ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

སྐུད་མེད་གློག་གསོག་གིས་གང་འདྲ་བྱས་ཏེ་གློག་གསོག་གི་ཡོད།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཚན་གདལ། རྩོམ་པ་པོ།
          དེང་དུས་ཀྱི་འཚོ་བའི་ཁྲོད་ང་ཚོ་ནི་གློག་རྡུལ་ཐོན་རྫས་དང་ཁ་བྲལ་ཐབས་མེད་པ་ཆགས་ཡོད་དེ། དཔེར་ན། ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད། ལག་འཁྱེར་གློག་ཀླད་སོགས་ཀྱིས་ང་ཚོའི་འཚོ་བར་སྟབས་བདེ་གང་མང་བསྐྲུན་ཡོད་པ་དང་ཆབས་ཅིག་དཀའ་གནད་ཀྱང་ངེས་ཅན་ཞིག་ཡོད་དེ། གློག་གསོག་གློག་སྐུད་མང་བས་སྤྱོད་སྐབས་གནས་གང་དུ་བཞག་མིན་མ་དྲན་པ་དང་མི་གཞན་གྱིས་གློག་གསོག་གློག་སྐུད་དེ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་སོགས་ལ་མི་འཚམ་པ་སོགས་ཀྱི་གནད་དོན་ཐོན་གྱིན་ཡོད། འོན་ཀྱང་སྐུད་མེད་གློག་གསོག་ལག་རྩལ་གྱིས་གནད་དོན་དེ་རིགས་ཐག་གཅོད་ཐུབ་ཀྱིན་ཡོད། དེས་ན་སྐུད་མེད་གློག་གསོག་གིས་གང་འདྲ་བྱས་ཏེ་གནད་དོན་དེ་རིགས་ཐག་གཅོད་བྱེད་དམ་ཞེ་ན།
          སྐུད་མེད་གློག་གསོག་ནི་གློག་སྐུད་སྦྲེལ་མཐུད་མེད་པའི་གནས་ཚུལ་འོག་གློག་ཁབ་ལེན་ར་བའམ་གློག་ཁབ་རླབས་ལ་བརྟེན་ནས་གློག་སྤྱོད་སྒྲིག་ཆས་ལ་གློག་གསོག་གི་ཡོད། མིག་སྔར་སྐུད་མེད་གློག་གསོག་གི་གཙོ་བོའི་ལག་རྩལ་གསུམ་ཡོད་དེ། གློག་ཁབ་ལེན་བལྟོས་འབྱུང་རྣམ་པ་དང་གློག་ཁབ་ལེན་མཉམ་འགུལ་རྣམ་པ། དེ་བཞིན་སྐུད་མེད་གློག་རླབས་རྣམ་པ་བཅས་ཡིན།
གློག་ཁབ་ལེན་བལྟོས་འབྱུང་རྣམ་པ་ནི་རྒྱུད་ཁོངས་མ་ལག་གི་གཞོགས་གཅིག་ཏུ་གློག་སྤྲོད་སྐུད་སྒོ་བཞག་པ་དང་གཞོགས་གཞན་ཞིག་ཏུ་གློག་ལེན་སྐུད་སྒོ་བཞག་གི་ཡོད།
གློག་སྤྲོད་སྐུད་སྒོ་དེ་སྤེལ་འགྱུར་གློག་རྒྱུན་བརྒྱུད་ནས་འགྲོ་བ་དང་གློག་ལེན་སྐུད་སྒོར་དེ་ཧྥ་ལ་ཏེ་གློག་ཁབ་ལེན་བལྟོས་འབྱུང་གཏན་སྲོལ་དབང་གིས་བལྟོས་འབྱུང་གློག་རྒྱུན་ཐོན་གྱི་ཡོད་པ་བཅས་དེ་ལྟར་སྐུད་མེད་ཐབས་ལས་གློག་ནུས་སྐྱེལ་འདྲེན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ཀྱི་ཡོད།
          གློག་ཁབ་ལེན་མཉམ་འགུལ་རྣམ་པ་ནི་གློག་ཁབ་ལེན་རྒྱུད་ཁོངས་ཁྲོད་གལ་ཏེ་འགུལ་ཚད་གཅིག་མཚུངས་ཀྱི་དངོས་པོ་དེ་གཉིས་ལས་གཅིག་ནི་གློག་སྤྲོད་འཕྲུལ་ཆས་དང་། གཅིག་ཤོས་ནི་གློག་ལེན་འཕྲུལ་ཆས་བྱས་ཏེ་དེ་གཉིས་ཚད་གཞི་གཅིག་པའི་སྒོ་ནས་འགུལ་སྐབས་གློག་ལེན་འཕྲུལ་ཆས་ལ་གློག་སྤྲོད་འཕྲུལ་ཆས་ནས་འབྱུང་བའི་གློག་ཁབ་ལེན་ར་བའི་ནུས་ཚད་ཐོབ་པ་དང་དེ་རྗེས་གློག་རྒྱུན་དུ་འགྱུར་ཏེ་སྒྲིག་ཆས་ལ་གློག་གསོག་གི་ཡོད།
          སྐུད་མེད་གློག་རླབས་རྣམ་པ་ནི་གློག་ཁུངས་སུ་གློག་ཁབ་ལེན་རླབས་འབྱུང་འཕྲུལ་ཆས་ཤིག་བཞག་དགོས་པ་དང་གློག་སྤྲོད་གནམ་སྐུད་ཀྱིས་གློག་ཁབ་ལེན་རླབས་བརྒྱུད་སྤེལ་དང་། གློག་ལེན་གནམ་སྐུད་གཞན་དེས་གློག་ཁབ་ལེན་རླབས་ཀྱི་ཆ་འཕྲིན་བསྡུ་ལེན་བྱས་རྗེས་གློག་ནུས་སུ་འགྱུར་ནས་གློག་སྤྱོད་སྒྲིག་ཆས་ལ་གློག་གསོག་གི་ཡོད།
གོང་གི་ཐབས་གསུམ་པོ་དེ་དག་ལ་ངོ་རེར་གློག་གསོག་ཁྱད་ཆོས་མི་འདྲ་བ་རེ་ལྡན་ཡོད་ལ་མི་གདང་བའི་ཆ་ཡང་ངེས་ཅན་ཡོད་པ་གཤམ་གསལ།
གློག་ཁབ་ལེན་བལྟོས་འབྱུང་རྣམ་པའི་གློག་གསོག་ནུས་པ་ཧ་ཅང་མཐོན་པོ་ཡོད་མོད། གློག་གི་འཕྲུལ་ཆས་དང་གློག་གསོག་ངོས་ལེབ་མཉམ་དུ་བཞག་པ་སྟེ་བར་ཐག་ལ་ཧའོ་སྨི་ཁ་ཤས་ནས་བརྒལ་ཚེ་སྤྱོད་མི་ཐུབ་པ་རེད།
          གློག་ཁབ་ལེན་མཉམ་འགུལ་རྣམ་པར་གློག་གི་འཕྲུལ་ཆས་དང་གློག་གསོག་ངོས་ལེབ་དབར་ལ་བར་ཐག་ཅུང་རིང་བ་ཡོད་པ་དེ། ལིའི་སྨི་ཁ་ཤས་ནས་བཅུ་ཕྲག་ཙམ་ཡོད་ཆོག འོན་ཀྱང་གློག་གསོག་ནུས་པ་དེ་གློག་ཁབ་ལེན་བལྟོས་འབྱུང་གློག་གསོག་རྣམ་པ་དང་བསྡུར་ན་ཅུང་དམའ། སྐུད་མེད་གློག་རླབས་རྣམ་པ་ནི་གློག་སྤྱོད་འཕྲུལ་ཆས་དང་གློག་གསོག་ངོས་ལེབ་དབར་བར་ཐག་རིང་བ་ཡོད་དེ། སྨི་ཁ་ཤས་དབར་བཞག་ན་ཆོག འོན་ཀྱང་གློག་སྤྲོད་གློག་ཁབ་ལེན་གྱི་རླབས་ལ་འགོག་རྐྱེན་ཡོང་སླ་བ་རེད།

རྩོམ་སྒྲིག་པ། ལྷ་འབྲུག