ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།རྡོར་དགོན་ཐོས་བསམ་འཕེལ་རྒྱས་གླིང་།

སྤེལ་དུས 2023-09-07 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
      སྡེ་འདི་ནི་ཁྲི་ཀ་རྫོང་མཁར་གྱི་ནུབ་བྱང་མཚམས་སུ་སྤྱི་ལེ་བཅུ་ལྷག་གི་ཆོད་པས་རྡོ་རིས་ཚང་ཞེས་པའི་སྡེ་དེར་ཆགས་ཡོད་ཅིང་། གྲུབ་མཐའ་ནི་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་དཔལ་རི་བོ་དགེ་ལྡན་པ་ཡིན། དགོན་སྡེ་འདི་ཉིད་ཐོག་མར་ཕྱག་འདེབས་གནང་མཁན་ནི་རྗེ་བཙུན་བླ་མ་ཅོག་རོང་བཤད་སྒྲུབ་རྒྱ་མཚོས་རབ་དྲག་ས་གླང་སྟེ་༡༦༤༩ལོར་བཏབ་པར་བཞེད། དམ་པ་གང་གི་སྐུ་ཕྲེང་རིམ་བྱོན་ནི་སྐུ་ཐོག་དང་པོ་ཁམས་ཕྱོགས་ཀྱི་ཟླ་གྲགས་ཟེར་བའི་མཁས་པའི་དབང་བོ་ཞིག་མཚོ་སྔོན་གྱི་ཡུལ་ཕྱོགས་འདིར་ཕེབས་ནས་འཕྲིན་ལས་རྒྱས་ཤིང་འོ་བྲན་དཔལ་གྱི་དབང་ཕྱུག་གི་སྐུ་སྐྱེ་ཡིན་ཟེར།  དེའི་སྤྲུལ་སྐུ་ཅོག་རོང་བླ་མ་བཤད་སྒྲུབ་རྒྱ་མཚོ་ཞེས་པ་སྟེ། འདིས་ཅོག་རོང་དགོན་དང་རྡོ་རི་དགོན་པ་གཉིས་བཏབ་ཟེར། དེའི་སྤྲུལ་སྐུ་སྐུ་འབུམ་ཁྲི་ཆེན་སོ་དགུ་བ་སྒར་སྡེ་ཏཱ་ལེ་ཧོ་ཐོག་ཐུ་སྐལ་བཟང་ཐུབ་བསྟན་རབ་རྒྱས་ཡིན། འདི་པ་རབ་འདོད་ཤིང་བྱི་སྟེ་སྤྱི་ལོ་༡༦༩༤ལོར་ཁྲི་ཆེན་ལ་བཞུགས། དེའི་སྤྲུལ་སྐུ་ཞིག་ཆུ་བཟང་དགོན་དང་སྒར་སྡེ་གཉིས་སུ་རེས་མོས་ཀྱིས་བཞུགས་པར་གསུངས། སྐུ་ཕྲེང་ཕྱི་མ་རྣམས་སྡེ་འདིར་བཞུགས་ཏེ་སྐྱོང་ཁུར་གནང་བའི་ལོ་རྒྱུས་མི་སྣང་ངོ་།།
      དགོན་སྡེ་འདི་ལ་བླ་མ་སྐྱེས་ཆེན་དམ་པ་གཉིས་བཞུགས་སྟེ། རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་ཨ་ལགས་བྱམས་པ་ཟླ་འོད་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་ཡིན་ལ། དམ་པ་སྐུ་ཕྲེང་རིམ་བྱོན་འདི་གཉིས་ཀྱིས་བདག་སྐྱོང་གི་མཛད་འཕྲིན་ལ་བརྟེན་སྡེ་འདིའི་ཕྱིའི་འདུ་ཁང་དང་ལྷ་ཁང་། གྲྭ་ཤག་དང་སྤྱི་ཁང་། ནང་ཆེན་དང་བླ་བྲང་སོགས་རྟེན་གཞི་ཁྱད་པར་ཅན་དང་། གཞན་རྒྱལ་བའི་སྐུ་གསུང་ཐུགས་མངོན་པར་མཚོན་བྱེད་ཀྱི་རྟེན་བྱིན་ཅན་རྣམས་ལེགས་པར་བཞེངས། སྒོས་སུ་ནང་གི་ལུང་དང་རྟོགས་པའི་བསྟན་པ་དར་ཞིང་རྒྱས་བར་མཛད། གཞན་རྒྱུན་སྤྱོད་ཀྱི་ཆོས་ཚོགས་དང་ཆོ་ག་ཕྱག་ལེན་གྱི་སྐོར་མ་ཡལ་བར་བསྐྱངས། ཕྱིས་སུ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཡོངས་རྫོགས་དུས་འགྱུར་གྱི་ལས་རླུང་རྩུབ་མོས་རྩ་བརླག་ཏུ་བཏང་།
      ཉེ་ཆར་དགོན་པ་གཞན་གྱི་འབྲེལ་བའི་སྐོར་ལ། སྡེ་འདི་སྒོ་མེ་མཆོད་རྟེན་སྐེ་དགོན་གྱི་དགོན་ལག་ཡིན་པས་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་སོགས་དེ་དང་མཐུན་ལ། དྷཱིཿཚ་དགོན་པའི་བླ་མ་དང་དགེ་བཤེས་ཆེན་མོ་རྣམས་ལོ་རེ་བཞིན་སྡེ་འདིར་ཕེབས་ཏེ་བླ་གྲྭ་རྣམས་ལ་བསླབ་པ་གསུམ་གྱི་ཉམས་ལེན་དང་འདུལ་ཁྲིམས་སྲུང་བར་བསླབ་བྱ་གནང་དགོས་པས་སྡེ་དེར་ཡང་འབྲེལ་བ་ཤིན་ཏུ་ཟབ་བོ།།
      དགོན་འདིའི་ཆོས་ཐོག་གི་སྐོར་ལ། རྒྱ་ལོ་སྨོན་ལམ།  དབྱར་གནས་དང་གསོ་སྦྱོང་། ཧོར་ཟླ་བརྒྱད་པའི་ཀུན་རིག་དང་སྨན་བླའི་སྟོང་མཆོད། བཅུ་བའི་ལྔ་མཆོད། བོད་ལོའི་གཏོར་སྒྲུབ་སྐབས་ཞབས་བརྟན་དུ་འདོན་ཆོས་འཇིགས་བྱེད་དང་ཆོས་རྒྱལ་གྱི་གཏོར་སྒྲུབ་འདོན་པ་བཅས་ཆོས་ཐོག་ཆེན་པོ་དྲུག་སོགས་རྒྱུན་སྐྱོང་བཞིན་ཡོད།
      དེང་གི་ཆར་དད་ལྡན་སེར་སྐྱ་ཡོངས་ཀྱི་རེ་འདུན་ལྟར་འདུ་ཁང་དང་ལྷ་ཁང་སོགས་གསར་བཞེངས་གནང་སྟེ་ནང་དུ་སྐུ་གསུང་ཐུགས་རྟེན་ཕུན་སུམ་ཚོགས་པ་བཞེངས་ཤིང་། མཆོད་ཆས་ཀྱི་རིགས་མ་ཚང་བ་མེད་པར་བཞུགས། ཆོས་སྤྱོད་ཐད་སྔོན་གྱི་སྲོལ་རྣམས་མ་ཉམས་པར་ཉམས་ལེན་བྱེད་བཞིན་པ་སོགས་བསྟན་པ་དར་བའི་སྐབས་ལགས་སོ།། ད་ལྟ་དགོན་འདིར་བླ་སྤྲུལ་གཅིག་སྟེ་སྐུ་ཕྱོགས་ཞབས་དྲུང་ཚང་དང་གཞན་དགེ་འདུན་པ་བཅུ་ལྷག་དགོན་དེར་བཞུགས།།