ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།བསམ་ཡས་མཆོད་རྟེན་གྱི་བྱུང་བ་བསྐལ་བཟང་དགའ་སྟོན་ཞེས་བྱ་བ་ཡོད་དོ།།

སྤེལ་དུས 2023-09-19 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
        བཀའ་རྟགས་ཕྱག་རྒྱ་བཞིའི་མཆོད་རྟེན་ནམ་བསམ་ཡས་གཙུག་ལག་ཁང་གི་ཕྱོགས་བཞི་རུ་བཞེངས་པའི་མཆོད་རྟེན་དཀར་ནག་རྣམས་ནི། བོད་ལ་ཡོངས་སུ་གྲགས་པའི་མཁན་སློབ་ཆོས་གསུམ་གྱི་སྐབས་ཏེ། སྤྱི་ལོ༧༦༢ལོར་རྨང་བཏིང་སྟེ། སྤྱི་ལོ༧༦༦ལོར་ལེགས་པར་གྲུབ་པའི་གཙུག་ལག་ཁང་གི་བཞེངས་པའི་དུས་ཚོད་ལ་བལྟས་ཡོང་ན། མཆོད་རྟེན་དག་ཀྱང་ཕལ་ཆེར་སྤྱི་ལོ༧༦༤དང་ཡང་ན༧༦༥གང་རུང་ལ་བཞེངས་པའམ་བསམ་ཡས་བཞེངས་ཚོད་དང་འདྲ། གང་ལྟར་འདམ་བླ་ཚང་དགོན་པས་ཀྱང་མཆོད་རྟེན་འདི་དག་ལྟར་དགོན་པའི་འདུ་ཁང་གི་ཕྱོགས་བཞི་རུ།  མཆོད་རྟེན་དཀར་ནག་རྣམས་བཞེང་བཞིན་པའི་རྣམ་པ་སོགས་དགོས་པའི་དབང་གིས། ད་ཐེངས་ཁོ་བོས་བསམ་ཡས་གཙུག་ལག་ཁང་གི་ཕྱོགས་བཞིའི་མཆོད་རྟེན་འདི་དག་གི་བྱུང་བ་ཅུང་ཟད་ཅིག་བརྗོད་པར་འདོད་དོ།། དེ་ཡང་མཆོད་རྟེན་འདི་དག་གི་ཕྱོགས་ནས་ཆེས་ལོ་རྒྱུས་ཀྱི་གླེང་སྲོལ་རྒྱ་ཆེ་བར་མ་ཟད། འདི་དག་གི་ཆེད་དུ་བོད་བཙན་པོའི་རྒྱལ་ཁབ་ཀྱིས། རྟ་ཕོའི་རྨིག་སྒྲ་ཉིལ་ལེ་དང་གོ་མཚོན་ཚེ་མདུད་སྤུངས་སེ་ཞིག་བྱས་ཏེ། རྒྱ་གར་རྒྱལ་ཁབ་ལ་དཔུང་ཆེན་གྱི་གཡུལ་སྣེ་ཡང་འདྲེན་དགོས་ཐུག་ཚུལ་ཡོད། དེ་ཡང་རྦ་བཞེད་ལས། མཆོད་རྟེན་ལྔ་པོའི་ནང་རྫོངས་མ་མཆིས་ནས་རྗེས་སློབ་དཔོན་ལ་ཞུས་པས།  མ་ག་དྷའི་རྒྱལ་པོའི་ཁབ་ཀྱི་སྒོ་མདུན་ན་དྷ་རུ་ཙེ་དོ་བྱ་བའི་མཆོད་རྟེན་ཞིག་གི་ནང་ན། རྒྱལ་པོ་མ་སྐྱེས་དགྲའི་སྐལ་བ་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷའི་བྲེའི་ཁལ་གཅིག་བཞུགས་པར་གྲགས་སོ་གསུངས། རྒྱལ་པོས་དེ་སྤྱན་འདྲེན་པའི་ཕྱིར་བོད་ཀྱི་རྟ་རྔོག་ཆགས་སྒ་གནན་མ་ཐག་གཅིག་ཡན་ཆད་མ་ལུས་པར། ཆད་པ་ལ་བསྔོས་ཏེ་མགོས་ཀྱི་ཕག་རིར་དུས་བཏབ། སློབ་དཔོན་གྱིས་ལམ་རྒྱུས་མཛད་ནས་མཐའ་འཁོབ་བོད་ཀྱི་རྟ་པའི་དམག་ཕྱིན་ནས། དཔལ་མོ་དཔལ་ཐང་ལ་དམག་གྲངས་བཏབ་པས་རྟ་པ་བྱེ་བ་ཕྲག་བཅུ་བཞི་བྱུང་། རྒྱ་གར་མཐའ་འཁོབ་ཏུ་སླེབས་པ་དང་ཡུལ་དེའི་རྒྱལ་པོ་བྲེད་ནས། མཐའ་འཁོབ་ཀྱི་རྒྱལ་པོའི་རྟ་པ་འདི་འདྲ་ན་དཔུང་བུ་ཆུང་དང་ཤིང་རྟ་པ་དང་གླང་པོ་ཆེ་པའི་ཚོགས་ཅི་འདྲ་བར་འགྱུར། ཞེས་པ་སོགས་ཟེར་ནས་འཇིགས་དངངས་བཟོད་གླགས་མེད་པ་ཞིག་སྐྱེས་ཏེ། གཡུལ་བཤམ་མ་ཕོད་པར་རྒྱ་གར་བའི་རྗེ་བློན་འབངས་དང་བཅས་པས་བོད་ཀྱི་དམག་དཔུང་ལ་མགོ་བཏགས་པར་གྲགས། དེ་ནས་བོད་དམག་གིས་རྡོ་རྗེ་གདན་དང་བྱང་ཆུབ་ཀྱི་ཤིང་སོགས་མཇལ་ཞིང་མཆོད་པ་ཕུལ་ཏེ། དྷ་རུའི་མཆོད་རྟེན་གྱི་ནང་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་བྲེ་དྲུག  བོད་ཡུལ་དུ་བསམ་ཡས་མཆོད་རྟེན་རྣམས་ཀྱི་གཟུངས་གཞུག་ཏུ་སྤྱན་དྲངས། མ་གཞི་དེ་དུས་བོད་བཙན་པོའི་རྒྱལ་ཁབ་ཀྱིས་རྒྱ་གར་ལ་གཡུལ་བཤམས་ཏེ་དམག་གི་དཔུང་ཆེན་དྲངས་པ་དེ་ཡང་། མཆོད་རྟེན་ཚོའི་གཟུངས་གཞུག་འཇོག་རྒྱུའི་སངས་རྒྱས་ཀྱི་རིང་བསྲེལ་དེའི་ཆེད་ཁོ་ན་ཡིན་པར་མ་ངེས་ཏེ། དེ་དུས་བོད་དམག་གིས་ཆུ་བོ་གངྒཱའི་འགྲམ་དུ་རྡོ་རིང་ཡང་བསླངས་ཏེ།  རྒྱ་གར་དང་བོད་ཀྱི་ས་མཚམས་གཏན་ཁེལ་བྱས་པ་དང་། དུས་ཕྱིས་ཙ་ན་ཡང་། ཆག་ལོ་ཆོས་རྗེའི་ལམ་ཡིག་ཏུ། དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས།  ཞེས་ཆུ་བོ་གངྒཱའི་ཚུར་ཕྱོགས་རྒྱ་གར་གྱི་ས་ཆ་མ་ཡིན་པའི་ཚུལ་བསྟན་པ་སོགས་ཀྱང་ཡོད་པས་འདིའི་སྐོར་ནས་རང་རང་གིས་དཔྱོད་པར་འོས་སོ།།
  དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གཙོ་བོར་མཛད་པའི་བོད་འབངས་སེར་སྐྱ་ཀུན་གྱིས།  ཆོས་ལུགས་ཀྱི་ཕྱོགས་ཞེན་དང་ཆབ་སྲིད་ཀྱི་འགལ་འདུ་འདྲ་མིན་སྣ་ཚོགས་ཀྱི་ཁྲོད་ནས།  ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས་གཙུག་ལག་ཁང་དང་། དེའི་ཕྱོགས་བཞིའི་མཆོད་རྟེན་དང་བཅས་པ་བཞེངས་ཟིན་པའི་དགའ་སྟོན་གྱི་སྐབས་སུ།  བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་བློན་བཙུན་མོ་དང་བཅས་པས།  གླུ་སྣ་དང་འདེབས་དབྱངས་སོགས་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་དགྱེས་གླུ་སུམ་ཅུ་རྩ་གསུམ་བླངས་པའི་ནང་གི  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་གླུ་ཐང་ཡིག་ཏུ་གསལ་བ་ལས། ང་ཡི་མཆོད་རྟེན་དཀར་པོ་འདི།། དུང་དཀར་གཡས་སུ་འཁྱིལ་བ་འདྲ།། ང་ཡི་མཆོད་རྟེན་དམར་པོ་འདི་།། མེ་ལྕེ་གནམ་ལ་སྙེག་པ་འདྲ།། ང་ཡི་མཆོད་རྟེན་སྔོན་པོ་འདི།། གཡུ་ཡི་ཀ་བ་བཙུགས་པ་འདྲ།། ང་ཡི་མཆོད་རྟེན་ནག་པོ་འདི།། ལྕགས་ཕུར་ས་ལ་བཏབ་པ་འདྲ།། ཞེས་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་དགྱེས་གླུ(གཡུ་ཁང་གསེར་ཁྲི་ཟོར་སྙན)ཞེས་བྱ་བ་ཞིག་ཀྱང་བཙན་པོ་ཁྲི་སྲོང་གིས་བླངས་མཛད་དོ།།
  སྤྱིར་མཆོད་རྟེན་འདི་དག་གི་ནང་ནས་བསམ་ཡས་གཙུག་ལག་ཁང་གི་ཤར་ལྷོའི་ཕྱོགས་སུ་ཡོད་པའི། དུང་དཀར་གཡས་སུ་འཁྱིལ་འདྲའི་བྱང་ཆུབ་ཆེན་པོའི་མཆོད་རྟེས་དཀར་པོ་ནི། བློན་ཆེན་ཤུད་བུ་དཔལ་སེང་གིས་ལས་དཔོན་བྱས་ནས་ཐེག་དམན་ཉན་ཐོས་སྡེ་བའི་ལུགས་ལྟར། མཛེས་ཤིང་ལྟ་ན་སྡུག་པའི་སྒོ་ནས་སེང་གེ་བརྒྱད་ཀྱིས་བརྒྱན་ཏེ་བཞེངས་པ་དང་། མཁན་སློབ་ཆོས་གསུམ་གྱིས་ཆོས་སྐྱོང་གནོད་སྦྱིན་སྐར་མདའི་གདོང་ཅན་ལ་བཀའ་གཏད་མཛད། མཆོད་རྟེན་འདིའི་སྲོག་ཤིང་རྒྱལ་ཆེན་བཞི་ཡིས་བཙུགས་པ་དང་། གཟུངས་གཞུག་ལ་ཡང་སངས་རྒྱས་ཀྱི་རིང་བསྲེལ་མ་ག་དྷའི་བྲེའི་ཁལ་གཅིག་སོགས་རྩ་ཆེན་ཤ་སྟག་ཡོད་པས། འདི་ལ་ཐུན་མིན་གྱི་བྱིན་རླབས་ཤིན་ཏུ་ཆེ་བར་བཤད་དོ།།
  བསམ་ཡས་གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད་པའི། མེ་ལྕེ་གནམ་ལ་སྙེག་འདྲའི་མཆོད་རྟེན་དམར་པོ་ནི། སྣ་ནམ་རྒྱལ་ཚ་ལྷ་སྣང་གིས་ལས་དཔོན་བྱས་ཤིང་ཆོས་འཁོར་གྱི་ལུགས་ལྟར་པདྨ་སྟོང་གིས་བརྒྱན་ཏེ་བཞེངས་པ་དང་། མཆོད་རྟེན་འདི་ཉིད་མཁན་སློབ་ཆོས་གསུམ་གྱིས་ཆོས་སྐྱོང་གཟའ་མིག་དམར་ལ་བཀའ་གཏད་མཛད། མཆོད་རྟེན་འདིའི་ནང་གི་གཟུངས་གཞུག་ལ་ཁྱུང་ཚང་ནས་བཏོན་པའི་ཁྲབ་དང་མདུང་། རལ་གྲི་ངར་མ་རྡོ་ཆོད། ད་དུང་སངས་རྒྱས་ཀྱི་རིང་བསྲེལ་སོགས་ཡོད་ཚུལ་བཤད་དོ།།
  བསམ་ཡས་གཙུག་ལག་ཁང་གི་ནུབ་བྱང་གི་མཚམས་སུ་ཡོད་པའི། ལྕགས་ཕུར་ས་ལ་བཏབ་འདྲའི་མཆོད་རྟེན་ནག་པོ་ནི། བློན་ཆེན་སྟག་སྒྲ་ཀླུ་གོང་གིས་ལས་དཔོན་བྱས་ཏེ། རང་སངས་རྒྱས་ཀྱི་ལུགས་སུ་མཆོད་རྟེན་སྟོང་གིས་བརྒྱན་ནས་བཞེངས་པ་དང་། མཆོད་རྟེན་འདི་ཉིད་མཁན་སློབ་ཆོས་གསུམ་གྱིས་ཆོས་སྐྱོང་གནོད་སྦྱིན་ལྕགས་ཀྱི་མཆུ་ཅན་ལ་བཀའ་གཏད་མཛད། ནང་གི་གཟུངས་གཞུག་ནི་སྔོན་གྱི་བསྐལ་བ་དང་པོར། ཨ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་། མ་རྒན་བྲག་སྲིན་མོ་གཉིས་ལས་ཐོག་མར་བོད་ཀྱི་མིའི་རིགས་བྱུང་བའི་སྐབས་སུ། ཨརྱའི་གྲུང་ནས་ཁོ་ཚོའི་ཟས་སྐལ་ལ་བྱིན་པའི་ཡར་ཀླུང་ཟོ་ཐང་དུ་སྐྱེས་པའི་འབྲུ་སྣ་ཐམས་ཅད་ཀྱི་ཕུད་དང་། སངས་རྒྱས་ཀྱི་རིང་བསྲེལ་སོགས་ཡོད་པར་བཤད་དོ།།
  བསམ་ཡས་གཙུག་ལག་ཁང་གི་བྱང་ཤར་གྱི་མཚམས་སུ་ཡོད་པའི།གཡུ་ཡི་ཀ་བ་བཙུགས་འདྲའི་མཆོད་རྟེན་སྔོན་པོ་ནི།  མཆིམས་རྡོ་རྗེ་སྤྲེལ་ཆུང་གིས་ལས་དཔོན་བྱས་ནས།དེ་བཞིན་གཤེགས་པའི་ལུགས་སུ་ལྷ་ཁང་བཅུ་དྲུག་གིས་བརྒྱན་ཏེ་བཞེངས་ཡོད། འདིའི་ནང་གི་གཟུངས་གཞུག་ནི། སྨན་མཆོག་ཨ་རུ་ར་རྣམ་པར་རྒྱལ་བ་གཙོས་པའི་སྨན་སྣ་རྩ་ཆེན་འགའ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་རྩ་ཆེན་ཤ་སྟག་ཡོད་པ་དང་། མཆོད་རྟེན་འདི་ཉིད་མཁན་སློབ་ཆོས་གསུམ་གྱིས་སྲུང་མ་རྡོ་རྗེ་བདུད་འདུལ་ལ་བཀའ་གཏད་མཛད་པར་མ་ཟད། འདི་ནི་གཞན་དང་མི་འདྲ་བའི་ཆེས་དམིགས་བསལ་གྱི་ངོ་མཚར་ཆེ་བ་ཞིག་སྟེ། ཕྱོགས་བཞི་རུ་གཟེར་བཞིས་མནན་པ་མ་གཏོགས་ལྷ་ཡུལ་དུ་འཕུར་ཤོར་གྲབས་བྱས་སྐད་ཀྱང་ཡོད་དོ།།
  དེ་ཡང་ཐང་ཡིག་ལས། བཀའ་རྟགས་ཕྱག་རྒྱ་མཆོད་རྟེན་བཞི་ལ་ནི།། ཞེས་པའི་དོན་ཁོ་བོས་གསལ་བོ་ཞིག་གོ་མི་ཐུབ་རུང་། སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་གི་ཆེས་མཇུག་མ་སྟེ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ།། ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་གྲངས་མཚུངས་པ་སོགས་རྒྱུ་མཚན་འགའ་རེའི་སྒོ་ནས། བོད་རྗེ་ཁྲི་སྲོང་ལྡེ་བཙན་མཆོག་གིས་མཆོད་རྟེན་འདི་དག་ལ་བཀའ་རྟགས་ཕྱག་རྒྱ་མཆོད་རྟེན་ཞེས། དེ་ལྟར་མིང་བཏགས་པ་ཡིན་ནམ་སྙམ། འོན་ཏེ་སྤྱིར་བཀའ་རྟགས་ཕྱག་རྒྱ་བཞི་ཞེས་པ་འདི་ལ་འགྲེལ་ཚུལ་ཤིན་ཏུ་མང་པོ་ཞིག་འདུག་པས་སོ་སོས་དཔྱད་པ་འཚལ། ཞེས་པའི་རྩོམ་ཐུང་འདི་ཉིད་སྤྱིལ་ཆུང་དྲོད་ཁོལ་འཁྱིལ་བའི་དབེན་ཁང་ནས་ཁམས་ཕྲུག་དྲང་ཐིག་གིས༢༠༢༠-༡༡-༢༢ཉིན་སྦྱར་བར་དགེའོ།།།།