ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

འགྲུལ་སྐྱེལ་དང་ཟོག་འདྲེན་བདེ་འཇགས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཧུའུ་ཀྲེང་ཅུན་བྲེལ་བརྩོན་ཆེན་པོ་ཡོད། ཀྲུང་གོ་རྒྱལ་སྤྱི་མཁའ་འགྲུལ་ཀུང་སི་གཡོད་ཧན་ནེ་སི་པའོ་ལས་གཉེར་པུས་རྒྱུན་གཏན་གྱི་འཁོར་སྐྱོད་འགན་ལེན་བྱེད་པ་དང་དུས་མཚུངས། དྲན་པ་འཐོར་བའི་འགྲུལ་པ་ཞིག་ཀྲུང་གོར་ཕྱིར་ལོག་བྱེད་པའི་དུས་གཏན་གནམ་གྲུའི་ཐོག་བདེ་འཇགས་ངང་སྐྱེལ་རྒྱུའི་ལས་འགན་ཛ་དྲག་པོ་ཞིག་འབྱོར་ཡོད། ལས་གཉེར་པུའི་སྤྱི་ཁྱབ་ཅིང་ལི་ཧུའུ་ཀྲེང་ཅུན་གྱིས་ལས་འགན་ལྕི་པོ་དེ་བསྒྲུབ་རྒྱུའི་སེམས་ཐག་བཅད།
  གཡོད་ཧན་ནེ་སི་པའོ་གནམ་ཐང་སྨན་བཅོས་ཁང་གིས་དུག་སེལ་ཡག་པོ་བྱེད་པ་དང་། མྱུར་སྐྱོབ་རླངས་འཁོར་གྱི་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ། གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་ནད་གཡོག་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ། གནམ་གྲུའི་ཐོག་མཉམ་དུ་སྐྱོད་མཁན་སྨན་པའི་རྒྱལ་མཚམས་འཛུལ་གྲོལ་གྱི་འགྲོ་ལུགས་ཡག་པོ་གཉེར་བ་སོགས་ཀྱི་ལས་ཀ་འཕྱུགས་པ་མེད་པ་ཡོང་ཆེད་ཧུའུ་ཀྲེང་ཅུན་གྱིས་སྔ་སྣུར་དུ་འབྲེལ་ཡོད་ལས་ཀ་ཚང་མ་བསྒྲུབས་ཡོད། དམིགས་བསལ་གྱི་འགྲུལ་པ་དེ་ནི་ཙན་པི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞིར་ལས་ཀ་བྱེད་མཁན་ཀྲུང་གོའི་བུད་མེད་ཅིག་རེད། ཁོ་མོ་ཟླ་བ་གཅིག་གི་གོང་ཙན་པི་ཡར་དྲན་པ་འཐོར་ནས་ནད་འགོག་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཡིན་པའི་ཐོག་མའི་ནད་དཔྱད་བྱས། རྗེས་སུ་གཡོད་ཧན་ནེ་སི་པའོ་སྨན་ཁང་དུ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་གང་མགྱོགས་རྒྱལ་ནང་དུ་ལོག་ནས་སྨན་བཅོས་བྱེད་དགོས་ཀྱི་ཡོད། ཧུའུ་ཀྲེང་ཅུན་གྱིས་འཕྲལ་མར་སྨན་བཅོས་སྒོ་ཁྲི་དང་ནད་གཡོག་གནམ་ཐང་གི་སྨན་བཅོས་ཁང་དུ་གནམ་གྲུ་སྒུག་རྒྱུའི་སྣེ་ཁྲིད་བྱས་པ་དང་། དེ་རྗེས་ཙན་པི་ཡ་ནས་གཡོད་ཧན་ནེ་སི་པའོ་རུ་འབྱོར་བའི་ཁོང་ཀོ(ཅིན)གྱི་སྨན་པ་ཧ་ལི་དང་འབྲེལ་གཏུག་བྱས། མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞིའི་ཆེད་གཏོང་སྨན་པ་ཞིག་ཡིན་པའི་ངོས་ནས་ཁོང་ནད་པ་དང་མཉམ་དུ་གནམ་གྲུར་བསྡད་དེ་ཀྲུང་གོར་ཡོང་དགོས་ཀྱི་ཡོད།
  ཁོང་ཚོ་གནམ་ཐང་གི་ཐོག་སོ་དང་པོའི་སྨན་བཅོས་ཁང་ནང་གནས་སྐབས་བཀོད་སྒྲིག་བྱས་རྗེས་ཧུའུ་ཀྲེང་ཅུན་མགྱོགས་མྱུར་ཐོག་སོ་གསུམ་པའི་གནམ་གྲུའི་འགྲོ་ལུགས་གཉེར་སར་བསྐྱོད་པ་དང་དེ་གར་ཡང་རྒྱལ་ནང་དུ་ལོག་མཁན་འགྲུལ་པ་200ལྷག་ཙམ་ཡོད་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཧུའུ་ཀྲེང་ཅུན་དང་ལས་རོགས་ཚོས་སྒྲུབ་དགོས་པའི་ལས་ཀ་ནི་སྔོན་མ་ལས་ལྡབ་ཀྱིས་མང་བ་ཡོད།
  “ང་ཚོས་འགྲུལ་པ་རྡོག་ཐོན་མ་བྱས་གོང་གི་མཐའ་མའི་བདེ་ཐང་གི་བདེ་འཇགས་ཞིབ་བཤེར་བྱེད་དགོས་པ་དང་། གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་དེའི་གོང་དཔྱད་གཞི་ཞིབ་བཤེར་གྱི་ལས་ཀ་འབོར་ཆེན་ཞིག་བསྒྲུབས་ཡོད། ཀྲུང་གོ་བའམ་ཡང་ན་ཕྱི་རྒྱལ་བ་གང་ཡིན་རུང་ང་ཚོའི་དམིགས་ཡུལ་ནི་བདེ་འཇགས་ཀྱི་སྔོན་འགྲོའི་འོག་ཐབས་བརྒྱ་ཇུས་སྟོང་གིས་འགྲུལ་པ་ཀྲུང་གོར་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་ཡིན”ཞེས་ཧུའུ་ཀྲེང་ཅུན་གྱིས་བརྗོད་ཀྱིན་ཐོག་སོ་དང་པོའི་གནམ་ཐང་གི་སྨན་བཅོས་ཁང་ནང་སྐྱོད་སྐབས་ཀྲུང་གོའི་གཞུང་ཚབ་ཁང་གི་མི་སྣས་བཏང་བའི“ནད་པའི་གཟུགས་པོ་ཅུང་ཡག་ཏུ་ཕྱིན་འདུག་པས་མངར་ཆ་ལྡན་པའི་ཟས་ལྡུར་ལྡུར་སྟེར་ཆོག་ཟེར་གྱི་འདུག གནམ་ཐང་ནས་ཉོ་ཐུབ་བམ”ཞེས་པའི་ཆ་འཕྲིན་འབྱོར།
  ཆུ་ཚོད་དྲུག་ལྷག་ཙམ་ལས་ཀ་བྱས་པ་བརྒྱུད། དམིགས་བསལ་གྱི་འགྲུལ་པ་དང་ནད་གཡོག་རྣམས་སྔོན་ལ་གནམ་གྲུའི་ནང་བསྐྱལ་བ་དང་། འགྲུལ་པ་200ལྷག་ཙམ་ཡང་བདེ་བླག་ངང་འགྲོ་ལུགས་གཉེར་ཚར་ཡོད། རྒྱལ་སྤྱིའི་མཁའ་འགྲུལ་གྱི་གནམ་གྲུའི་འགྲོ་ལུགས་གཉེར་སའི་མདུན་དུ་སྐབས་ཤིག་རིང་ཁུ་སིམ་མེར་གྱུར། རྒྱལ་སྤྱིའི་མཁའ་འགྲུལ་རུ་ཁག་གི་ལས་དོན་མི་སྣ་ཁག་གཅིག་གིས་མཇུག་བསྡུའི་ལས་ཀར་བྲེལ་བཞིན་ཡོད་པ་དང་འབྲེལ་དུས་གཏན་གནམ་གྲུ་རྗེས་མའི་གྲ་སྒྲིག་ལས་དོན་ཡང་སྒྲུབ་བཞིན་ཡོད།
  ལས་གཉེར་པུའུ་དེའི་ཀྲུང་གོའི་ལས་མི་མང་ཆེ་བ་ནི་ལོ་40ཡང་མ་ཟིན་པའི་གཞོན་ནུ་ཤ་སྟག་རེད། ཧུའུ་ཀྲེང་ཅུན་གྱིས་གཡོད་ཧན་ནེ་སི་པའོ་གནམ་ཐང་གི་ལས་ཀའི་ཁྱད་ཆོས་ཆེ་ཤོས་ནི་བྲེལ་བ་ཚ་པོ་ཡོད་ལ་ལས་ཀའི་གྲུབ་འབྲས་ཐོབ་སེམས་ཀྱང་ཆེན་པོ་ཡོད། ལྷག་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལྷོ་ཨ་ཧྥེ་རི་ཁ་ནས་ཀྲུང་གོའི་བར་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གྱི་བདེ་འཇགས་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་དགོས་ལ་དེ་ནི་ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པ་ཞིག་རེད་ཅེས་བརྗོད།