ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་པ།

སྤེལ་དུས 2022-04-22 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཧོ་ནན་ཞིང་ཆེན་ཧོ་པེ་གྲོང་ཁྱེར་ཆི་པིང་ཆུས་ཅུས་ཆའོ་གྲོང་རྡལ་སན་ལི་ཐོན་གྲོང་ཚོའི་ཞིང་ནང་དུ་འབྲུ་འདེབས་དུད་ཆེན་དབྱང་ཐུང་ཧྥང་ཞིང་ཆུ་གཏོང་བ་དང་ལུད་རྒྱག་པར་བྲེལ་བཞིན་འདུག ཁོང་གིས“ཆུ་དང་ལུད་ཡག་པོ་བརྒྱབ་ནས་ཞིང་ནང་གཡོག་བྱེད་ལ་དང་དོད་བྱས་ན་ལྗང་པ་ཇེ་བཟང་དུ་ཕྱིན་ཏེ་སྟོན་ཐོག་ཡག་པོ་ཡོང་ཐུབ”ཅེས་བརྗོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་བདེ་འཇགས་ནི‘རྒྱལ་ཁབ་ཀྱི་དོན་ཆེན’རེད། བྱ་བ་ཆེ་ཆུང་ཅི་ཞིག་ཡིན་རུང་ལྟོ་གོས་ནི་ཧ་ཅང་གལ་ཆེན་པོ་རེད” “དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་བས་ལྟོ་ཕོར་ག་དུས་ཡིན་རུང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་པ་དང་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུག་དགོས”ཞེས་གསུངས་ཡོད།
  འདི་ལོ་ཚུན་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སོ་ནམ་དུས་ཚོད་དམ་འཛིན་དང་། ཞིང་ནང་གཡོག་བྱེད་ལ་དམ་འཛིན། དཔྱིད་རྨོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བར་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། དུས་ཚིགས་དང་པོར་ཞིང་ལས་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིར་ན་བརྟན་པོ་བྱུང་སྟེ་ཐོན་ལས་དང་པོའི་རིན་ཐང་འཕར་མ་དུས་མཚུངས་ལས་6.0%འཕར་ཡོད། དབྱར་འབྲུ་ཐོན་སྐྱེད་ཀྱི་གཞི་རྩའི་ཆ་ནས་བལྟས་ན། ཞིང་ཁར་གཡོག་བྱེད་ཡག་པོ་བྱས་པ་དང་ཆར་ཆུ་དུས་སུ་འབབ་པས། དགུན་གྲོའི་ལྗང་པ་སྐྱེ་འཚར་ཇེ་མགྱོགས་སུ་ཕྱིན་ཏེ་སྐྱེ་ཚུལ་དུས་རྒྱུན་དང་སྤྱིར་ན་མཉམ་པ་དེས་དབྱར་འབྲུར་ལོ་ལེགས་ཡོང་བར་རྨང་གཞི་བཟང་པོ་བཏིང་ཡོད།
  དགུན་གྲོའི་ལྗང་པ་སྐྱེ་ཚུལ་སྔོན་དཔག་ལས་ལེགས་པས་དབྱར་འབྲུར་ལོ་ལེགས་ཡོང་བར་རྨང་གཞི་ཡོད་པ།
  འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་མང་པོ་འཕྲད་སྐབས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོར་གྱུར་ཡོད།
  ན་ནིང་སྟོན་དགུན་གཉིས་རིང་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་མཐོང་དཀོན་པའི་སྟོན་ཁའི་འབྲུབ་ཆུ་རྒྱས་ཏེ་དགུན་གྲོ་གཞི་རྒྱ་ཆེན་པོ་ཕྱི་འདེབས་བྱེད་དགོས་འཁེལ་ཡོད། ཛ་དྲག་དུས་བབ་འོག་ཏུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་དེ་བས་ཤུགས་ཆེ་བ་དང་རྒྱུན་གཏན་ལས་འདས་པ་སྤྱད་དེ་སྣ་ཁ་རེ་རེ་དང་། ཁུལ་ཁོངས་རེ་རེ། ལྷུ་ཚིགས་རེ་རེ་བཅས་ལ་སྐུལ་འདེད་བཏང་སྟེ་དབྱར་འབྲུའི་ཐོན་འབབ་ལེགས་པོ་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན་ཡོད།
  མིག་སྔར་རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་བཅུ་ཆ་གཉིས་ཙམ་བཏབ་ཟིན་པ་དང་། སྔ་སྨིན་འབྲས་བཅུ་ཆ་བདུན་ཙམ་བཏབ་ཟིན་པ། བྱང་ཤར་གྱི་ཆུ་འབྲས་ཀྱི་ལྗང་པ་བཅུ་ཆ་བདུན་ཙམ་བཙུགས་ཟིན་ནས་སྤྱིར་ན་ན་ནིང་ལས་མགྱོགས་པ་ཡོད་པ་རེད།
  སྲིད་ཇུས་ཀྱིས་གནད་སྨིན་ཤུགས་འདོན་བྱས་པ་དང་ཏང་སྲིད་འགན་འཁྲི་མཉམ་ཁུར་ལ་དངོས་ཕན་ཐོབ་པ།
  “རྒྱལ་སྤྱིར་ལྟ་སྐབས་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་སྣོལ་འཛིང་མཉམ་བསྲེས་ངང་ཐོན་པ་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་གཏན་འཁེལ་མེད་པའི་ཉེན་ཁ་ཆེ་རུ་ཕྱིན་པས་ང་ཚོས་ངེས་པར་དུ་རང་འགུལ་སྟངས་འཛིན་བྱེད་དགོས”ཞེས་ཀྲུང་གོ་མི་དམངས་སློབ་ཆེན་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁྲེང་གོ་ཆང་གིས་དབྱེ་ཞིབ་བྱས།
  —— འགན་འཁྲི་ནན་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་མཉམ་དུ་འཁུར་བ།
  “ཟ་འབྲུ”ཧྲིང་ཀྲང་གིས་འགན་འཁུར་དགོས་ལ། ཧྲུའུ་ཅིས་ཀྱང་འགན་འཁུར་དགོས། འདི་ལོ་ནི་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་ཁུར་ལ་དཔྱད་ཞིབ་བྱེད་པའི་ལོ་དང་པོ་རེད། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་དམིགས་ཚད་ལྟར་ན་ཟླ་དང་པོའི་ཟླ་སྨད་དུ་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་འབྲུ་རིགས་ཐོན་སྐྱེད་དམིགས་ཚད་ཞིང་ཆེན་ཁག་ལ་སྤྲད་དེ་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
  —— གནད་སྨིན་ཤུགས་འདོན་སྲིད་ཇུས་ལས་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ཀྱི་ཧུར་སེམས་འཕེལ་བ།
  སྲིད་ཇུས་ཁག་ཞིང་ཁར་དོན་འཁྱོལ་ཐུབ་པ་བྱས་ཤིང་། 2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་དང་། བྱ་དགའ། དངུལ་རྩ་སོགས་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་ཕྱོགས་བསྡུས་ཐོག་ལག་བསྟར་བྱེད་པ་དང་། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་བརྟན་པོའི་ངང་ལག་བསྟར་བྱེད་པ། འབྲུ་འདེབས་ཞིང་པར་སྤྲོད་ཐེངས་གཅིག་གི་ཁ་གསབ་སྤྲོད་པ་བཅས་བྱས་ཏེ་ཞིང་སྤྱོད་རྒྱུ་ཆའི་རིན་གོང་འཕར་ནས་མ་གནས་ཆེ་རུ་ཕྱིན་པའི་ཤུགས་རྐྱེན་ཞི་ལྷོད་དུ་བཏང་ཡོད་པ་རེད། 2022ལོར་འབྲས་དང་གྲོའི་རིན་གོང་དམའ་ཤོས་མཐོ་རུ་འོས་འཚམ་གཏོང་རྒྱུ་དང་། ཨ་ཤོམ་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་རོགས་དངུལ་དང་འབྲས་ཀྱི་ཁ་གསབ་སྲིད་ཇུས་བརྟན་དུ་གཏོང་རྒྱུ་རེད།
  དུས་ནམ་ཡང་འབྲུ་རིགས་འདེབས་ཐུབ་པ་དང་། མཁོ་འདོན་བྱེད་ཐུབ་པ། མཁོ་འདོན་ཡག་པོ་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པ།
  འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ནི་བདེ་འཇགས་འགན་ལེན་བྱེད་ཐུབ་པའི་ནུས་པར་ཐུག་ཡོད། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར“ཞིང་བརྟེན་འབྲུ་གསོག”དང“རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ངེས་པར་དུ་ལག་ལེན་བསྟར་ནས་དུས་ནམ་ཡང་འབྲུ་རིགས་འདེབས་ཐུབ་པ་དང་། མཁོ་འདོན་བྱེད་ཐུབ་པ། མཁོ་འདོན་ཡག་པོ་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
  —— ཞིང་བརྟེན་འབྲུ་གསོག་ལག་བསྟར་བྱས་ཏེ་ས་ཞིང་ནི་ས་ཞིང་ཡིན་དགོས་པ་མ་ཟད། ངེས་པར་དུ་ས་ཞིང་གཤིན་པོ་ཡིན་དགོས་པ།
  རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་དང་ས་གནས་ཁག་གིས་ཤུགས་ནུས་ཡོད་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ་རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། རྨོ་ཞིང་མུའུ་དུང་ཕྱུར་18ལས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད། ཅང་ཤིས་ཀྱིས་འདི་ལོའི་རྨོ་ཞིང་གི་ས་བཅུད་ཁ་གསབ་སྒོར་དུང་ཕྱུར་42.9དང་རྨོ་ཞིང་རེས་འདེབས་ཀྱི་མ་དངུལ་སྒོར་དུང་ཕྱུར་4.2སྔ་བསྣུར་དུ་སྤྲད་པ་དང་། ཀོང་ཤིས་ཀྱིས“ངས་ཞིང་པའི་ཆེད་དུ་ས་ཞིང་ལ་སྲུང་སྐྱོང་བྱེད”ཅེས་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་རྨོ་ཞིང་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།
  ཞིང་ལས་གྲོང་གསེབ་པུས་འདི་ལོ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1བསྐྲུན་རྒྱུ་དང་། ཕན་འབྲས་ཆེ་ལ་ཆུ་གྲོན་ཆུང་གི་ཞིང་ཁའི་རྒྱ་ཁྱོན་རིམ་རྩིས་བྱས་ན་མུའུ་དུང་ཕྱུར་4ཟིན་པ་བྱེད་རྒྱུ། ས་ནག་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་མུའུ་ཁྲི་8000ཟིན་པ་བྱེད་རྒྱུ་ཡིན་ཞེས་བཏོན་པ་རེད།
  —— རྩལ་བརྟེན་འབྲུ་གསོག་བྱས་ཏེ་ལག་རྩལ་རྩེ་གྲར་བརྟེན་ནས་འབྲུ་རིགས་ཡག་ཤོས་བཏབ་པ།
  མིག་སྔའི་བར་རང་རྒྱལ་གྱི་ལོ་ཏོག་གཙོ་བོའི་སོན་བཟང་གཞི་རྩའི་ཆ་ནས་ཕྱོགས་ཡོངས་ལ་ཁྱབ་སྟེ། ཞིང་ལས་ཐོན་འཕར་ལ་སོན་བཟང་གི་ལེགས་སྐྱེས་འབུལ་ཚད་45%ལྷག་ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་61%ལྷག་ཙམ་ཟིན་པ། ལོ་ཏོག་བརྔ་འདེབས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་72%ལྷག་ཙམ་ཟིན་ནས་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་གདེང་ཚོད་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།