ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > གསར་ཤོས།

རྒན་སྒྲོལ་དཀར་ལགས་ཀྱི་ཨ་ཅེ་ལྷ་མོའི་མི་ཚེ། ༼སྟོད་ཆ།༽

སྤེལ་དུས 2021-09-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།


        དང་པོ། ལྷ་མོའི་སྒྱུ་རྩལ་པ་གྲགས་ཅན།
        རྒན་སྒྲོལ་དཀར་ལགས་ཀྱིས་ལོ་ངོ་45རིང་ལྷ་མོའི་འཁྲབ་གཞུང་གི་སྒྱུ་རྩལ་རིན་ཐང་མངོན་པར་གནང་ཡོད། ལོ་ངོ་45ཡི་ཆར་རླུང་དྲག་པོའི་བརྒྱུད་རིམ་ཁྲོད་ཁོང་གིས་མི་ཚེ་གཅིག་རིང་གི་དུས་བཟང་དང་མཛེས་སྡུག་ལྡན་པའི་ལང་ཚོ་དེ་ཚེ་གང་ལ་དགའ་ཞེན་བྱེད་སའི་ལྷ་མོའི་བྱ་གཞག་ལ་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ནི་སྐྱོར་མོ་ལུང་གི་ལྷ་མོའི་མི་རབས་གསུམ་གྱི་རྒྱུན་འཛིན་པ་ཞིག་ཡིན། སྤོ་བོ་ལགས་དང་ཡབ་ཆེན་གྱི་ངག་སློབ་དཔེ་སྟོན་འོག སྤྱི་ལོ་1959ལོའི་བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་ལོ་10ལ་སླེབས་ཙམ་ཡིན་པའི་སྒྲོལ་དཀར་ལགས་ཀྱིས་སྐྱོར་མོ་ལུང་གི་ལྷ་མོ་སྦྱོང་རྒྱུའི་སེམས་ཐག་བཅད་ཡོད། སྐབས་དེ་དུས་ཀྱི་ཁོར་ཡུག་དེ་འདྲའི་འོག་ཁོང་གི་གདམ་ག་དེ་ནི་ད་ཆ་ཕྱིར་དྲན་བྱས་ཚེ་བླ་ན་མེད་པའི་བྱ་བ་ཞིག་ཡིན་པ་སྨོས་མི་དགོས། ལོ་བཅུ་ལ་སླེབས་ཙམ་ཡིན་པའི་ཁོང་གིས་ཉེ་འཁོར་དུ་བྱུང་བའི་བྱ་བ་ཚང་མར་ཤེས་རྟོགས་གཏིང་ཟབ་མེད་ཀྱང་ལྷ་མོའི་གཞས་གདངས་དང་འཁྲབ་སྟངས་སྦྱོང་བའི་བྱ་བ་དེའི་མདུན་དུ་ལོ་10ལ་སླེབས་པའི་བུ་མོ་ཆུང་ཆུང་ཞིག་དང་མི་འདྲ་བར་རང་ཉིད་ཀྱི་ལྟ་བ་བརྟན་པོར་འཛིན་ཐུབ་ཀྱི་ཡོད། ལོ་ན་ཕྲ་བའི་སྒྲོལ་དཀར་ལགས་ཀྱིས་ལྷ་མོའི་སྒྱུ་རྩལ་པ་གྲགས་ཅན་ཨ་མ་ཤི་ལོག་དགེ་རྒན་ལ་བསྟེན་པ་དང་ལག་རྩལ་སྦྱོང་བའི་བརྒྱུད་རིམ་ཁྲོད་རྒྱུན་དུ་དུས་ཚོད་མང་པོ་ཞིག་གི་ནང་སྔོན་དུ་དགེ་རྒན་ལ་ཁྱིམ་ལས་ཡག་པོ་བྱེད་རོགས་བྱེད་པ་དང་གཙང་སྦྲ་བྱེད་པ་སོགས་ཁྱིམ་ལས་ཆ་ཚང་ལེགས་གྲུབ་བྱུང་རྗེས་དགེ་རྒན་གྱིས་གཞི་ནས་སྡོད་དུ་བཅུག་ནས་སྟབས་བདེའི་ལྷ་མོ་འཁྲབ་ཏུ་འཇུག་གི་ཡོད། ཁོང་གི་འགྲམ་དུ་ཡབ་ཆེན་གྱི་གསོ་སྐྱོང་ཡོད་ཀྱང་ལྷ་མོའི་ཁྲོད་བུད་མེད་ཀྱི་གཞས་གདངས་དང་འཁྲབ་སྟངས་དག་ལ་ཨ་མ་ཤི་ལོག་དང་འདྲ་བའི་སྦྱོང་བརྡར་དང་གསོ་སྐྱོང་བྱེད་དགོས་ཀྱི་ཡོད། སྒྲོལ་དཀར་ལགས་ནི་ཆུང་དུས་ནས་སྤྱང་གྲུང་ལྡན་ཞིང་གྲུང་ཤ་དོད་པའི་བུ་མོ་ཞིག་ཡིན་ཞིང་ཡུན་རིང་མ་སོང་བར་ཁོང་གིས་སྲོལ་རྒྱུན་གྱི་ལྷ་མོ་༼འགྲོ་བ་བཟང་མོ་༽ཞེས་པའི་ནང་ལྷ་སྐྱིད་ཀུན་བཟང་འཁྲབ་ཅིང་། གཞས་གདངས་དང་འཁྲབ་སྟངས་ཀྱི་རྨང་གཞི་ཡག་པོ་ལྡན་པའི་ལྷ་སྐྱིད་ཀུན་བཟང་ལ་གཟིགས་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་ཡོད།

        གཉིས་པ། མང་ཚོགས་སེམས་ནང་གི་སྣང་ས་ཨ་མ་ལགས།
        མེ་མདའ་གཅིག་དང་ལམ་རྒྱགས་ཁུག་མ་གང་པོ་དེ་ནི་སྐབས་དེ་དུས་རྒན་སྒྲོལ་དཀར་ལགས་ཀྱི་ཁྱིམ་གཞིས་ཆ་ཚང་ཡིན། ཉམ་ཆུང་གི་ལུས་གཟུགས་དེ་མཐོ་ཞིང་ཆེ་བའི་རྟ་ཐོག་ལ་གཞོན་ན་སེམས་ཁམས་ཀྱི་དངངས་སྐྲག་དང་འཇིགས་སྣང་ནི་བཤད་མི་དགོས་པ་ཞིག་རེད་ལ་སྲ་ཞིང་སྐམ་པའི་མོག་མོག་དེ་ནི་ཆེས་ཞིམ་པའི་ཟས་རིགས་ཤིག་ཏུ་བརྩི་གི་ཡོད། མཛེས་སྡུག་ལྡན་པའི་གནས་མཆོག་གནམ་མཚོའི་གྲང་རླུང་ཁྲོད་ཁོང་ལ་རླུང་རླན་ནད་ཀྱི་བག་ཆགས་ཐོག་མ་བཞག་ཡོད། མཐོ་གྲང་གསོ་རླུང་མི་འདང་བ་དང་། གྲང་རླུང་རབ་ཏུ་རྒྱས་པའི་ཁོར་ཡུག་འོག་ཁོང་གིས་སླར་ཡང་བློ་ཐག་ཆོད་པོས་མུ་མཐུད་མདུན་སྐྱོད་གནང་རྒྱུའི་སེམས་ཐག་གཅད་ཡོད་པ་རེད།
        ལོ་རབས་70པའི་ནང་དཔེ་སྟོན་ཟློས་གར་དེ་མེས་རྒྱལ་གྱི་ལྷོ་བྱང་ཀུན་ཏུ་བསྒྲགས་པ་དང་། མཚོ་བོད་ས་མཐོའི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་སྒོ་རྭའི་ནང་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་ཡོད། ལྷ་མོའི་འཁྲབ་གཞུང་གི་རྨོ་བོ་ལིའི་ལགས་ནི་སྐབས་དེ་དུས་ལོ་ན་ཆུང་བའི་སྒྲོལ་དཀར་ལ་མཚོན་ན་འགྲན་སློང་ཆེན་པོ་ཞིག་རེད། ཁོང་གིས་ཇི་ལྟར་བྱས་ཏེ་རྒན་མོ་ལིའི་ལགས་ཀྱི་འཁྲབ་བྱའི་མི་སྣ་དེ་ཡག་པོ་འཁྲབ་རྒྱུར་བསམ་བློ་གཏོང་བཞིན་ཡོད། ལྷ་མོ་འཁྲབ་སྟངས་ལ་བརྟེན་ནས་རྒན་མོ་ལིའི་ལགས་འཁྲབ་རྒྱུ་དེ་ནི་དཀའ་ཚེགས་གང་འདྲ་ཡོད་པ་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ། འཁྲབ་སྟོན་གྱི་ཕན་འབྲས་ལེགས་པོ་ཐོབ་པའི་ཆེད་དུ་ལུས་ལ་སྲིང་བལ་གྱི་སྟོད་གོས་ཐུག་པོ་གྱོན་པའི་སྒྲོལ་དཀར་ལགས་ཀྱིས་སྦའོ་ཏིང་གྲོང་ཁྱེར་གྱི་ཚ་བ་ཆེ་བའི་ཁོར་ཡུག་དེ་འདྲའི་འོག་ནང་སྦྱོང་ཡང་ཡང་བྱས་མཐར་རྒྱལ་སའི་གཟིགས་མོ་བར་བག་ཆགས་ཟབ་མོ་ཞིག་བཞག་སྟེ་ད་བར་བག་ཕེབས་ངང་གླེང་མོལ་བྱེད་ས་ཞིག་ཏུ་འགྱུར་ཡོད། 
        ལྷ་མོ་ནི་ཁོང་གི་རྐང་མར་ནང་བརྐོས་པ་ལྟ་བུ་ཞིག་ཡིན་ལ། ལྷན་སྐྱེས་ནས་དགའ་པོ་བྱེད་ས་ཞིག་ཡིན། ཁོང་གིས་སྔ་རྗེས་སུ་ལྷ་མོའི་འཁྲབ་གཞུང་༼འགྲོ་བ་བཟང་མོ་༽དང་། ༼སྣང་ས་འོད་འབུམ་༽ དེ་བཞིན་གློག་བརྙན་༼སྣང་ས་འོད་འབུམ་༽དང་། ༼ནོར་བུ་རྒྱལ་སྲས་༽སོགས་ཀྱི་ནང་འཁྲབ་སྟོན་གནང་མྱོང་ཡོད་པ་མ་ཟད། ༼བདེ་སྐྱིད་ཀྱི་ཟིན་ཐོ་༽དང་༼འུན་ཤིང་ཀོང་ཇོ་༽སོགས་འཁྲབ་ཚན་ཆེ་ཆུང་མང་པོའི་ནང་ཞུགས་མྱོང་ཡོད་པ་མ་ཟད་ཁོང་གིས་འཁྲབ་པའི་མི་སྣ་གཙོ་བོ་རྣམས་ལ་གཟིགས་མོ་བའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་མཚན་སྙན་སྣ་ཚོགས་ཐོབ་ཡོད། 
        སྒྲོལ་དཀར་ལགས་ཆུང་དུས་སྐབས་སུ་ཁྱིམ་ཚང་མཉམ་འཛོམས་མཛད་སྒོའི་ཐོག་བོད་ལྗོངས་ཀྱི་༼ནང་མ་སྟོད་གཞས་༽གྲགས་ཅན་མི་སྣའི་འཁྲབ་ལེན་གནང་སྟངས་མཐོང་སྐབས་ཡིད་དབང་རྦད་དེ་འཕྲོག་ནས་ཁོང་རྣམས་དང་མཉམ་དུ་གླུ་ལེན་གར་འཁྲབ་གནང་གི་ཡོད་པ་རེད། རྗེས་སུ་བོད་ལྗོངས་ཀྱི་༼ནང་མ་སྟོད་གཞས་༽ཕབ་བཟོའི་ལས་དོན་སླར་གསོ་དང་མྱུར་སྐྱོབ་བྱེད་པའི་ཁྲོད་ཁོང་གིས་བསམ་ཡུལ་ལས་འདས་པའི་ལེགས་སྐྱེས་ཕུལ་བར་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཏུ་འགྱུར་ཡོད་ལ། ལྷ་མོ་འཁྲབ་པའམ་ཡང་ན་ནང་མ་སྟོད་གཞས་ནང་གི་གླུ་གར་འཁྲབ་སྟངས་གང་ཡིན་རུང་ཁོང་གི་རྒྱུན་ཏན་འཚོ་བ་ལྟ་བུ་ཞིག་ཏུ་འགྱུར་ཡོད།  

        གསུམ་པ། ཏང་གི་རིག་རྩལ་ལས་དོན་པ།
        རྒན་སྒྲོལ་དཀར་ལགས་ཀྱིས་སི་ཁྲོན་རོལ་དབྱངས་སློབ་གླིང་གི་གསོ་སྦྱོང་ནང་ཞུགས་སྐབས་ཁོང་གིས་སྦྱངས་པའི་ཡོན་ཏན་རྣམས་སྙིང་བཅུད་དུ་བླངས་ནས་སྒྲ་གདངས་ལེན་སྟངས་དང་ཁ་དབྱིབས་བཟོ་ལྟ་དེ་ལྷ་མོའི་སྒྲ་གདངས་འདོན་སྟངས་ཐོག་སྤྱོད་གནང་གི་ཡོད། ཁོང་གིས་སློབ་སྦྱོང་གནང་བའི་ལེགས་ཆ་རྣམས་རང་ཉིད་ཀྱི་རྗེས་མའི་འཁྲབ་སྟོན་གྱི་འཚོ་བ་དང་ལྷག་པར་དུ་ལྷ་མོའི་སྒྲ་གདངས་ཐོག་སྤྱད་ན་རང་ཉིད་ལ་ཕན་པ་ཆེན་པོ་ཐོབ་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། རྔ་སྦུག་ནི་ལྷ་མོའི་བླ་སྲོག་ལྟ་བུ་ཡིན། ཐེངས་ཞིག་འཇར་ཕན་དུ་འཁྲབ་སྟོན་བྱེད་སྐབས་རྔ་བརྡུངས་མཁན་ལ་ནད་གཞི་ཕོག་ནས་ཉིན་གཉིས་པར་འཁྲབ་སྟོན་བྱེད་ཐབས་བྲལ་བ་ཞིག་ཆགས་ཡོད། ཚང་མ་ལྷ་དྲུག་ལ་བདག་པོ་མེད་པ་ལྟ་བུ་ཞིག་ཏུ་འགྱུར་བའི་སྐབས་སུ་ཁོང་གིས་དཔའ་ངར་ཆེར་བསྐྱེད་ཀྱིས་རྔ་བརྡུངས་མཁན་གྱི་འཐུས་ཚབ་གནང་ཡོད། དེའི་གོང་དུ་རྔ་བརྡུངས་མྱོང་མེད་པའི་ཁོང་གིས་བརྩེ་སེམས་དང་། གུས་འདུན། བརྩོན་པ་བཅས་ཀྱི་ཐོག་ནས་དུས་རྒྱུན་གྱི་འཁྲབ་སྟོན་བརྒྱུད་རིམ་ནང་སློབ་སྦྱོང་བྱས་པའི་རྔ་ཚིགས་དང་། སེམས་ནང་གི་བློ་སྟོབས། ཉེན་ཁར་ཐུག་ཀྱང་སྐྲག་སྣང་མེད་པའི་སྙིང་སྟོབས་ལ་བརྟེན་ནས་འཇར་ཕན་གྱི་གཟིགས་མོ་བའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། སྐབས་དེར་དུས་རྒྱུན་དུ་དགོད་བྲོའི་རྩེ་མཁན་གྲོགས་པོ་ཚོས་ཀྱང་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་གང་ལེགས་བྱས་ཡོད་པ་རེད།
        དེ་ནི་རྒན་སྒྲོལ་དཀར་ལགས་རེད། དེ་ནི་ལོ་ངོ་བཞི་བཅུ་ཞེ་ལྔའི་རིང་ལྷ་མོའི་སྒྱུ་རྩལ་ལ་རོལ་བའི་ཁོང་གི་མི་ཚེ་རེད། ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད་ལ་བླ་ན་མེད་པའི་གཟི་བརྗིད་སྐྲུན་ཡོད། ཁོང་གིས་ད་དུང་དཀའ་སྤྱད་འབད་འབུངས་ཀྱི་རྨང་གཞིའི་ཐོག་ཕུལ་བྱུང་གི་ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་གནང་ཡོད་པ་དང་། དུས་མཚུངས་སུ་ཁོང་རང་ཉིད་ཀྱང་ཏང་གི་སྦྲང་ཆར་ཁྲོད་དུ་ཏང་གི་ལོ་མང་རིང་གི་གསོ་སྐྱོང་འོག་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་མཆོག་ཏུ་གྱུར་ཅིང་རླབས་ཆེ་བའི་རྩ་འཛུགས་ནང་ཞུགས་པ་མ་ཟད། ལོ་45ཡི་རྗེས་སུ་གཟི་བརྗིད་ལྡན་པའི་ངང་ལས་འཁྱུར་ངལ་གསོ་གནང་ཏེ་ཁྱིམ་དུ་ཞུགས་པའི་ཁོང་གིས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་ཁོང་གིས་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གིས་ཁོང་གི་སྒྱུ་རྩལ་ཕུགས་འདུན་མངོན་འགྱུར་ཡོང་བ་བྱས་ནས་ཁོང་ལ་ནང་སར་ཟབ་སྦྱོང་དང་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་པར་སྐྱོད་པ་སོགས་ཀྱི་གོ་སྐབས་སྣ་ཚོགས་སྤྲད་གནང་བྱུང་ཞེས་གསུངས་ཡོད་པ་རེད།  
རྩོམ་སྒྲིག་པ། སྣང་རྡོར།