ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྐྱོར་མོ་ལུང་དགོན།

སྤེལ་དུས 2023-10-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

  སྐྱོར་མོ་ལུང་དགོན་དེ་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་བརྡལ་གྱི་ཁོངས་སུ་ཡོད། ཐོག་མར་བཀའ་གདམས་ཆོས་རྒྱུན་གྱི་མཆོད་རྟེན་སྟར་འཕྲེང་གི་རཱ་བས་སྐྱོར་མ་ལྟ་བུ་ཡོད་པས་སྐྱོར་མོ་ལུང་ཞེས་འབོད། དེ་སྔ་བོད་དུ་བསྟན་པ་ཕྱི་དར་གྱི་དུས་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་རང་སྲོག་བློས་བཏང་གིས་དཀའ་བ་དུ་མ་སྤྱད་ནས། རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ནས་པཎྜིཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ནས་བཀའ་གདམས་ཀྱི་ཆོས་ལུགས་དར་འགོ་ཚུགས། དེ་ནས་ཡུན་རིང་མ་སོང་བར་སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་མཆོག་གིས་བོད་རབ་བྱུང་བཅུ་གསུམ་པའི་ས་གླང་ལོ་སྤྱི་ལོ༡༡༦༩ལོར་སྐྱོར་མོ་ལུང་དགོན་ཕྱག་བཏབ། གདན་ས་དེར་ད་བར་གདན་རབས་སུམ་ཅུ་ལྷག་བྱུང་ཡོད་པ་དང་། མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད། བསྟན་པ་ཕྱི་དར་སྐབས་དགོན་གནས་དེ་ཉིད་བཤད་སྒྲུབ་འཆད་ཉན་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཞིང་བཀའ་གདམས་ཀྱི་དགོན་ཆེ་དྲུག (དགའ་བ་གདོང་། སྐྱོར་མོ་ལུང་། ཟུལ་བུ། བདེ་བ་ཅན། གསང་ཕུ། གུང་ཐང)གི་ཡ་གྱལ་ཡིན། བོད་རབ་བྱུང་གསུམ་པའི་མེ་འབྲུག་སྤྱི་ལོ༡༡༩༦ལོར་རྗེ་ཙོང་ཁ་པ་ཆེན་པོ་སྐྱོར་མོ་ལུང་དུ་ཕེབས་ནས་མཁན་ཆེན་བཀའ་བཞི་པ་བློ་གསལ་གྱི་དྲུང་དུ་འདུལ་བའི་བཤད་པ་ཆ་ཚང་གསན་ནས་ཡུན་རིང་བཞུགས། རྗེ་ཙོང་ཁ་པ་ཆེན་པོའི་གསན་བསམ་སྒོམ་གསུམ་གྱི་གྲགས་པ་ས་གསུམ་ན་ཁྱབ་རྗེས་མཁན་ཆེན་ཆོས་རྒྱལ་བ་རྗེ་ཙོང་ཁ་པའི་དངོས་སློབ་ཏུ་འགྱུར་ནས་བཀའ་གདམས་གསར་མའི་ཆོས་བརྒྱུད(དགེ་ལུགས་པ)རིམ་བཞིན་འཕེལ་བའི་སྡེར་འགྱུར་བ་ཡིན། སྐྱོར་མོ་ལུང་དགོན་པར་གྲྭ་ཚང་གསུམ་ཡོད་པ་སྟེ། དབང་ཡེ་ཤེས་སེངྒེས་བཙུགས་གནང་བའི་བྱམས་པ་གྲྭ་ཚང་དང་། སྦལ་ཏི་དགྲ་བཅོམ་པའི་དབོན་བརྒྱུད་ཞིག་པོ་ཚུལ་ཁྲིམས་འོད་ཀྱིས་བཙུགས་གནང་མཛད་པའི་ཕུ་ཁང་གྲྭ་ཚང་། སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་སྐུ་དངོས་ཀྱིས་བཙུགས་གནང་བའི་མཚན་ཉིད་གྲྭ་ཚང་། དེ་བཞིན་ཚོགས་ཆེན་དང་། མངའ་རིས་བླ་བྲང་སོགས་གཞི་ཁྱོན་ཆེ་བ་ཡོད། རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ། པཎ་ཆེན་བསོད་ནམས་གྲགས་པ་སོགས་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་མཛད། སྔར་དགོན་དེར་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་པའི་སྦལ་ཏི་དབོན་བརྒྱུད་རྣམས་ཀྱི་གདུང་རྟེན་དང་། སྐུ་གསུང་ཐུགས་རྟེན་བསམ་གྱི་མི་ཁྱབ་པ་ཡོད་འདུག རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ལོར་དགེ་འདུན་ཞལ་གྲངས་བརྒྱ་དང་ཉི་ཤུ་ལྷག་ཡོད། རིག་གནས་གསར་བརྗེའི་ལས་འགུལ་ནང་དགོན་སྡེ་གཞན་དང་འདྲ་བར་གཏོར་སྐྱོན་ཆེན་པོ་བྱུང་ཞིང་། ད་ལྟ་ཉམས་གསོ་དང་སྐུ་འདྲ་ཁག་གཅིག་གསར་བཞེངས་གནང་འདུག་པར་དགེ་འདུན་སུམ་ཅུ་ཙམ་ཡོད་པ་རྣམས་ཀྱིས་ཆོས་ལུགས་བྱེད་སྒོ་གནང་བཞིན་ཡོད།