ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན།

སྤེལ་དུས 2023-04-25 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
  བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས། །
  ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །
  སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །
  ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། ། 
  ཞེས་བསྔགས་པ་ལྟར། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ནི་ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང༌། ཡུམ་རིན་ཆེན་རྒྱན་ཞེས་བྱ་བའི་སྲས་སུ་མེ་ཕོ་སྟག་གི་ལོ་ལ་ཤུད་ཕུའི་རིགས་སུ་སྐུ་བལྟམས། འཁྲུངས་ཙམ་ཉིད་ནས་སཾ་སྐྲྀ་ཏའི་སྐད་དུ་དེ་བཞིན་གཤེགས་པའི་མཚན་བརྗོད་པ་སོགས་སྨྲ་ཤེས་ཤིང༌། བསམ་བཞིན་དུ་བྱོན་པའི་སྤྲུལ་པ་ཞིག་ཡིན་པའི་རྟགས་བསྟན་པའོ། ། མཚན་གཞན་དུ་ལྷོ་བྲག་མཁན་ཆེན་ཡང་ཞུ། འཁྲུངས་འདས་ལོ་ཚིགས་ནི་སྤྱི་ལོ1326ལོར་འཁྲུངས་ཤིང་། སྤྱི་ལོ1404ལོར་སྐུ་ཞིང་གཞན་དུ་གཤེགས། བསྟན་པ་འགྲོ་བའི་དོན་རྒྱ་ཆེར་མཛད།
  དང་པོ། སློབ་གཉེར་ལ་ཇི་ལྟར་གཞོལ་བའི་སྐོར། 
  དགུང་ལོ་གཉིས་པ་ལ་སྔོན་གྱི་སྐྱེ་བ་དྲན་པའི་སྟོབས་ཀྱིས་གཏོར་མ་གཏོང་བའི་ལད་མོ་མཛད། ལོ་གསུམ་པའི་དུས་སུ་ལྷག་པའི་ལྷ་མང་པོའི་ཞལ་མཐོང་བ་བྱུང༌། དགུང་ལོ་བདུན་པ་ལ་ཁུ་བོ་མཁན་ཆེན་རྒྱལ་སྲས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་བསྐུལ་ཏེ་མཁན་ཆེན་རྒྱལ་སྲས་བཟང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་གསན། དེའི་ཚེ་བུད་མེད་པདྨའི་ཕོར་པ་ན་འོ་ཐུག་གི་ཚོད་མ་ཁྱེར་བ་བཞིས་འདི་སྐད་དུ། སྐྱེ་རྒ་ན་འཆིའི་སྣང་ཚུལ་འདི། ། ཐོས་པས་ཡི་མུག་སྐྱེ་འགྱུར་ན། ། ངན་སོང་སྡུག་བསྔལ་བཟོད་དཀའ་བས། ། གཞན་ཕན་བྱང་སེམས་བདུད་རྩི་ཐུངས། ། ཞེས་གསུངས་ནས་པད་ཕོར་གྱི་འོ་མ་དེ་བྱིན་ནས་ཤར་ཕྱོགས་ཀྱི་ནམ་མཁའ་ལ་བཞུད། དེ་ནས་སྤྱན་རས་གཟིགས་ཀྱི་བསྙེན་པ་མང་དུ་མཛད། ལོ་བཅུ་པ་ལ་ཁུ་བོའི་དྲུང་དུ་སྣེའུ་ཟུར་པ་ནས་བརྒྱུད་པ་དང་བྱ་ཡུལ་བ་ནས་བརྒྱུད་པའི་ལམ་རིམ། ཐུགས་རྗེ་ཆེན་པོ་དང་མི་གཡོ་བ་རྟ་མགྲིན་ལྷ་བཞི་སྒྲོལ་མ་ཉེར་གཅིག་ལ་སོགས་པའི་ཆོས་སྐོར་མང་དུ་ཞུས། རྟགས་ཁྱད་པར་ཅན་ཡང་མང་དུ་བྱུང༌། ལོ་བཅུ་གསུམ་པའི་སྐེག་ལ་དགེ་སྦྱོར་ཉིན་མཚན་ཡེངས་པ་མེད་པར་མཛད། ནུབ་མོ་སྒྲོ་བ་དགོན་པའི་འབུམ་པ་ལ་སྐོར་བ་མཛད་པས་སྐུ་ལུས་ལས་འོད་འཕྲོ་བ་རྒྱང་རིང་པོ་ན་གནས་པའི་སྐྱེ་བོ་དག་གིས་ཀྱང་མཐོང་ནས་འབུམ་པ་ལ་མེས་སྐོར་བ་བྱེད་ཀྱི་འདུག་ཟེར་བ་བྱུང༌། དགུང་ལོ་བཅོ་ལྔ་པ་ལ་འདུལ་བའི་སློབ་གཉེར་མཛད། བཅུ་བདུན་པ་ལ་འཆད་ཉན་མཚོན་རེ་མཛད་ཀྱང་ཐུགས་ལ་ལུང་སྟོང་ཞིག་ཏུ་བསྒོམ་བསྒྲུབ་འབའ་ཞིག་མཛད་དགོངས་པ་བྱུང་གསུངས།            
  གཉིས་པ། ལུང་བསྟན་ཇི་ལྟར་བྱུང་བའི་སྐོར། 
  ལོ་བཅུ་དགུའི་དུས་ལྷ་སར་ཇོ་བོ་མཇལ་དུ་བྱོན་ནས་ཉིན་མཚན་གཉིས་ཀ་སྐོར་བ་མང་དུ་མཛད། ནུབ་གཅིག་ར་མོ་ཆེའི་འཁྱམས་སུ་བཞུགས་པས་ལྕགས་སྒོ་དེ་ཕྱེ་ནས་མི་ནག་པོ་འཇིགས་སུ་རུང་བ་དར་ནག་གི་གོས་གྱོན་པ་ཞིག་བྱུང་ནས། ཁྱོད་ནི་ལས་ཀྱི་རྡོ་རྗེ་བདེ་ལྡན་ཞེས་བྱ་བ་ཡིན་ནོ། ། རིན་ཆེན་སྒང་དུ་སོངས་ཅིག་འཇམ་དབྱངས་ཀྱི་སྤྲུལ་པ་ཞིག་དང་མཇལ་ནས་འོང་གི་གསུངས་པ་བྱུང༌། མི་ནག་པོ་དེ་མགོན་པོ་གྲི་གུག་ཡིན་པར་འདུག་གསུངས། དེ་ནས་རིན་ཆེན་སྒང་དུ་བྱོན། རིན་པོ་ཆེ་བཀྲ་ཤིས་རྒྱལ་བའི་དྲུང་དུ་བསྙེན་པར་རྫོགས། ལམ་རིམ་བློ་སྦྱོང་སེམས་བསྐྱེད་ཀྱི་ཆོས་སྐོར་དང་གཞན་ཡང་གསང་སྔགས་ཀྱི་བསྒྲུབ་ལུགས་མང་དུ་གསན། དེའི་ཚེ་རིན་པོ་ཆེའི་ཞལ་ནས་ཁྱོད་ཀྱིས་ཡི་དམ་གང་ལ་བྱས། རབ་ཏུ་བྱུང་ནས་ལོ་དུ་སོང༌། སློབ་གཉེར་གང་ལ་བྱས། ཁྱེད་ལ་ཆོས་པ་ཨ་ཐོ་བ་ཞིག་འོང་བར་འདུག་གསུངས་ནས་མཉེས་པའི་ཞལ་ཏ་མང་དུ་གནང་། དེ་ནས་རི་ཟངས་རྡོག་པའི་དྲུང་དུ་བྱོན་ཏེ་འདུལ་བ་རྒྱ་ཆེར་འགྲེལ། ཀརྨ་ཤ་ཏམ། ཉི་ཁྲི་སྣང་བ། བསླབ་པ་ཀུན་ལས་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཉི་མ་སྦས་པའི་སྒྲོལ་མ་ཉེར་གཅིག་གི་ལས་ཚོགས་སོགས་ཆོས་མང་དུ་གསན། དེ་ནས་ལྷོ་བྲག་ཏུ་ཕེབས་ཏེ་ཆེ་སར་བཏོན། དེ་ནས་དགུང་ལོ་ཉེར་གཉིས་ལོན་པའི་ཚེ་ཁྱེའུ་དཀར་པོ་ཞིག་བྱུང་ནས། ཁྱོད་ལ་ཚེ་སྔོན་གྱི་རྣམ་སྨིན་ཡོད་པས་བྱང་ཆུབ་ལྟུང་བཤགས་ཀྱི་བསྒྲུབ་པ་གྱིས་ཟེར་ནས་འཇའ་བཞིན་ཡལ། དེ་ནས་ལྟུང་བཤགས་ཀྱི་བསྒྲུབ་པ་ལ་ཞུགས། ཐུན་རེ་ལ་ཕྱག་བདུན་བརྒྱ་རེའི་དམ་བཅའ་མཛད། ནུབ་གཅིག་གི་རྨི་ལམ་དུ་བཙུན་ཆུང་ལོ་བརྒྱད་པའི་ན་ཚོད་ཙམ་པ་སུམ་ཅུ་རྩ་ལྔ་བྱོན་ནས། སྡུག་བསྔལ་རྒྱ་མཚོར་བྱིང་བའི་གཞི་ཆེན་པོ། ། ཆགས་དང་སྡང་བའི་ངན་རྟོག་སྣ་ཚོགས་འདི། ། ངོ་བོ་རང་བཞིན་མེད་པར་རྟོགས་པ་ན། ། སྤང་བླངས་རྒྱུ་རྐྱེན་མེད་པ་ཆོས་ཀྱི་སྐུ། ། ཞེས་པ་ལ་སོགས་པའི་ཆོས་ཚིགས་བཅད་རེ་རེ་གསུངས་ནས་ནམ་མཁའ་ལ་བཞུད་པ་རྨིས། ཐུགས་དམ་ཤིན་ཏུ་འཕེལ་ཏེ་ཁམས་འདུས་ཤིག་ཡོད་པ་ཞི་ཞིང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ནས་ཉིན་མཚན་འཕྲོ་མི་ཆོད་པ་བྱུང་གསུངས།      
  གསུམ་པ། ཆོས་ཀྱི་སྦྱིན་པ་གནང་བའི་སྐོར། 
  དགུང་ལོ་ཉེར་གསུམ་ལོན་དུས་སྒྲོ་བ་དགོན་པར་ཟླ་བ་དྲུག་མཚམས་བཅད་ནས་འཇམ་དཔལ་དང་དོན་ཞགས་ལ་གསོལ་བ་བཏབ། ཉེར་ལྔ་ལོན་དུས་བླ་མ་བདེ་བའི་འབྱུང་གནས་ཁར་ཆུར་བྱོན་པ་ལ་ཆོས་མང་དུ་གསན། ཡང་དེའི་ལོ་མཁན་ཆེན་རྒྱལ་སྲས་མོན་གྲ་པ་གདན་དྲངས་ཏེ་ཆོས་འཁོར་ཆེན་མོ་མཛད། མོན་གྲ་བ་ལ་ཕྱག་རྡོར་ཁྱུང་ལྔའི་དབང་ལུང་དང་བློ་སྦྱོང་ཚིག་བརྒྱད་མ་སོགས་ཆོས་མང་དུ་གསན། དགུང་ལོ་སུམ་ཅུ་རྩ་གཅིག་ལོན་དུས་རྒྱལ་སྲས་པ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་ལ་གསེར་སྐུ་ཆེན་པོ་བཞེངས། ཕྱོགས་དེའི་སེར་སྐྱ་ཚང་མས་གདན་ས་མཛད་དགོས་པར་གསོལ་བ་བཏབ་སྟེ་སྒྲོ་བ་དགོན་པའི་ཆོས་ཀྱི་ཁྲི་ལ་ཕེབས། དེའི་ཚེ་གསང་བདག་གི་ཞལ་ནས། ལས་ཀྱི་རྡོ་རྗེ། ཁ་ཡི་ཆོས་ཀྱིས་འཚང་མི་རྒྱ། ། གཤོག་མེད་བྱ་ཡིས་འཕུར་མི་ནུས། ། སྨིག་རྒྱུའི་ཆུ་ཡིས་སྐོམ་མི་སེལ། ། རྒྱ་མཚོར་སྐོམ་རིར་མི་འཆི་འཚལ། ཁུ་བོ་མི་ཏྲི་འདི་སྐད་གསུངས། ། དེ་ཡང་ས་གསེར་ཟླ་བ་མེ། ། གཏེར་དང་རིན་ཆེན་འབྱུང་གནས་མཚོ། ། ཞེས་སོགས་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཀྱི་གདམས་པ་གནང༌། དགུང་ལོ་བཞི་བཅུ་བཞེས་དུས་གསང་བདག་ལ་ཞུས་པས། སྡོམ་པ་གསུམ་གྱི་ཉེས་ལྟུང་དང་དམ་ཚིག་ཉམས་ཆགས་སྦྱོང་བའི་ཐབས་གསང་བ་བསམ་གྱིས་མི་ཁྱབ་པའི་གདམས་པ་ཟབ་མོ་གསུངས། ཕྱིས་ཡི་གེར་འདེབས་པར་མཛད་དོ། ། དགུང་ལོ་ཞེ་གཉིས་པའི་དུས་གསང་བདག་གི་ཞལ་ནས། ལས་ཀྱི་རྡོ་རྗེ། བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷའི་ཞལ་མཐོང་ཟེར་བ་དང་ཉམས་རྟོགས་བཟང་པོ་སྐྱེས་ཟེར་བ་རྫུན་ཡིན། འཆི་བ་སྙིང་ནས་མ་དྲན་པར་འཇིག་རྟེན་བློས་བཏང་ཟེར་བ་དང༌། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པར་སྡིག་པ་མ་བྱས་ཟེར་བ་དང༌། ཕན་སེམས་རྡུལ་ཙམ་མེད་པར་བྱམས་སྙིང་རྗེ་རྒྱུད་ལ་སྐྱེས་ཟེར་བ་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་མ་རྟོགས་པར་སྟོང་པ་ཉིད་རྟོགས་ཟེར་བ་རྣམས་རྫུན་ཡིན། ཆོས་གཤའ་མ་ཞིག་བྱེད་ན་གཞི་དད་པ་གལ་ཆེ་གསུངས། དད་པ་སྐྱེ་བའི་རྒྱུ་གང་ལགས་ཞུས་བླ་མ་སངས་རྒྱས་ལྟ་བུ་བསྟེན་ན་དད་པ་སྐྱེ། འཆི་བ་མི་རྟག་པ་དྲན་ན་དད་པ་སྐྱེ། མཆེད་གྲོགས་དད་པ་ཅན་དང་འགྲོགས་ན་དད་པ་སྐྱེ། འཁོར་བའི་ཉེས་དམིགས་དྲན་ན་དད་པ་སྐྱེ། ཞེས་པ་ལ་སོགས་པའི་གདམས་པ་མང་དུ་གསུངས་ས་ཡང་ལན་ཅིག་བླ་མ་ཟེ་ཆེན་པོ་ས་ར་ཧ་ཡིན་ཟེར་བ་གྲུབ་ཐོབ་ཞིག་དང་མཇལ། དེས་རྡོ་རྗེའི་ལུས་ཀྱི་གནས་ལུགས་རྒྱས་པ་ཞིག་གསུངས། དགུང་ལོ་རེ་གཅིག་བཞེས་དུས་ལི་ཡུལ་ཡིན་ཟེར་བའི་ལུང་པ་གསུམ་གཤིབ་འདུག་པའི་དབུས་མ་དེའི་དཀྱིལ་སྟོད་ན་ཕོ་བྲང་ཆེན་པོ་ཞིག་འདུག། ཕོ་བྲང་དེ་ན་སུ་བཞུགས་པ་ཡིན་དྲིས་པས་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཞུགས་པ་ཡིན་གསུངས། ཇོ་བོ་དེ་དང་མཇལ་བ་ཞིག་བྱུང་ན་སྙམ་ནས་གསོལ་བ་འདེབས་ཀྱིན་ཕྱིན་པས་ཇོ་བོ་ཆེན་པོ་ཞལ་རས་དཀར་ལ་སྐུ་བོང་ཆེ་བ་པཎ་ཆེན་ཞྭ་དམར་པོ་གསོལ་བ་ཞིག་བཞུགས་འདུག། ཐུགས་རྗེས་བཟུང་དུ་གསོལ་ཞེས་གསོལ་བ་བཏབ་པས་ཇོ་བོ་རྗེས་གདམས་པ་མང་དུ་བསྩལ་ལོ། །      
  བཞི་བ། ཡི་དམ་གྲོགས་སུ་བསྟེན་ཚུལ། 
  དགུང་ལོ་བདུན་ཅུ་བཞེས་དུས་འཇམ་དཀར་དུ་རྡོ་རྗེ་རྣམ་འཇོམས་ཀྱི་དབང་བྱས་པའི་ཐོ་རངས་ཡི་དམ་ལྷའི་ལུང་བསྟན་ལ། བཅོམ་ལྡན་འདས་མགོན་པོ་བྱམས་པའི་སྤྲུལ་པ་ཞིག་གི་གསུང་ཡིག་ཁྱེར་བའི་མི་བཞི་འོང་བར་ཡོད་གསུངས་པ་བྱུང༌། སང་དེ་མི་བཞི་བྱུང༌། དགེ་བའི་བཤེས་གཉེན་བློ་བཟང་གྲགས་པའི་གསུང་ཡིག་ཡིན་པར་འདུགཁོང་གི་ལོ་རྒྱུས་རྣམས་ཐོས་པ་ན་སྔོན་གྱི་དཔོན་སློབ་ཀྱི་འབྲེལ་བས་ཡིད་སྤྲོ་བ་ཞིག་བྱུང་གསུངས། དེ་ནས་ནུབ་གཅིག་རྨི་ལམ་དུ་དགེ་བཤེས་བློ་བཟང་གྲགས་པས་སངས་རྒྱས་རབ་བདུན་སྤྱན་དྲངས་ཡོད་ཟེར་བའི་སྐད་ལྷང་བ་ཞིག་བྱུང༌། དེ་དང་བདག་མཇལ་ན་དགའ་བ་ལ་སྙམ་ཙ་ན། འཇའ་ཚོན་སྣ་ལྔའི་སྟེང་ན་ཚུར་སངས་རྒྱས་བདུན་པོ་དགུང་ལོ་བཅུ་གཉིས་པའི་ན་ཚོད་ལྟ་བུ་གཙུག་ཏོར་ཀྲོང་ངེ་ཡོད་པ་བྱོན་བྱུང་བས། གཉིད་སད་དེ་བལྟས་པས་ཡུན་རིང་དུ་བཞུགས་འདུག། དེ་དུས་ཁོང་རྫིང་ཕྱིའི་མཆོད་ཁང་ལ་རབ་གནས་མཛད་ཀྱིན་ཡོད་པར་འདུག་གསུངས། ཡང་ལན་ཅིག་བུ་མོ་དཀར་མོ་ཞིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་པའི་དབྱངས་དང་གཉིས་སུ་མེད་པ་ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཞིག་འོང་བར་ཡོད་པས། དེ་ལ་ཆོས་བཀའ་ལ་བསྲིས་མ་འཇུག་པར་བྱིན། ཕར་ལའང་ཆོས་ཞུས་ཟེར་བཞིན་གསུངས། ཡང་ལན་ཅིག་མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་སྐད་ལྷང་བ་ཞིག་བྱུང༌། དེ་དུས་ཆོས་རྗེ་དཀའ་བཞི་བ་རྒྱ་མོ་རི་འཕྲེང་ལ་ཕེབས་པའི་ཚོད་དུ་འདུག། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་དྲུག་པའི་ཚེས་བཞིའི་ཉིན་སྒྲོ་བ་དགོན་པར་ཕེབས་པ་ལ། བསུ་བ་ལ་ཐེགས་པས་རྗེ་བཙུན་འཇམ་དབྱངས་ཕེབས་བྱུང་བར་གཟིགས། རྗེ་བཙུན་ཙོང་ཁ་པས་བདག་ཕྱག་ན་རྡོ་རྗེར་དངོས་སུ་གཟིགས་འདུག་གསུངས། དེའི་ནུབ་མོ་རྗེ་རིན་པོ་ཆེ་ལ་བླ་མའི་རྣལ་འབྱོར་ཞིག་ཕོག་པས། ཕྱག་ན་རྡོ་རྗེ་བྱོན་ནས་རྗེ་རིན་པོ་ཆེ་ལ་ཐིམ་སོང་གསུངས། དེ་ནས་ཚེས་བཅོ་ལྔའི་ཐོ་རངས་ཤིག་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང༌། དེ་ནས་རྗེ་བཙུན་ཙོང་ཁ་པ་ལ་བསླབ་བཏུས་གསུངས་པར་ཞུས་པས། རྗེ་བཙུན་ཙོང་ཁ་པས་གསུངས་ནས་ཡི་དམ་ལྷ་དེ་སྐད་གསུང་ངམ་གསུངས་ནས་བསླབ་བཏུས་གསུངས། དེ་དུས་མཐོང་སྣང་ལ་རྗེ་ཙོང་ཁ་པའི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་པ་གཡས་ན་འཇམ་དཀར། གཡོན་ན་དབྱངས་ཅན་མ། ཆོས་སྐྱོང་དང་མཁའ་འགྲོ་མང་པོས་བསྐོར་ཞིང༌། ལྷ་འདྲེ་མང་བོའང་ཆོས་ཉན་གྱིན་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཞེས་གསུངས། སོ་སོར་འབྲང་མའི་དབང་དང་སེམས་བསྐྱེད་ཀྱང་གསན། རྗེ་ཙོང་ཁ་པ་ལ་བདག་གིས་ཆོས་བཀའ་མ་ལུས་པ་རྫོགས་པར་ཕུལ། རྗེ་ཙོང་ཁ་པའི་འཁོར་བླ་མ་འཇམ་དཀར་སོགས་ཕུན་སུམ་ཚོགས་པ་རྣམས་ལའང་ཆོས་ལུང་མང་དུ་བྱས། དཔོན་སློབ་ཐམས་ཅད་ལ་དད་པ་ཐོབ། དེའི་སྟོབས་ཀྱིས་ཁོ་བོ་ལའང་ཡོན་ཏན་རེ་སྐྱེས་པ་བྱུང༌། བདག་གིས་ཆོས་བསྟན་པའི་དུས་སུ་རྗེ་ཙོང་ཁ་པའི་གཟིགས་སྣང་ལ་ངའི་མགོ་ཐོག་ཏུ་ཤཱཀྱ་ཐུབ་པ། གཡས་སུ་ཕྱག་ན་རྡོ་རྗེ། གཡོན་དུ་གདུགས་དཀར་ཅན་རྣམས་བཞུགས་འདུག་པ་གཟིགས་འདུག་གསུངས། དེ་ལྟར་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདིས་དགེ་བཤེས་སྟོན་པ་ནས་དགོན་པ་བ། དེ་ནས་སྣེའུ་ཟུར་བ་སོགས་ལ་བརྒྱུད་པའི་ལམ་རིམ་དང༌། དགེ་བཤེས་སྟོན་པ་ནས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་རིམ་གྱིས་བརྒྱུད་པའི་ལམ་རིམ་སྟེ་བྱང་ཆུབ་ལམ་གྱི་རིམ་པ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་མན་ངག་རྣམས་རང་གིས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་མཆོག་ཐོབ་ཅིང་སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བས་བརྒྱུད་པའི་སྲོལ་འཛིན་ཇི་ལྟར་བྱུང་བ་ནི་ཡི་དམ་གསང་བའི་བདག་པོའི་ལུང་བསྟན་ལས། དད་པ་ཐོབ་པ་འབུམ་ཚོ་གཅིག། ངེས་པར་གྲོལ་བ་ལྔ་བཅུ་སྟེ། ། རྩོད་མེད་གྲུབ་ཐོབ་བརྒྱད་དུ་ངེས། ། འགྲན་གྱི་དོ་མེད་བློ་བཟང་ཡིན། ། ཞེས་གསུངས་པ་ལྟར་བསྟན་འཛིན་དམ་པ་མང་དུ་བྱོན་ཞིང༌། འཕྲིན་ལས་རྒྱ་ཆེར་སྤེལ་བ་གངས་རིའི་ཁྲོད་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའོ། ། དེ་ལྟར་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན། དགུང་ལོ་བདུན་ཅུ་དོན་དྲུག་ཏུ་ཕེབས་པ་ལྕགས་མོ་སྦྲུལ་གྱི་ལོ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཞི་བར་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་ལྷ་སྐུ་རང་བྱུང་དང་རིང་བསྲེལ་ཁྲི་ཁྲག་མང་པོ་ཕེབས་ཏེ་སྐུ་གདུང་རིང་བསྲེལ་གྱིས་ཀྱང་གདུལ་བྱ་མཐའ་ཡས་པའི་བསོད་ནམས་ཀྱི་ཞིང་མཛད་དོ། ། དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བླ་མ་ཕྱག་རྡོར་བ་ཞེས་ཀྱང་གྲགས། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཞེས་ཀྱང་གྲགས། ལྷོ་བྲག་མཁན་ཆེན་ཞེས་ཀྱང་གྲགས་པ་མཁན་ཆེན་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་ཤིང༌། རྒྱལ་བའི་བཀའ་དང་དགོངས་འགྲེལ་མ་ལུས་པའི་དོན་གཅིག་ཏུ་བསྡུས་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་བསྒོམ་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ། ། 
  རྩོམ་སྒྲིག་པ། སངས་སྐྱབས།