ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“ཤིང་གཅོད་མཁན”ནས“ནགས་སྲུང་བའི”བར་གྱི་འཕོ་འགྱུར་ཆེན་པོ།

སྤེལ་དུས 2022-04-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ● 2021ལོ་ཁོ་ནར་སོ་དྲུག་ཤང་གིས་འོས་འགན་ཤིང་འཛུགས་བྱེད་རིང་སྡོང་རྐང་7110བཏབ་པ་དང་། ཕྱོགས་བཞིར་སྡོང་རྐང་2000བཏབ་པ། མི་161གི་ཆེད་ལས་ནགས་སྲུང་དཔུང་ཁག་བཙུགས་ཡོད། དེང་སྐབས་ཤང་དེའི་ནགས་ས་རྒྱ་ཁྱོན་མུའུ་ཁྲི་31.1དང་། སྤང་ལྗོངས་ཀྱི་རྒྱ་ཁྱོན་མུའུ་ཁྲི་48.96ཟིན་ནས་ནགས་ཚལ་ཁྱབ་ཚད་ཤང་ཡོངས་ཀྱི་ས་ཁྱོན་གྱི་གསུམ་ཆ་གཅིག་ཡན་ཟིན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
  ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་མོར་ཤར་བ་དང་སྦྲགས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོའི་མིག་དམར་ཚེ་རིང་གིས་གྱོན་གོས་མཐུག་པོ་བརྗེས་པ་དང་འདྲེད་འགོག་ལྷམ་གྱོན་ནས“ཆེད་ལས་ནགས་སྲུང་བའི”དཔུང་རྟགས་བཏགས་ཏེ། ཞོགས་ཟས་ཕྲན་བུ་བཟས་རྗེས་འཁོར་གསུམ་གློག་སྒུལ་སྦག་སྦག་བཞོན་ནས་རི་ཁུལ་དུ་སྐྱོད།
  འབྲི་སྒང་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལུང་ཤུར་ཞིག་ཏུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ཡན་ཟིན་ཞིང་། མཐའ་བཞི་རི་བོས་བསྐོར་བ་དང་། ནགས་ཚལ་སྟུག་པ། ཆུ་ཕྲན་ལྷུང་ལྷུང་དུ་རྒྱུག་པའི་གནས་ཤིག་རེད།
  ནགས་སྐོར་གྱི་ལམ་བར་དུ་མིག་དམར་ཚེ་རིང་གིས་གཟབ་ནན་ངང་སྦག་སྦག་གཏོང་བཞིན་གུ་དོག་པའི་རི་ལམ་ཀྱག་ཀྱོག་བརྒྱུད་རི་སྐེད་དུ་སླེབས་སྐབས། གློག་སྒུལ་སྦག་སྦག་གཏོང་ཐབས་བྲལ་བས་ཁོང་རྐང་ཐང་མར་རི་རྩེར་འཛེག་དགོས་མོད། ས་སྐྱེས་རྡོ་སྐྱེས་ཡིན་པའི་ཕོ་གསར་དེས་ཚེར་མ་དང་ཕ་བོང་ཆེན་པོ་སོགས་དཀའ་ཚེགས་ཆེ་བའི་རི་ལམ་དེ་དག་ལ་འཚེར་སྣང་གཏན་ནས་བྱེད་མྱོང་མེད།
  མིག་དམར་ཚེ་རིང་གིས་རི་སྐོར་ནགས་སྲུང་བྱས་ནས་ལོ་10སོང་རིང་། རི་ཁུལ་དུ་སྐོར་གཡེང་ཐེངས་མང་བྱས་པས། དེ་གའི་རི་བོ་དང་ནགས་ཚལ་ལ་རྒྱུས་མངའ་ཆེན་པོ་ཡོད།
  “ང་ཚོས་རྣམ་ཀུན་རི་སྐོར་རྒྱག་སྐབས་འགྲོ་ཐེངས་གཅིག་ལ་ཆུ་ཚོད་གསུམ་བཞི་ཙམ་འགོར་བ་དང་གོམ་པ་ཁྲི་གཉིས་གསུམ་ཙམ་རྒྱག་གི་ཡོད། ཁ་བ་འབབ་སྐབས་ལམ་ཡག་པོ་མེད་རྐྱེན་རྣམ་ཀུན་ལས་ཆུ་ཚོད་གཅིག་ལྷག་ཙམ་གྱིས་མང་བ་འགོར་གྱི་ཡོད”ཅེས་མིག་དམར་ཚེ་རིང་གིས་བཤད།
  རི་སྐོར་ནགས་སྲུང་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་ལ་འགན་འཁྲིའང་ཧ་ཅང་ལྕི་པོ་ཡོད། མིག་དམར་ཚེ་རིང་གིས་ཟླ་རེར་ཉུང་མཐར་ཡང་སྐོར་གཡེང་ཐེངས་25བྱེད་པ་དང་། རྐང་ཐང་མར་སྤྱི་ལེ་བརྒྱ་ལྷག་ཙམ་བསྐྱོད་དེ་ཆ་སྙོམས་གཟའ་འཁོར་རེར་ངལ་གསོ་ཉིན་གཅིག་ལས་རྒྱག་ཁོམ་མེད། ཁོང་གིས་སྐོར་ལྟ་བྱེད་སྐབས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། གད་སྙིཌ་སྒྲུག་པ། ནགས་ཚལ་དང་རྩྭའི་སྐྱེ་འཚར་ལ་ལྟ་བ། རི་སྐྱེས་སྲོག་ཆགས་འགུལ་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་བཅས་བྱེད་དགོས་པ་མ་ཟད། ད་དུང་རི་སྐྱེས་སྨན་རྩྭ་གང་བྱུང་དུ་འཐུ་བ་དང་། ནགས་ཤིང་གཅོད་པ། ལྐོག་ཏུ་རྔོན་རྒྱག་པ་སོགས་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གཏོང་རིགས་ཀྱང་གྲལ་བཤེར་བྱེད་དགོས་ཀྱི་ཡོད།
  འོན་ཀྱང་ལོ་10ཡི་གོང་གི་འབྲི་སྒང་གྲོང་ཚོ་ནི་ད་ཆའི་མི་ཚང་མས་རི་བོ་དང་ནགས་ཚལ་སྲུང་བ་དང་མི་ཚང་མས་སྐྱེ་ཁམས་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་དེ་ལྟར་མིན་ཞིང་། “སྐབས་དེ་དུས་མང་ཚོགས་ཚོའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཞན་པས་ལྟོ་ཆས་བཟོ་བ་དང་དྲོད་ལེན་པར་བུད་ཤིང་དགོས་པ་དང་། ཁང་པ་རྒྱག་པ་དང་ཁྱིམ་ཆས་བཟོ་བའི་ཤིང་ཆ་ཚང་མ་རི་སྟེང་ནས་གཅོད་པ། རང་དགར་ཤིང་ཆ་དང་། འབུད་ཤིང་སྐམ་པོ། སྨན་རྩྭ་བཅས་ལྐོག་ཚོང་བྱེད་པའི་སྣང་ཚུལ་ཚབས་ཧ་ཅང་ཆེན་པོ་ཡོད་པའི་དབང་གིས་ནགས་ཚལ་དང་རྩྭའི་ཐོན་ཁུངས་ལ་གཏོར་སྐྱོན་ཆེན་པོ་ཕོག་ཡོད། ལོ་བཅུ་ཕྲག་ཁ་ཤས་ཕྱིན་པའི་སྡོང་རྒན་ཧ་ལམ་བཅད་ཟིན་པ་དང་རྒྱུན་དུ་མཐོང་རྒྱུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་ཀྱང་མཐོང་དཀོན་པར་གྱུར་ཡོད”ཅེས་འབྲི་སྒང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ཆོས་འཕེལ་གྱིས་དྲན་གསོ་བྱེད་བཞིན་བཤད།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་འབྲི་སྒང་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མང་ཚོགས་རྣམས་རིམ་བཞིན་དེ་སྔའི“ཤིང་གཅོད་མཁན”ནས“ནགས་སྲུང་བར”གྱུར་པ་དང་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་ཇེ་ཡག་ཏུ་སོང་ཡོད།
  མིག་དམར་ཚེ་རིང་ནི་སྔོ་ལྗང་གཅེས་སྐྱོང་དང་སྲུང་སྐྱོང་བྱ་སྤྱོད་ཀྱི་ལག་ལེན་མཁན་ཞིག་ཡིན་ཞིང་། ཁོང་གིས་ནགས་སྲུང་གི་འགན་འཁྲི་བརྟན་སྲུང་བྱས་ཏེ་འབྲི་སྒང་གྲོང་ཚོའི་སྐྱེ་ཁམས་འཕོ་འགྱུར་གྱི་བདེན་དཔང་བྱེད་བཞིན་མཆིས།
  ལྷོ་ཁ་དང་བོད་ཡོངས་སུ་མིག་དམར་ཚེ་རིང་དང་འདྲ་བའི་སྐྱེ་ཁམས“སྲུང་དམག”ཧ་ཅང་མང་པོ་ཡོད།
  འབྲི་སྒང་གྲོང་ཚོ་དང་བར་ཐག་མི་རིང་བའི་སོ་དྲུག་ཤང་ཆ་ཐང་གྲོང་ཚོར་ཡུལ་དེའི་མང་ཚོགས་ཀྱིས་སྐྱེ་ཁམས་ལ་མཐོང་ཆེན་བྱས་ཏེ“བསིལ་བསིལ་ལུང་ཤུར”སྐྱེ་ཁམས་ཡུལ་སྐོར་ཁུལ་བཏོད་ནས་སྣེ་གདོང་ཆུས་ཀྱི་གྲགས་ཅན་ཡུལ་སྐོར་ཁུལ་ཞིག་ཏུ་གྱུར།
  སོ་དྲུག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་གོ་མའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་ཤང་དེས“སྐྱེ་ཁམས་སོ་དྲུག”གཏོད་པའི་ངེས་གནས་ལ་དམ་པོར་དམིགས་ཏེ་ལས་བྱེད་པ་དང་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་གི་རང་རྟོགས་བྱ་སྤྱོད་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་ཤིང་། 2021ལོ་ཁོ་ནར་ཤང་དེས་འོས་འགན་ཤིང་འཛུགས་བྱེད་རིང་སྡོང་རྐང་7110བཏབ་པ་དང་། ཕྱོགས་བཞིར་སྡོང་རྐང་2000བཏབ་པ། མི་161གི་ཆེད་ལས་ནགས་སྲུང་དཔུང་ཁག་བཙུགས་ཡོད། དེང་སྐབས་ཤང་དེའི་ནགས་ས་རྒྱ་ཁྱོན་མུའུ་ཁྲི་31.1དང་། སྤང་ལྗོངས་ཀྱི་རྒྱ་ཁྱོན་མུའུ་ཁྲི་48.96ཟིན་ནས་ནགས་ཚལ་ཁྱབ་ཚད་ཤང་ཡོངས་ཀྱི་ས་ཁྱོན་གྱི་གསུམ་ཆ་གཅིག་ཡན་ཟིན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།