ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།ཡར་ཀླུང་ཕུག་གསུམ།

སྤེལ་དུས 2023-09-19 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
  བྲག་ཕུག་འདིའི་ནང་སྤྱི་ལོའི་དུས་རབས་བཅུ་གཅུག་པའི་ནང་མི་ལ་རས་པའི་སློབ་མ་རས་ཆུང་གིས་སྒོམ་སྒྲུབ་གནང་མྱོང་བ་དང་། མི་ལ་ཞེས་པ་ནི་རུས་མིང་དང་རས་པ་ཞེས་པ་མཚན་དངོས་ཏེ། སྐུ་ལ་རས་གོས་རྐྱང་པ་གསོལ་མཁན་བཀའ་བརྒྱུད་པའི་རྣལ་འབྱོར་པ་ཞིག་ལ་ཟེར། རས་ཆུང་ཞེས་པ་ནི་རས་པ་ཆུང་བའི་དོན་ཡིན་ཏེ། མི་ལ་རས་པའི་སློབ་མ་ཡིན་པས་དེ་ལྟར་འབོད།
  སྔར་བྲག་ཕུག་འདིའི་ནང་རས་ཆུང་སྒོམ་སྒྲུབ་གནང་སྐབས་ལྷ་མོ་དབྱངས་ཅན་མ་དངོས་སུ་ཞལ་གཟིགས་ནས་སྐུ་ཡི་དངོས་གྲུབ་ཐོབ་པར་བརྟེན་སྐུ་གཟུགས་ཤིན་ཏུ་མཛེས་པར་གྱུར། 
  དེ་རྗེས་ཁོང་གིས་ཕྱག་ཏུ་ཌ་མ་རུ་བསྣམས་ཤིང་། ཞལ་ནས་སྙན་པོའི་གསུང་མགུར་ལེན་བཞིན་དུ་ས་ཆ་ག་ས་གང་དུ་གནས་མཇལ་དང་བསོད་སྙོམས་ལ་ཕེབས། ཐེངས་ཤིག་ཁོང་རྩེད་ཐང་གྲོང་ལ་ཕེབས་དུས་ཁྱིམ་ཚང་ཕྱུག་པོའི་བུ་མོ་ཞིག་འོ་མ་བཞོ་བཞིན་ཡོད་པ་དང་། ཁོང་གིས་དེ་དང་ཉར་སར་ཌ་མ་རུདཀྲོལ་བས་བ་འདྲོགས་ཏེ་འོ་མ་ས་ལ་འབོ་བས་བུ་མོས་ཁོང་ཁྲོའི་ངང་རས་ཆུང་བརྡུང་བར་ཡོང་དུས་ཁོང་སྐུ་ལུས་རབ་ཏུམཚར་བས་ཡིད་དབང་འཕྲོག་ནས་ནང་དུ་ཕེབས་རོགས་ཞེས་རེ་བ་ནན་པོ་ཞུས་པར་རས་ཆུང་གིས་ངའི་བླ་མ་མི་ལ་རས་པའི་མདུན་དུ་ངས་ཁྱིམ་ཚང་གི་ཐེམ་པ་མི་འགམ་པའི་མནའ་བསྐྱལ་ཚར་ཞེས་གསུངས་ཀྱང་བུ་མོ་དེས་མི་གཞན་གྱི་རོགས་རམ་འོག་ཁང་པའི་རྒྱབ་ནས་སྐས་འཛེགས་བཙུགས་ཏེ་ཨ་ན་ཨུ་ཚུགས་ས་ཐོག་ཁར་གདན་དྲངས།
  དེ་ནས་མོ་དགའ་སྤྲོའི་ངང་ཐབ་ཚང་དུ་སོང་ནས་གསོལ་ཇ་དང་གསོལ་ཆས་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར་རས་ཆུང་གིས་གནས་ཚུལ་མི་ལེགས་པར་གཟིགས་ནས་རྒྱབ་ཀྱི་སྐས་འཛེགས་ལས་བབས་ཏེ་ཉ་མགོ་གྲུ་ཁའི་ཕྱོགས་སུ་བྲོས། རས་ཆུང་གྲུ་སར་ཕེབས་པ་དང་། གྲུ་དཔོན་བསོད་ནམས་བག་གྲོ་སོགས་གྲུ་པ་ཚོས་ཁྱེད་རང་མགུར་གླུ་མཁས་པ་ཞིག་ཡིན་ཚོད་འདུག་པས་ཁྱེད་ལ་གྲུ་གཏོང་དགོས་ན་ཁྱེད་ཀྱིས་ང་ཚོའི་གྲུ་འདིར་བསྟོད་པ་ཞིག་ཕུལ་དང་ཞེས་ཟེར་མ་ཐག་རས་ཆུམ་གིས་དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས།། གྲུ་དཔོན་བཀའ་བཞིན་བསྟོད་པ་ཚིག་གསུམ་འབུལ། ། ཉ་མགོ་གྲུ་དེ་བླ་མའི་ཆོས་ར་འདྲ། ། བསོད་ནམས་བག་གྲོ་རྩ་བའི་བླ་མ་འདྲ། ། འགྲུལ་པ་ཚོ་ནི་བཀའ་ཆོས་ཞུ་མཁན་འདྲ། །ཞེས་མགུར་བླངས་པས་ཚང་མ་དགའ་ཐག་ཆོད། ཡང་བསོད་ནམས་བག་གྲོས་ད་འོ་ན་ཁྱེད་ཀྱིས་ང་ཚོའི་གྲུ་འདིར་སྨད་པའི་མགུར་གླུ་ཞིག་ལེན་དང་ཟེར་བས་རས་ཆུང་གིས་གྲེ་བ་སངས་ཙམ་གནང་ནས་དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས། ། གྲུ་དཔོན་བཀའ་བཞིན་སྨད་པ་ཚིག་གསུམ་འབུལ། ། ཉ་མགོ་གྲུ་དེ་བཤས་པའི་བཤས་ར་འདྲ། ། བསོད་ནམས་བག་གྲོ་བཤན་པ་ལག་དམར་འདྲ། ། འགྲུལ་པ་ཚོ་ནི་ཤ་ལུག་ཚེ་ཟད་འདྲ། ཞེས་གསུངས་པས་གྲུ་པ་ཚོ་ཁོང་ཁྲོ་བཟས་ཏེ་གྲུ་མ་བཏང་། དེའི་ཚེ་རྩེད་ཐང་གི་བུ་མོ་དེའང་རས་ཆུང་རྗེས་འདེད་བྱེད་པར་ཡོང་ནས་ཉེ་སར་སླེབས་ཟིན་པས་རས་ཆུང་གིས་རང་གི་རྫུ་འཕྲུལ་ལ་བརྟེན་ནས། ཀོ་གདན་གྲུ་བཞི་ཀོ་བའི་ཚུལ་དུ་བྱས། འཁར་རྒྱུག་དཀར་པོ་སྐྱ་བའི་ཚུལ་དུ་བྱས། རས་ཆུང་རང་ཉིད་གྲུ་པའི་ཚུལ་དུ་བྱས་ནས་གཙང་པོ་བདེ་བླག་ངང་བཅད་དེ་ཆུ་ཕ་རིར་ཕེབས་པ་དང་ཀོ་གདན་གྲུ་བཞ་དེ་བརྡབ་བརྡབ་ལན་གསུམ་གནང་བས་ས་ཆ་དེར་ཆུ་ཤིང་འོམ་བུ་ཧ་ཅང་མང་པོ་སྐྱེས་པ་དེ་ནི། དུས་དེང་སང་ཡང་འོན་གྱི་མདའ་ན་གཞན་གང་དུའང་མེད་པའི་ཆུ་ཤིང་འོམ་བུའི་གླིང་ཁ་ཞིག་ཡོད་པ་དེ་ཡིན་ནོ།།
  ཤེལ་བྲག་ཕུག
  ཤེལ་བྲག་ཅེས་པའི་གནས་རི་ཁྱད་པར་ཅན་དེ་ནི་ཡར་ཀླུང་གི་རྒྱལ་སྒོ་ནུབ་མ་སྲུང་བའི་གྱད་མི་སྟོབས་ཆེན་ཞིག་དང་འདྲ་ལ་རྒྱལ་སྒོ་ཤར་མ་སྲུང་མཁན་ནི་མགོན་པོ་རི་ཡིན་ཞེས་གྲགས། 
  དེ་ཡང་ཤེལ་བྲག་ཕུག་ནི་ཤེལ་བྲག་རི་བོའི་རྩེ་མོར་མ་སླེབས་ཙམ་དུ་ཡོད་ཅིང་། བྲག་ཕུག་འདིའི་ནང་སྤྱི་ལོའི་དུས་རབས་བརྒྱད་པར་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྒོམ་སྒྲུབ་ཡུན་རིང་གནང་མྱོང་ཡོད་པས་བྱིན་རླབས་ཤིན་ཏུ་ཆེ། སློབ་དཔོན་ཆེན་པོས་འདི་གར་སྒྲུབ་པ་གནང་དུས་ཕྱི་ལ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཐིབས་པ་དང་། ནང་དུ་བཀའ་སྲུང་དམ་ཅན་བྲན་ལྟར་བཀོལ་ཞང་། གནས་འདིར་ཡིད་ཀྱི་དངོས་གྲུབ་ཐོབ་པས་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པར་གྱུར།
  ཤེལ་བྲག་ཕུག་གི་རྟེན་གཙོ་གུ་རུའི་སྐུ་མཐོང་གྲོལ་རིན་པོ་ཆེ་འདི་ཉིད་ནི་རྗེ་འབངས་ཉེར་ལྔའི་ནང་ཚན་གཡུ་སྒྲ་སྙིང་པོའི་སྐུ་སྐྱེ་ཆོས་རྗེ་དུར་ཁྲོད་རས་ཆེན་ནམ། འགྲོ་མགོན་ཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནས་ཤེལ་བྲག་གི་འདབ་ཞོལ་བཙན་ཐང་ཉང་སྟོད་སྒང་དུ་ལྷ་མིའི་རིན་ཆེན་སྣ་ཚོགས་བཞུ་བཏུལ་གྱིས་སྐུ་སྨད་ལུགས་སུ་བླུགས་པར་མཛད་པ་ན། སྐུ་སྟོད་རང་བྱུང་མཁའ་སྤྱོད་ནས་ཕེབས་པར་གྲགས་པ་དེར(ད་ལྟ་ཁྲ་འབྲུག་གཙུག་ལག་ཁང་གི་ཡང་སྟེང་དུ་བཞུགས) མི་ལོ་བདུན་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། 
  གཞན་ཡང་ཤེལ་བྲག་གྲྭ་ཚང་ནི་ཐོག་མར་ཆོས་རྗེ་དུར་ཁྲོད་རས་ཆེན་ནས་ཕྱག་བཏབ་ཅིང་། སྔར་གླིང་རས་བཀའ་བརྒྱད་སྔགས་དགོན་ཡིན་པ་ལ། རྒྱལ་མཆོག་ལྔ་པའི་དུས་རྡོ་རྗེ་བྲག་གི་དགོན་ལག་ཏུ་གྱུར་རྗེས་དེ་བས་རྒྱ་བསྐྱེད་དང་མཛད་འཕྲིན་རྒྱས་པོ་བྱུང་།ནང་རྟེན་གཙོ་བོ་གུ་རུའི་ཆོས་གོས་ཉི་ཟེར་མར་གྲགས་པ་དང་། ཟ་ཧོར་རྒྱལ་པོས་ཕུལ་བའི་གུ་རུའི་དབུ་ཞྭ་དང་། ཞབས་ལྷམ། བྲམ་ཟེ་སྐྱེ་བདུན། དུང་རྣ་ཅན་གྱི་ཕྱག་ངར། སློབ་དཔོན་ཆེན་པོས་ཆང་ཁལ་ལྔ་བརྒྱ་གསོལ་བའི་ཀ་པཱ་ལ་ཡིན་པར་གྲགས་པའི་ཨ་ཡིག་རང་བྱོན། ཨུ་རྒྱན་གྱིས་གཞོང་པ་ལྷ་ཆུར་ངན་འགྲོའི་རྒྱུ་བཟང་བཏོན་པའི་ཕྱག་འཁར་སོགས་རིན་ཐང་བྲལ་བ་མང་དུ་མཆིས། 
  ད་དུང་ཤེལ་བྲག་ཕུག་གཙོ་བོའི་གཡས་གཡོན་དང་སྟེང་འོག་ཏུ་ངོ་མཚར་ཅན་གྱི་བྲག་ཕུག་མང་པོ་ཡོད་པ་དེ་དག་ནང་དུའང་སྔོན་བྱོན་སྐྱེས་བུ་དམ་པ་མང་པོས་སྒོམ་སྒྲུབ་གནང་མྱོང་ཡོད་པ་དང་། ལྷག་པར་དུ་ཡར་ཀླུང་ཤེལ་བྲག་གི་དུར་ཁྲོད་དེ་ནི་སློབ་དཔོན་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་པ་ཞིག་ཡིན་པས་དེར་ཕུང་པོ་བསྐྱལ་ན་ངན་སོང་ལས་ཐར་ཏེ་མཐོ་རིས་གནས་སུ་འཕོས་པ་ནི་ལོ་རྒྱུས་ལས་བསམ་ཡས་མཆིམས་ཕུ་ཡར་ཀླུང་ཤེལ་གྱི་བྲག ཡེར་པ་ཟླ་བ་ཕུག་བཅས་དུར་ཁྲོད་གསུམ། རྒྱ་གར་བསིལ་བ་ཚལ་དང་མཉམ་པའི་ཕྱིར། ཕུང་པ་བོར་ན་མཁའ་སྤྱོད་གནས་སུ་གཤེགས། ཞེས་གསལ་བ་ལྟར་རོ།།
  བཻ་རོ་ཕུག
  བཻ་རོ་ཕུག་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས( རྣམ་པར་སྣང་མཛད) སྒོམ་སྒྲུབ་གནང་མྱོང་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཡོད་པས་དེ་ནས་བཟུང་ཁོང་གི་མཚན་བྲག་ཕུག་ལ་ཐོགས་ནས་བཻ་རོ་ཕུག་ཅེས་བརྗོད། 
  དེ་ཡང་ཁོང་འདི་གར་སྒོམ་སྒྲུབ་གནང་ནས་བཞུགས་པ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཁྱེན་ནས་ཚོད་ལྟའི་ཚུལ་དུ་བྲག་ཕུག་ནང་གི་བྲག་ཐམས་ཅད་མར་འབེབས་གནང་བས། བཻ་རོས་ཕྱག་གཡས་པ་དང་ཞབས་གཡོན་མས་ཕར་ཕུད་ཅིང་། དབུས་ཡར་སྐྱོར་གནང་བ་བཅས་ཀྱི་རང་བྱོན་ཡོད་ཅིང་། སློབ་དཔོན་རིན་པོ་ཆེའང་བཻ་རོའི་མཐུ་རྩལ་ལ་ཡིད་འཕྲོག་ནས་བཻ་རོ་ཙ་ན་ཨོ་རྒྱན་དངོས་དང་མཉམ་ཞེས་གསུངས།ད་དུང་ཁོང་འདི་གར་སྒོམ་སྒྲུབ་གནང་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་ཞལ་གཟིགས་པས་ངག་དང་རིག་པའི་དངོས་གྲུབ་ཐོབ་ནས་བསམ་ཡས་སུ་ལོ་ཙཱ་བ་གནང་སྐབས་སུས་ཀྱང་འགྲན་མི་ཐུབ་པ་རིག་པའི་ཀློང་རྡོལ་ཞིག་ཏུ་གྱུར། 
  དེས་ན་དུས་ཕྱིས་བྲག་ཕུག་འདིའི་ནང་སྒོམ་སྒྲུབ་བྱེད་པའམ། ཡང་ན་མཆོད་མཇལ་དུ་རྟག་ཏུ་བསྐྱོད་ནང་ངག་དང་རིག་པའི་དངོས་གྲུབ་ཐོབ་ཀྱི་རེད་ཅེས་གྲགས། 
  དེར་མ་ཟད་ཕུག་འདིའི་ནང་བཻ་རོ་ཙ་ནར་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ལ་བརྟེན་ནས་གྲུབ་རྟགས་མངོན་སུམ་དུ་ཐོན་ཏེ་རྩ་རླུང་ཐིག་ལེ་རང་དབང་དུ་འདུས།
  ཕྱིས་བློན་ཆེན་ངན་པ་ཚོས་རྒྱལ་པོར་ཕྲ་མ་གསོལ་བས་རྒྱལ་པོ་དབུ་འཐོམས་ཏེ་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་རྒྱང་འབུད་དུ་བཏང་བའི་སྐབས་ལོ་བརྒྱད་ཅུར་སླེབས་པའི་སྤང་རྒྱན་སངས་རྒྱས་མགོན་པོར་བཻ་རོ་ཙ་ནས་གདམས་ངག་བསྟན་གནང་མཛད་པ་བཞིན་ཉམས་སུ་བླངས་པས་དངོས་གྲུབ་བརྙེས་ནས་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་སོན་ཐུབ་པ་བྱུང་བ་མ་ཟད་དེ་ལོར་འཇའ་ལུས་སུའང་གཤེགས།གཞན་ཡང་བཻ་རོ་ཕུག་ནང་བཀའ་འགྱུར་གྱི་ཆ་ཤས་རང་བྱོན་དང་། དམ་ཅན་གྱི་ཞལ་འབག་རང་བྱོན་སོགས་ཀྱང་མཇལ་རྒྱུ་ཡོད། དེ་ཡང་མ་གཞི་ཡར་ཀླུང་ཁུལ་དུ་བྲག་ཕུག་ཧ་ཅང་མང་པོ་ཡོད་ཀྱང་རས་ཆུང་ཕུག་དང་། བཻ་རོ་ཕུག ཤེལ་བྲག་ཕུག་བཅས་ལ་ཡར་ཀླུང་ཕུག་གསུམ་ཞེས་ཟེར་དོན་ནི། རས་ཆུང་ཕུག་ནང་རྣལ་འབྱོར་པ་རས་ཆུང་ལ་སྐུ་ཡི་དངོས་གྲུབ་ཐོབ་པ་དང་། བཻ་རོ་ཕུག་ནང་ལོ་ཆེན་བཻ་རོ་ཙ་ནར་ངག་གི་དངོས་གྲུབ་ཐོབ་པ། ཤེལ་བྲག་ཕུག་ནང་སློབ་དཔོན་པད་མ་འབྱུང་གནས་ལ་ཡིད་ཀྱི་དངོས་གྲུབ་ཐོབ་པ་བཅས་མདོར་ན་གོང་གསལ་ཕུག་གསུམ་ནང་སྐྱེས་ཆེན་དམ་པ་གསུམ་ལ་ལུས་ངག་ཡིད་གསུམ་གྱི་དངོས་གྲུབ་ཐོབ་པས་ཕུག་དེ་གསུམ་ལ་ཡར་ཀླུང་ཕུག་གསུམ་ཞེས་མཚན་གསོལ་ལོ། །