ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༄༅།།བཞི་སྡེ་དགའ་ལྡན་བསམ་གཏན་གླིང་།

སྤེལ་དུས 2023-10-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

  བཞི་སྡེ་དགའ་ལྡན་བསམ་གཏན་གླིང་ཞེས་པ་དེའི་གནས་ཡུལ་ནི་ཚེ་སྨོན་གླིང་གི་ནུབ་ངོས་སུ་ཡོད། ལོ་རྒྱུས་ཀྱི་ཁུངས་བཙུན་དེབ་ཐེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《ཆོས་འབྱུང་བེེ་ཌྰུར་སེར་པོ》ཡི་ནང་ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་ར་མོ་ཆེ་གཙུག་ལག་ཁང་དུ་མཆོད་འབུལ་ཞུ་ཆེད་བཞི་གྲྭ་བཙུགས་པས་མིང་བཞི་སྡེ་ཞེས་འབོད་པར་གྲགས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་ཞེས་པའི་ནང་ཐོག་མར་བཞི་སྡེ་གྲྭ་ཚང་འདི་ཉིད་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་བཞིར་དགེ་འདུན་གྱི་སྡེ་རེ་བཙུགས་པའི་གྲས་དགའ་བ་ཞེས་པ་དང་། ཕྱིས་བོད་ཁྲི་སྐོར་བཅུ་གསུམ་སྐབས་ཚལ་པ་ཁྲི་དཔོན་གྱི་འཕེལ་རྒྱས་བཏང་བ་སོགས་འཁོད། རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་སྣུབས་སྐབས་དགོན་པ་དེར་གཏོར་སྐྱོན་བྱུང་རུང་། རབ་བྱུང་ལྔ་པའི་མེ་གླང་སྤྱི་ལོ༡༢༧༧ལོ་ནས་རབ་བྱུང་ལྔ་པའི་ལྕགས་གླང་སྤྱི་ལོ༡༣༠༡ལོ་བར་ཚལ་པ་ཁྲི་དཔོན་དགའ་བདེ་དཔལ་གྱི་རོགས་སྐྱོར་འོག་བཞི་བདེ་གྲྭ་ཚང་དེ་སྔར་གྱི་རྨང་གཞིའི་ཐོག་རྒྱ་བསྐྱེད་བཏང་བ་དང་དགེ་འདུན་ཡང་ཞལ་གྲངས་ཉི་ཤུ་ཙམ་བྱུང་འདུག དུས་རབས་བཅོ་བརྒྱད་པའི་མཇུག་ལ་རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་སྐབས་ཆོས་ལུགས་ཀྱི་མཛད་སྒོ་མང་ཆེ་བ་བཞི་སྡེ་དགོན་པར་གནང་བ་དང་ཐར་དགོན་པའི་འཛིན་བདག་གནང་བས་དགོན་དེར་ཉམས་གསོ་རྒྱ་བསྐྱེད་དང་རྭ་སྒྲེང་སྐུ་ཕྲེང་རིམ་བྱོན་ལྷ་སར་བཞུགས་ཡུལ་གཙོ་བོར་འགྱུར། བཞི་སྡེ་དགོན་པར་ལོ་རྒྱུས་ཐོག་གཏོར་སྐྱོན་ཆེ་ཙམ་ཕོག་མྱོང་བ་དང་། ལྷག་པར་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་བོད་ཀྱི་སྲིད་སྐྱོང་ལོ་བདུན་ཙམ་གནང་རྗེས། སྟག་བྲག་དང་ཕན་ཚུན་འགལ་ཟླ་ཆེན་པོ་བྱུང་ནས་རྭ་སྒྲེང་རིན་པོ་ཆེ་བཙོན་འཇུག་དང་། འབྲེལ་ཡོད་དཔོན་རིགས་མང་པོར་བཀའ་ཉེས་ཕོག་ནས་བླ་བྲང་དང་། རྭ་སྒྲེང་དགོན་པ། བཞི་སྡེ་དགོན་པ་བཅས་ལ་གཏོར་སྐྱོན་ཆེན་པོ་བྱུང་འདུག བཞི་སྡེ་དགོན་པ་དེའི་དབྱིབས་ནི་གྲུ་བཞི་མ་ཡིན་ཅིང་དཀྱིལ་དབུས་སུ་འདུ་ཁང་དང་ལྷ་ཁང་། ཤར་ངོས་སུ་རུང་ཁང་མཐའ་སྐོར་དུ་ཤག་སྐོར་སོགས་ཡོད་པས་བོད་ཀྱི་དགོན་པའི་དམིགས་བསལ་གྱི་བཟོ་བཀོད་མཚར་དུ་དངར་བ་མ་ཟད་གསེར་ཟངས་དང་འཇིམ་པའི་སྐུ་བརྙན་དང་རྒྱལ་བའི་གསུང་རབས་སོགས་ནང་རྟེན་ཤིན་ཏུ་མང་བ་མཇལ་རྒྱུ་ཡོད།