལ་གྱིས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་ཐུབ་པའི་འགན་ལེན་བྱས་ཡོད། གལ་སྲིད་ང་ཚོས་དངོས་སྒྲུབ་རྒྱལ་དར་དང་དངོས་སྒྲུབ་དམངས་ཕན་མཐའ་འཁྱོངས་བྱས་ཚེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་བརྗིད་ཆེའི་འཆར་གཞི་དེ་རིམ་བཞིན་དོན་དངོས་སུ་འགྱུར་སྲིད།
        ཉམས་མྱོང་དང་ངོས་འཛིན་གལ་ཆེན་འདི་དག་ནི། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། མར་ཁེ་སི་རིང་ལུགས་ཀྱི་དབུལ་ཟློག་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས།
བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།
        རླབས་ཆེན་བྱ་གཞག་གིས་རླབས་ཆེན་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་འཐབ་རྩོད་ལས“གོང་འོག་སེམས་མཐུན་དང་། ཧྲག་དམག་དཔུང་འཇུག གནད་སྨིན་དངོས་སྒྲུབ། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ”བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ཤིག་གྲུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོའི་དམིགས་ཡུལ་དང་། ཀྲུང་གོ་མི་དམངས་ཀྱི་སྙིང་སྟོབས་ཀྱི་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་བཅས་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པའི་གཅིག་སྡུད་མཚོན་ཚུལ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་མངོན་པ་ཡིན་པས་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཡུན་རིང་རྒྱུན་འཛིན་བྱས་པ་ཞིག་རེད། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཔའ་ངར་ཆེར་སྐྱེད་ངང་འབད་འཐབ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་ཐམས་ཅད་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ལེན་དགོས།
        བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།
        དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་ལས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་འགྲོ་ལམ་དུ་སྲ་ཞིང་བརྟན་པའི་གོམ་སྟབས་ཆེན་པོ་སྤོས་པ་མཚོན་ཡོད། དུས་མཚུངས་ དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད་ལ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་ལས་འགན་སྔར་བཞིན་ལྕི་ལ་ལམ་ཐག་རིང་བའང་མཚོན་གྱི་ཡོད། ང་ཚོས་ང་རྒྱལ་ཁེངས་དྲེགས་དང་གོམ་པ་སྤོ་མཚམས་འཇོག་པའི་རྒྱུ་མཚན་གང་ཡང་མེད་པས་ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། རྒྱུན་མཐུད་འབད་འཐབ་བཅས་བྱེད་དགོས།
        “རྒྱལ་ཁ་ཐོབ་པར་བྱེད་པ་དཀའ་ངལ་མིན། དཀའ་ངལ་དངོས་དེ་རྒྱུན་སྲིང་བྱེད་པར་ཐུག”ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་དབུལ་སྒྲོལ་གྱི་རྨང་གཞི་སྔར་བས་བརྟན་དུ་དང་གྲུབ་འབྲས་སྔར་བས་རྒྱུན་སྲིང་ཐུབ་པ་བྱེད་དགོས། དབུལ་པོ་རང་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཇུས། སྔ་ཙམ་རོགས་སྐྱོར་བཅས་བྱེད་དགོས། དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་ཡུན་རིང་སྐྱེད་སྲིང་དང་རོགས་སྐྱོར་བྱས་ནས་ནང་སྐྱེས་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་པ་དང་། ཐབས་ལམ་མང་པོ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་ཁྲོད་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་རྫོང་ལ་མུ་མཐུད་རོགས་སྐྱོར་བྱས་ནས་བར་བརྒལ་དུས་ཚིགས་བཟོ་བ་དང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གྲོང་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་། ལས་དོན་རུ་ཁག ཤར་ནུབ་རོགས་ལས། ཁ་གཏད་རོགས་སྐྱོར། སྤྱི་ཚོཌ་རོགས་སྐྱོར་སོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ད་དུང་དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ནས་འཐུས་སྒོ་ཚང་དུ་ཡང་གཏོང་དགོས། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་བཏང་རྗེས་ཀྱི་འོས་འཚམ་གྱི་དུས་ཚོད་ནང་ཚོད་སྐོར་ལས་དོན་སྒྲིག་འཛུགས་བྱ་རྒྱུའི་གཏན་འབེབས་བྱས་ཏེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ནན་དུ་བཏང་ཐོག གཞི་ཁྱོན་རང་བཞིན་གྱི་དབུལ་པོ་རང་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས།
        གྲོང་གསེབ་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ལས་ཐོན་པའི་དུས་བབ་གསར་པ་དང་བཏོན་པའི་བླང་བྱ་གསར་པར་དམིགས་ཏེ། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ཆུང་དུ་གཏོང་བ། ཡོང་འབབ་ཉུང་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་མི་གཅིག་ཀྱང་མི་ལུས་པ་དང་ཚང་མ་རྗེས་ཟིན་པར་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གཏིང་ཚད་དང་། ཁྱབ་ཚད། དཀའ་ཚད་བཅས་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས། སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། དེ་བས་བྱེད་ཐབས་ནུས་ལྡན་སྤྱད་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཞིང་ལས་སྤུས་ལེགས་ནུས་ཆེ་དང་། གྲོང་གསེབ་ཀྱི་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་པ་འབྱོར་ཕྱུག་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མི་དམངས་ཡོངས་དང་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དེ་བས་གལ་ཆེའི་གནས་བབ་ཏུ་བཞག་ནས་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ངང་དམིགས་ཚད་དེའི་ཕྱོགས་སུ་དེ་བས་འབད་འཐབ་བྱས་ཏེ་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་ཏུ་གཏོང་བ་དང་། དེ་བས་འགན་ལེན་བྱེད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།
        བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།
        སྔར་སོང་ལ་ཕྱིར་མིག་ལྟ་སྐབས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་དུ་མར་དཀའ་ངལ་བཟོ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་སེལ་བའི་ཐད་ང་ཚོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་ལ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་ངོ་མཚར་ཡང་བཏོད་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འདུན་པ་རླབས་པོ་ཆེའི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད། རྒྱང་སྐྱོད་ལམ་ཐག་ཧ་ཅང་རིང་བས་འབད་འཐབ་ཆེན་པོ་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གདེང་ཚོད་དང་ཆོད་སེམས་བརྟན་པོ་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་ལ་བརྟེན་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།