ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཤེས་དཔལ་སྲོལ་གསར་ཕྱོགས་མཚམས་ཀུན་ཏུ་ཁྱབ།

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་མི་སེམས་ལ་ཟུག་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱིས་མི་སེར་གྱི་སེམས་ཀྱི་ཞིང་ས་བརླན་པ་དང་། དམིགས་བཙུགས་དམིགས་བཀར་གྱི་དང་བླངས་ཞབས་ཞུ་འཚོ་བའི་ཕྱོགས་གང་སར་ཁྱབ་པ། མང་ཚོགས་ལ་མཐོང་ཐོས་ཉན་སྤྲོའི་རིག་རྩལ་འཁྲབ་སྟོན་ཟམ་མི་ཆད་པར་བྱས་པ་སོགས། ད་ཆ་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། གསོན་ཤུགས་རྒྱས་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོས་བྱ་ཐབས་འདྲ་མིན་ལ་བརྟེན་ནས་མི་སེར་གྱི་འཚོ་བར་མཉམ་འདྲེས་ཐུབ་པར་བྱས་པས། ཤེས་དཔལ་གྱི་སྲོལ་གསར་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཡོད།
  བརྩེ་བ་ཟབ་མོ་བཅངས་ཏེ་དང་བླངས་ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན་པ།
  ཉེ་བའི་ལོ་ཤས་རིང་གཉའ་ལམ་རྫོང་གིས་ལས་སྟེགས་སྐྲུན་པ་དང་། དཔུང་ཁག་འཛུགས་པ། བྱེད་སྒོ་གཉེར་བ་བཅས་ནས་འགོ་བཙུགས་ཏེ། ཐོན་ཁུངས་གོ་ཆོད་སྣ་ཚོགས་བསྡུ་སྒྲིལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ཏན་ཏིག་སྤེལ་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད། མིག་སྔར་རྫོང་དེས་རྫོང་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་1དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་7 དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་44བཅས་བསྐྲུན་པས། ལྟེ་གནས་དང་། ཁང་། ས་ཚིགས་བཅས་རིམ་གསུམ་གཡུལ་ས་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།
  2021ལོའི་ཟླ་10ཚེས་3ཉིན་གྱི་ཕྱི་དྲོ་གཉའ་ལམ་རྫོང་སྤོ་རོང་ཤང་སེར་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ལ་ལ་དུག་ཕོག་པའི་ཡུལ་སྐོར་བ་ཞིག་སྐྱོབ་བཅོས་བྱེད་རྒྱུའི་བརྡ་ཐོ་འབྱོར་རྗེས། འཕྲལ་མར་གྲོང་ཚོ་དེའི་ཤི་ཤ་སྦང་མའི་ཏང་ཡོན་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་དོན་རྐྱེན་ཐོན་སར་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་པ་རེད། “ལོ་ལྟར་རི་འཛེག་མྱུལ་དཔྱད་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་ཤི་ཤ་སྦང་མར་མྱུལ་དཔྱད་བྱེད་པར་ཡོང་གི་ཡོད། ཡུལ་སྐོར་བ་ཁག་གཅིག་གི་བདེ་འཇགས་ཀྱི་བྱ་ཐབས་གནད་ལ་མི་འཁེལ་བ་དང་ཉེ་འཁོར་གྱི་ཁོར་ཡུག་ལ་ཆ་རྒྱུས་མེད་པ་སོགས་ཀྱིས་རྐྱེན་པས་ལ་དུག་ཕོག་པ་དང་འབྲེལ་བ་ཆད་པ་སོགས་ཀྱི་ཐོལ་བྱུང་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། དེར་བརྟེན་སེར་ལུང་གྲོང་ཚོའི་ཏང་ཀྲི་པུས་ཤི་ཤ་སྦང་མ་ཏང་ཡོན་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་འཛུགས་པའི་གཏན་འབེབས་བྱས་པ་རེད”ཅེས་དང་བླངས་པ་བསྟན་འཛིན་ཆོས་འཕེལ་གྱིས་དེ་ལྟར་བརྗོད།  རོགས་སྐྱོབ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དེ་གཉའ་ལམ་རྫོང་གི་དང་བླངས་ཞབས་ཞུའི་བསྡུས་རིས་ཙམ་ཞིག་རེད། མིག་སྔར་གཉའ་ལམ་རྫོང་གིས་དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག་1དང་། ཆེད་ལས་རང་བཞིན་གྱི་ཞབས་ཞུའི་ཡན་ལག་རུ་ཁག་11དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་51བཅས་བཙུགས་པར་ཁྱོན་བསྡོམས་དང་བླངས་པ་1370ལྷག་ཙམ་ཡོད་པ་རེད། གད་སྙིགས་གཙང་སེལ་དང་། ཞིང་པར་བརྔ་བསྡུ་བྱེད་རོགས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་པ། སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་པ་སོགས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།
  གར་སྟེགས་བསྐྲུན་ཏེ་རིག་རྩལ་བྱེད་སྒོར་བརྟེན་ནས་བཀྲག་མདངས་འཚེར་བར་བྱས་པ།
  གཉའ་ལམ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ནུས་ལྡན་ངང་སྤེལ་ཆེད། གཉའ་ལམ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་རིག་གནས་དམངས་ཕན་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་རེད། རིག་རྩལ་འགྲེམས་འཁྲབ་ངོ་མཚར་ཆེ་ཞིང་རིག་གནས་སློབ་ཚན་གྱིས་མང་ཚོགས་ལ་ཕན་པ་ཐོབ་པ་དང་རིག་རྩལ་དང་བླངས་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་སོགས་གཉའ་ལམ་རྫོང་གི་རིག་གནས་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད།
  2021ལོའི་ཟླ་10ཚེས་27ཉིན་གཉའ་ལམ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཆེད་དོན་རིག་རྩལ་སྐོར་འཁྲབ་བྱེད་སྒོ་གཉའ་ལམ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཐུན་མིན་ཉམས་འགྱུར་ལྡན་པའི་དབྱངས་ཀྱི་འགྱུར་ཁུག་དང་། སྙན་འཇེབས་ཡིད་དབང་འཕྲོག་པའི་གཏམ་རྒྱུད། མིག་གི་སོས་སུ་གྱུར་པའི་ལུས་ཀྱི་སྟངས་སྟབས་བཅས་རེ་རེ་ལས་ལྟད་མོ་བ་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་རེད།
  མང་ཚོགས་གང་དུ་ཡོད་ཕྱིན་ཤེས་དཔལ་གྱི་ལག་ལེན་དེ་གར་བྱེད་པ་དང་། མང་ཚོགས་ལ་ཅི་ཞིག་མཁོ་བ་རིག་རྩལ་དང་བླངས་པའི་ཞབས་ཞུས་དེ་གར་མཁོ་འདོན་བྱེད་ཀྱི་ཡོད། གཉའ་ལམ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་ཟླ་བས་2021ལོར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་རིག་རྩལ་གཤམ་སྐྱོད་ཀྱི་འཁྲབ་སྟོན་ཐེངས་68སྒྲིག་འཛུགས་བྱས་པར་ལྟད་མོ་བ་མི་ཐེངས་37850ལྷག་ཙམ་ཟིན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད་ཅེས་བརྗོད་པ་རེད།
  མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་ཤེས་དཔལ་གྱི་སྲོལ་གསར་གང་སར་ཁྱབ་པར་བྱས་པ།
  གཉའ་ལམ་རྫོང་གཉའ་ལམ་གྲོང་རྡལ་གཙང་སྒང་གྲོང་ཚོ་གཉའ་ལམ་རྫོང་གྲོང་དང་བར་ཐག་སྤྱི་ལེ་12ཡོད་ཅིང་། དེའི་ཁོངས་གཏོགས་སུ་རང་བྱུང་གྲོང་ཚོ་2ཡོད་པར་དུད་ཚང་110དང་མི་གྲངས་438ཡོད་པ་རེད། མང་ཚོགས་ལ་ཤེས་དཔལ་གྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱ་ཆེད། གཙང་སྒང་གྲོང་ཚོས་ཁོར་ཡུག་འཕྲོད་བསྟེན་ནས་དམ་འཛིན་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཁྱིམ་གཞིས་མཛེས་བཟོ་དང་། གྲོང་ཚོ་སྔོ་འགྱུར། གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་མང་ཚོགས་ལ་ཁོར་ཡུག་འཕྲོད་བསྟེན་དོ་དམ་ནང་མཉམ་དུ་ཞུགས་དགོས་པའི་ཁྲིད་སྟོན་བྱས་ཡོད། “ད་ཆ་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་མ་ཟད། གྲོང་མི་ཚོས་ད་དུང་རང་ཁྱིམ་གྱི་སྒོ་རའི་ནང་མེ་ཏོག་དང་རྩི་ཤིང་བཏབ་པས། ཧ་ཅང་སྐྱིད་པོ་འདུག”ཅེས་གཙང་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤེས་རབ་བསྟན་འཛིན་གྱིས་དེ་ལྟར་བརྗོད་པ་རེད།
  དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ནང་གཉའ་ལམ་རྫོང་གིས་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དཔྱད་འདེམས་བྱེད་སྒོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ“མི་བཟང་དཔྱད་འདེམས”ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་གོམས་སྲོལ་བསྒྱུར་བའི་ལག་ལེན་པ་དང་། སྣེ་ཁྲིད་པ། དྲིལ་བསྒྲགས་པ། ལྟ་སྐུལ་བ་བཅས་བརྩོན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། ད་ཆ་གཉའ་ལམ་རྫོང་གི་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཚང་མས“གྲོང་སྲོལ་དམངས་སྲོལ་དང་། གཉེན་སྒྲིག་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འགལ་ཟླ་དང་རྩོད་གཞི་སེལ་བ”སོགས་ཀྱི་ནང་དོན་གྲོང་གསེབ་ཀྱི་ཡུལ་སྲོལ་དམངས་ཆིངས་དང་གྲོང་སྲོལ་དམངས་ཆིངས་ནང་བཀོད་པས་མང་ཚོགས་ཀྱི་ཡ་རབས་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།
  གཉའ་ལམ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝུའུ་མོང་གིས“གོམ་སྟབས་རྗེས་མར་ང་ཚོས་མང་ཚོགས་ཀྱི་དགོས་མཁོ་དངོས་དེ་ལག་ལེན་བྱེད་ཕྱོགས་སུ་མུ་མཐུད་བརྩིས་ནས་རིགས་པའི་གཞུང་ལུགས་ཀྱི་གཡུལ་ས་རེ་རེ་དང་། དང་བླངས་པའི་དཔུང་ཁག་རེ་རེ། དྲོ་སྐྱིད་ལྡན་པའི་ཞབས་ཞུ་རེ་རེ། དམངས་ཕན་གྱི་དོན་དངོས་རེ་རེ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)སྔར་བས་གསོན་ཤུགས་རྒྱས་པར་བྱས་ཏེ་ཤེས་དཔལ་ལག་ལེན་གྱི་བྱེད་སྒོར་སྔར་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།