དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་གསོ་བ་རིག་པའི་རིམས་ནད་ཀྱི་ངོས་འཛིན་དང་རིམས་བཅོས་ལོ་རྒྱུས་ལ་དཔྱད་པ།

སྤེལ་དུས 2021-02-23 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ནོར་བུ་བཀྲ་ཤིས།
[ནང་དོན་གནད་བསྡུས།] ཏོག་གསར་ནད་དུག་གི་གློ་བའི་གཉན་ཚད་(COVID-19)འགོས་ཁྱབ་འགྲོ་བའི་དུས་འདིར་རང་རྒྱལ་ལ་མཚོན་ན་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་ཟུང་འབྲེལ་གྱིས་རིམས་ནད་གང་དེར་སྨན་བཅོས་བྱ་བར་རྒྱལ་ཁ་ཆེན་པོ་ཐོབ་ཡོད། སྐབས་འདི་དང་བསྟུན་ནས་བོད་ཀྱི་གསོ་བ་རིག་པའི་རིམས་ནད་ཀྱི་ངོས་འཛིན་དང་། རིམས་ནད་སྨན་བཅོས་བྱས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་ནི་དུས་བསྟུན་གྱི་འོས་འགན་ཞིག་ཡིན། བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རིམས་ནད་ངོས་འཛིན་གྱི་ཆ་ནས་རིམས་ནད་ཀྱི་ངེས་ཚིག་དང་ངོ་བོ་གསལ་བར་བསྟན་ཡོད་པ་དང་། རིམས་ནད་ཀྱི་རྒྱུ་རྐྱེན་ལས་དེའི་རྐྱེན་འགོག་གསལ་བར་བསྟན་པ། རིམས་ནད་ཀྱི་འཇུག་སྒོ་ལས་ནད་དེའི་འགོ་སླ་བ་དང་འགོས་ཁྱབ་མགྱོགས་པའི་རང་བཞིན་བསྟན་ཡོད་པ། རིམས་ནད་ཀྱི་གཉེན་པོའི་གོ་རིམ་ལས་གསོ་བཅོས་ཀྱི་རྩ་དོན་གསལ་བ། རང་གཞན་སྲུང་བའི་ལྟ་བ་ལས་རིམས་ནད་འགོག་བཅོས་ཀྱི་ཆུ་ཚད་མཚོན་པར་བྱས་ཡོད་པ་བཅས་དང་། དེ་བཞིན་རིམས་ནད་འགོག་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པས་ལོ་རྒྱུས་ཐོག་མ་མཐར་ཡང་རིམས་ནད་འགོག་བཅོས་ཐེངས་བཅུ་ཕྲག་ཙམ་ལ་རྒྱལ་མྱོང་བ་རེད།
[བརྡ་ཆད་གཙོ་བོ།] བོད་ཀྱི་གསོ་བ་རིག་པ། རིམས་ནད། ངོས་འཛིན། རིམས་བཅོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]  1002-9060-2020-02-0165-12
དང་པོ། བོད་ཀྱི་གསོ་བ་རིག་པའི་རིམས་ནད་ཀྱི་ངོས་འཛིན།
         རིམས་ནད་ཅེས་པ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་མ་ཡིན་པར་དེ་ལ་གློ་བུར་གྱི་རང་བཞིན་དང་འགོས་ཁྱབ་ཀྱི་རང་བཞིན། གསོ་དཀའ་བའི་རང་བཞིན། འཆི་སླ་བའི་རང་བཞིན། ནད་རྟགས་སྣ་ཚོགས་པའི་རང་བཞིན། ཉེན་ཆེ་བའི་རང་བཞིན། འགྱུར་ལྡོག་ཆེ་བའི་རང་བཞིན་སོགས་ལྡན་པའི་ནད་རིགས་གདུག་པ་ཅན་ཞིག་ཡིན། ལོ་རྒྱུས་ཀྱི་དུས་རིམ་སོ་སོར་རིམས་ནད་དེ་དག་ངོས་བཟུང་བ་དང་སྨན་བཅོས་བྱས་པའི་བརྒྱུད་རིམ་ཁྲོད་དཀའ་ངལ་སྣ་ཚོགས་ཤིག་ལ་ཕྲད་ཡོད་དེ། ནད་དེ་འདྲ་སྔར་ཐོན་མ་མྱོང་བའི་རྒྱུ་མཚན་གྱིས་ངོས་འཛིན་དཀའ་བས་ཐོག་མར་ནད་རྟགས་ལ་ལྟོས་པའི་སྨན་བཅོས་ཏེ། ཚ་བ་རྒྱས་ན་ཚ་བ་གཅོག་པ་དང་ཟུག་གཟེར་བྱུང་ན་ཟུག་གཅོག་པ། ཁྲག་ཏུ་འཁྲུ་ན་ཁྲག་གཅོད་པ་སོགས་ནས་རིམ་བཞིན་ནད་རྟགས་དེ་ལྟར་ཐོན་པའི་རྒྱུ་མཚན་ཤེས་ཤིང་ནད་ཀྱི་ངོ་བོ་གསལ་རྟོགས་བྱུང་སྟེ་རིམས་ནད་གང་དེའི་རྒྱུ་རྐྱེན་དང་། དབྱེ་བ། རྟགས། བཅོས་ཐབས་སོགས་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་ཕྱོགས་བསྡོམས་ཀྱིས་ཕྱིས་སུ་རིམས་ནད་དེ་རིགས་སླར་ཡང་དར་བའི་སྐབས། སྔར་གྱི་མན་ངག་དེ་དག་ལ་བརྟེན་ནས་ཐར་བར་བྱེད་པ་དག་ནི་ལག་ལེན་གྱི་བརྒྱུད་རིམ་ཡིན། དེས་ན་གསར་དུ་དར་བའི་རིམས་ནད་གང་འདྲ་ཞིག་ཡིན་རུང་ངོས་བཟུང་བའི་བརྒྱུད་རིམ་དེ་འདྲ་ངེས་པར་བརྒྱུད་དགོས་པ་ཐེངས་འདིའི་འཛམ་གླིང་ཁྱོན་དུ་ཁྱབ་པའི་རིམས་ནད་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་(COVID-19)ཀྱི་སྨན་བཅོས་བརྒྱུད་རིམ་ཧྲིལ་པོ་ལས་རྟོགས་ནུས་ཤིང་རིམས་ནད་ཀྱི་ངེས་གཏན་མེད་པའི་རྣམ་པའང་མཚོན་པ་ཡིན་ནོ། །
         གཅིག རིམས་ནད་ཀྱི་ངེས་ཚིག་ལས་དེའི་ངོ་བོ་གསལ་བར་བསྟན་པ། སྤྱིར་ན་གནའ་དེང་གི་གསོ་བ་རིག་པ་གང་ཞིག་ཡིན་རུང་རིམས་ནད་གསོ་བཅོས་བྱེད་པ་ལ་ཐོག་མར་རིམས་ནད་གང་དེར་ངོས་འཛིན་གསལ་པོ་ཞིག་ཡོད་དགོས་པ་དང་གཅིག་གྱུར་གྱི་བརྡ་ཆད་ཚད་ལྡན་ཡོད་དགོས་པ།ནད་དེའི་ངོ་བོ་དང་ངེས་ཚིག་ལས་ནད་དེའི་རྣམ་པ་གང་ཡིན་པར་གསལ་ཁ་གཏོད་པའི་ཁྱད་ཆོས་ཚང་དགོས་པས་བོད་ཀྱི་གསོ་བ་རིག་པ་ལ་ཡང་རྩ་དོན་དེ་ཚང་ཡོད། དེ་ཡང་ཐོག་མར་རིམས་ནད་སྤྱི་ལ་ལོ་ངོ་ཆིག་སྟོང་ལྷག་གི་གོང་རོལ་ནས་ཀྱང་བོད་ཀྱི་གསོ་བ་རིག་པས་ངོས་འཛིན་འཕྱུགས་མེད་མཛད་ཡོད་པ་སྟེ། རིམས་ནད་ཀྱི་ངོ་བོ་ནི་རྒྱུ་རྐྱེན་གྱིས་ལུས་ཀྱི་མཁྲིས་པའི་མེ་དྲོད་བསླངས་ཤིང་ཆེར་བསྐྱེད་པ་ཡིན་ཞིང་དེའི་ངེས་ཚིག་ནི། 《དཔལ་ལྡན་རྒྱུད་བཞི་》ལས། “རྔུལ་ལ་བབས་ནས་བད་ཀན་མཁྲིས་པ་རླུང་། །འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། །དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། །”①ཞེས་རིམས་ནད་ནི་རྒྱུན་མཐོང་གི་ནད་གཞི་གཞན་དང་མི་མཚུངས་པར་བརྒྱུད་ལམ་སྣ་ཚོགས་པ་ཞིག་ཡིན་པ་དཔེར་ན། མིག་དང་། རྣ་བ། སྣ། ཁ། ཆུ་སོ། བཤང་ལམ་སྤྱི་དང་ཕལ་ཆེར་སྣ་སྒོ་ནས་ཞུགས་པ་དང་། ནང་གི་འཇུག་སྒོ་ཤ་ལྤགས་རྩ་རུས་དོན་སྣོད་དྲུག་ཏུ་རིམ་པས་འཇུག་པའམ། ནད་དེའི་དྲི་མ་དངོས་ཏེ། ནད་དེས་མནར་བའི་ནད་པ་ལ་འབྲེལ་འདྲིས་བྱས་པའམ་ཡང་ན་ནད་ཡོད་པའི་ཁུལ་གྱི་དུ་བ་དང་རླུང་སོགས་དྲིས་ཕོག་ནས་ཡམས་ཐབས་སུ་རིམ་པར་བརྒྱུད་དེ་གཅིག་ནས་མང་པོར་འགོ་ཞིང་མཆེད་པར་བྱེད་ཅིང་། འཕྲལ་མར་སྲོག་འཕྲོག་འགྲོ་བ་སོགས་ཀྱི་ངོ་བོ་གསལ་པོར་བསྟན་ཡོད་པས། དེང་གི་དུས་འདིར་ཡང་སྐབས་དེའི་ངོས་འཛིན་འཕྱུགས་མེད་ཡིན་པ་ཤེས་ནུས། དེ་བཞིན་གཉན་རིམས་ནི་《དུས་ནད་ནག་པོ་སུམ་དྲིལ་གྱི་བཅོས་ཐབས་བདུད་རྩིའི་བུམ་སྙིང་》ལས།“ནད་འདི་སྤང་ལ་མེ་མཆེད་འདྲ། །འགོས་མགྱོགས་འཆི་སླ་གསོ་བ་དཀའ། །རེས་འགའ་ཐོག་བབས་རེ་ཟུང་ན། །འགའ་རེར་གློག་འཁྱུག་ཁོལ་རྒྱུག་བྱེད། །གང་བྱུང་བ་དེའི་མི་རབས་གཅོད། །འཛམ་བུ་གླིང་གི་བཞི་གསུམ་འཇོམས། །ཐོས་པ་ཙམ་གྱིས་འཇིགས་སྙིང་འདར། །དྲན་པ་ཙམ་གྱིས་གློ་སྙིང་འདར། །”②ཞེས་གཉན་རིམས་ཀྱི་ངེས་ཚིག་ལ་བརྟགས་ན་ཏོག་གསར་ནད་དུག་ནི་གློ་བའི་གཉན་ཚད་ཀྱི་རིམས་ནད་དང་མཚུངས་པར་གང་དེའི་འགོས་མགྱོགས་པ་དང་། འཆི་སླ་བ། གསོ་དཀའ་བ། ལུང་པ་སྟོངས་འགྲོ་བ་བཅས་པའི་ཉེན་ཁའི་རང་བཞིན་དང་སྐྱི་གཡའ་བའི་རང་བཞིན་སོགས་གསལ་པོར་བསྟན་ཡོད་པས་དེང་གི་དུས་སུའང་དེ་ལས་ལྷག་པའི་ངེས་ཚིག་མེད་དོ། །
         བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན་རིམས་ནད་ལ་གཉན་མ་འདྲེས་པའི་རིམས་ནད་རྐྱང་པ་དང་གཉན་དང་བསྡོངས་པའི་རིམས་ནད་ལ་གཉན་རིམས་ཞེས་གཉིས་སུ་ཕྱེ་ཡོད་ཅིང་། གཉན་དང་བསྡོངས་པ་ལ་ཉེན་ཆེ་ཞིང་གཉན་མེད་གཞི་ཆུང་བའོ། །འདི་ལ་ཁམས་གཙང་འབྲུག་རྒྱལ་མཆོག་གིས། “གཉན་གྱི་བསྡོངས་ཟླ་མེད་པ་རིམས་རྐྱང་དང་། །གཉན་དང་བསྡོངས་པ་རིམས་སྨྱོན་ཞེས་བྱ་ཡིན། །གཉན་རིམས་གཉིས་ནི་ཕ་གཅིག་སྤུན་ཟླ་འདྲ། །གཅིག་གྲོགས་གཅིག་གིས་བྱེད་ཅིང་གྲོས་ཁ་མཐུན། །འགྲོ་སྲོག་མྱུར་བར་ལེན་ལ་མཐུ་དཔུང་ཆེ། །”③ཞེས་དང་། ཡང་ཁོང་གིས།“ཚ་བ་རིམས་དང་གཉན་ནད་རྣམ་པ་གསུམ། །རིམ་པར་ཕྱི་མ་སྟོབས་ཆེ་མཐུ་ནུས་མྱུར། །དེ་ཕྱིར་ཚད་བཅོས་ཁོ་ནས་རིམས་མི་སེལ། །རིམས་བཅོས་རྐྱང་པས་གཉན་ནད་སེལ་བ་མིན། །བསིལ་གྱིས་ཚ་བ་འཇོམས་ཀྱང་གཉན་མི་སོད། །དུག་གིས་གཉན་མགོ་ཆོམ་ཡང་ཚད་པར་མིན། །ཆུ་འཐུང་སྐོམ་པ་སེལ་ཡང་ལྟོ་མི་འགྲང་། །ཤ་ཟོས་བཀྲེས་པ་ཞི་ཡང་སྐོམ་མི་སེལ། །གཉེན་པོ་གཅིག་གིས་ནད་ཀུན་སེལ་བ་དཀའ། །”④ཞེས་སོགས་ཚ་བ་དང་། རིམས་ནད། གཉན་རིམས་བཅས་ཀྱི་ཁྱད་པར་ལས་ནད་ཀྱི་གཞི་ལྕི་ཡང་གསལ་པོར་རྟོགས་ནུས་པར་མ་ཟད། སྨན་བཅོས་ཀྱི་རྩ་དོན་ཡང་དེ་བསྟུན་གྱིས་དབྱེ་བ་འབྱེད་དགོས་པ་བསྟན་ནོ། །གཉིས། རིམས་ནད་ཀྱི་རྒྱུ་རྐྱེན་ལས་དེའི་རྐྱེན་འགོག་གསལ་བར་བསྟན་པ། རིམས་ནད་ནི་གཙོ་བོ་མིའི་ཀུན་སྤྱོད་དང་འབྲེལ་བ་ཤིན་ཏུ་ཆེ་བ་སྟེ། 《དཔལ་ལྡན་རྒྱུད་བཞི་》ལས།“རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི། །ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། །སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར། །དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད། །མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། །སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད། །དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། །ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང༌། །”⑤ཞེས་དང་། དེའུ་དམར་དགེ་བཤེས་མཆོག་གིས། “ཟ་ལྟོ་གང་རུང་དེ་ཡིས་ལན། །བྱ་བྱེད་གང་མང་ཡུལ་དེར་སྡང་། །”⑥ཞེས་དང་།《མན་ངག་ལྷན་ཐབས་》ལས། “རྐྱེན་ནི་མི་བསྲུན་སྙིགས་མའི་མི་རྣམས་ཀྱིས། །ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད། །བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས། །དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག །མ་རུངས་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས། །སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས། །མ་མོའི་ཁ་རླངས་གདུག་པ་སྤྲིན་དུ་འཁྲིགས། །གཉན་རྒོད་རིམས་ནད་ཆར་བཞིན་ཕབ་པ་ལས། །སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན། །”⑦ཞེས་དང་། ཁམས་གཙང་འབྲུག་རྒྱལ་མཆོག་གིས། “རྐྱེན་ནི་དུས་ཀྱི་སྤྱོད་ངན་གྱིས་བསླང་བས། །”⑧ཞེས་སོགས་མིའི་ཀུན་སྤྱོད་ངན་པ་དག་ནི་རིམས་ནད་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་འདོད་པ་བོད་ཀྱི་གསོ་བ་རིག་པའི་དགོངས་པ་དངོས་ཡིན་ཞིང་། དེ་དང་མཚུངས་པར་ཐེངས་འདིའི་ཏོག་གསར་ནད་དུག་གི་གློ་བའི་གཉན་ཚད་ཀྱི་ནད་རྐྱེན་གཙོ་བོ་ཡང་ཁྲིམས་འགལ་གྱིས་བྱེས་སྐྱེས་སྲོག་ཆགས་(野生动物)རང་དགར་ཟོས་པ་ལས་བྱུང་བར་ངོས་འཛིན་བྱེད་པས། རིམས་ནད་དེ་མིའི་ཀུན་སྤྱོད་ངན་པ་དང་འབྲེལ་བ་ཡོད་པ་གནའ་དེང་གསོ་རིག་གི་ལྟ་བ་དགོངས་གཞི་གཅིག་ཏུ་གྱུར། གཞན་ཡང་བོད་ལུགས་གསོ་རིག་ལས་རིམས་ནད་ཀྱི་ཆ་མཚུངས་ཀྱི་རྒྱུ་རྐྱེན་གཞན་ནི། འབྱུང་བ་དམན་ལྷག་ལོག་པ་དང་། ལུས་ངག་གི་སྤྱོད་ལམ་དྲག་ཤུལ་བྱས་པའི་རིགས། ནད་དྲིས་འགོས་པ། འབྱུང་པོའི་དུགས་ཀྱི་ཟེར་ཕོག་པ། སེམས་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་སོགས་དང་། དེ་བཞིན་དུ་འཇིགས་སྐྲག་དང་མྱ་ངན་གྱིས་སེམས་གདུངས་པ། ཡུལ་སོགས་ལ་ལྷག་པར་འདོད་ཅིང་ཆགས་པའི་སེམས་ཀྱི་རྐྱེན་དང་། ཁ་ཟས་བསིལ་དྲོད་འགྲངས་ལྟོགས་སོགས་མ་སྙོམས་ཤིང་ལུས་ཁམས་དང་མི་མཐུན་པ་དེ་ཡི་དབང་གིས་འབྱུང་བ་འཁྲུགས་པ་ཡང་རིམས་ནད་ཀྱི་རྒྱུ་རྐྱེན་བྱེད་པ་ཡིན་ཏེ། 《དཔལ་ལྡན་རྒྱུད་བཞི་》ལས། “གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག །དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད། །ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར། །”⑨ཞེས་གསུངས་པ་ལས་གསལ་པོར་རྟོགས་ནུས།
         མདོར་ན་བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་རིམས་ནད་ཀྱི་རྒྱུ་རྐྱེན་དེ་དག་གིས་ཚན་རྩལ་དར་རྒྱས་ཆེ་བའི་དེང་གི་དུས་སུ་ཡང་སྔར་བཞིན་ནད་ཐོག་དངོས་ལ་ཐད་ཀར་མཛུབ་སྟོན་གྱི་ནུས་པ་ལྡན་པ་ནི་བོད་ཀྱི་གསོ་བ་རིག་པ་འདིའི་ཆེ་བ་ཡིན་ལ། དེ་བཞིན་དུ་རིག་པ་གང་འདིའི་ཚད་ལྡན་རང་བཞིན་ཡང་མཚོན་པ་ཡིན་ནོ། །
         གསུམ། རིམས་ནད་ཀྱི་འཇུག་སྒོ་ལས་ནད་དེའི་འགོ་སླ་བ་དང་འགོས་ཁྱབ་མགྱོགས་པའི་རང་བཞིན་མཚོན་པ། གཉན་རིམས་ནག་པོ་སུམ་བསྒྲིལ་ལྟ་བུར་མཚོན་ན། དེའུ་དམར་དགེ་བཤེས་མཆོག་གིས། “ཧ་ལ་ཅོག་འགྱེལ་ཞེས་བྱ་བ། །ཤིན་ཏུ་མ་རུང་འཇིགས་པའི་ནད། །སྲིན་བུའི་གཟུགས་ཅན་མཁའ་ལ་འགྲིམས། །སྟོང་པའི་གཟུགས་ཅན་རླུང་ལ་ཞོན། །དྲི་མས་ཞོན་ནས་སྣ་སྒོར་འཇུག །གྲགས་པའི་སྣང་བས་རྣ་བར་འཇུག །མཐོང་སྣང་འཁྲུལ་སྟབས་མིག་རྩར་འཇུག །ཟས་རོར་འཁྲིལ་ནས་ལྕེ་རྩར་འཇུག །རེག་པར་འཁྲིལ་ནས་བ་སྤུར་འཇུག །གྲིབ་གདོན་ལ་བརྟེན་བུ་ག་དགུར། །ལན་ཆགས་ལ་བརྟེན་སྲིན་མཛུབ་རྩ། །དེ་སོགས་མ་ངེས་རྩར་ཞུགས་ནས། །ཁོང་པར་ཚུད་ནས་ལྡང་བས་གསོད། །ཁ་འཛུབ་ལྟག་དགྱེ་སོ་བརྩེགས་ནས། །ན་ལོང་མེད་པར་སྲོག་དང་ཕྲལ། །ཡང་ན་ཞག་ལྔ་ཞག་དྲུག་དང་། །ཞག་བདུན་ལས་མི་འདའ་བར་བཀུམ། །དེ་ནས་མཁྲིས་ནད་གཉན་གྱི་རིགས། །རླུང་གི་རྟར་ཞོན་སྲོག་རྩར་རྒྱུ། །ཚད་པའི་དབལ་ལྡན་དོན་སྣོད་འཇོམས། །དོན་སྣོད་ཀླད་མཁྲིས་གཉན་ཉྭར་འབབ། །དེ་ཕྱིར་ནག་པོ་སུམ་བསྒྲིལ་ཟེར། །སྲིན་གྱི་སྣ་ཁྲིད་ཀུན་ཏུ་རྒྱུག །དེ་ཕྱིར་པར་པ་ཏ་ཞེས་ཟེར། །”⑩ཞེས་ལུས་ཀྱི་ཕུང་ཁམས་ལས་ཕྱིའི་བུ་གའི་སྒོ་མིག་གཉིས་དང༌། རྣ་བའི་བུ་ག་གཉིས། སྣ་ཡི་བུ་ག་གཉིས། ཁ། བཤང་ལམ་གྱི་སྒོ། གཅིན་ལམ་གྱི་སྒོ་བཅས་དགུ་དང་། དེ་བཞིན་བ་སྤུའི་བུ་ག་ནས་ཀྱང་ནད་དེ་རིགས་འཇུག་པར་གསུངས་པས་དེའི་འགོ་སླ་བ་དང་འགོས་ཁྱབ་མགྱོགས་པའི་རང་བཞིན་མཚོན་ནོ། །
         བཞི། རིམས་ནད་ཀྱི་གཉེན་པོའི་གོ་རིམ་ངེས་པ་ཅན་ལས་གསོ་བཅོས་ཀྱི་རྩ་དོན་བསྟན་པ། སྤྱིར་ན་བོད་ཀྱི་གསོ་བ་རིག་པའི་ནད་གསོ་བར་བྱེད་པའི་གཉེན་པོར་ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་བཞི་བསྟན་ཡོད་པ་ལས་ནད་མང་ཆེ་བར་གཉེན་པོ་བསྟེན་པའི་གོ་རིམ་ཡང་དེ་ལྟར་ངེས་པ་སྟེ། དཔེར་ན་རླུང་དང་བད་ཀན། དེ་བཞིན་འདུས་པའི་ནད་སོགས་ལ་ཐོག་མར་ཟས་ཀྱིས་བཅོས་པ་དང་དེ་ནས་སྤྱོད་ལམ། དེ་ནས་སྨན་དང་དཔྱད་བཅས་རིམ་པ་བཞིན་དུ་བཅོས་པ་ཡིན་མོད། འོན་ཀྱང་རིམས་ནད་སྨན་བཅོས་ཀྱི་གོ་རིམ་ནི་ཐོག་མར་སྨན་དང་དེ་ནས་དཔྱད། དེ་རྗེས་རིམ་པས་ཟས་དང་སྤྱོད་ལམ་གྱི་གཉེན་པོ་བསྟེན་དགོས་པ་བསྟན་ཡོད།དེ་ལྟར་ངེས་པའི་རྒྱུ་མཚན་ཡང་། རིམས་ནད་ནི་འགོ་སླ་བ་དང་། འཕེལ་སྐྱེན་པ། གསོ་དཀའ་བ། མྱུར་དུ་སྲོག་འཕྲོག་པ་སོགས་ཀྱི་རང་བཞིན་ཅན་ཡིན་པས་གལ་ཏེ་ནད་གཞན་གྱི་བཅོས་ཐབས་ཀྱི་གོ་རིམ་དང་མཚུངས་པར་བྱས་ན་གཉན་རིམས་ཀྱིས་བཅོས་པའི་ལོང་མེད་པར་གསོ་བྱ་ལྔ་ལམ་དུ་འདྲེན་པར་བྱེད་པས་ན། རིམས་ནད་སྨན་བཅོས་ཀྱི་གོ་རིམ་ལ་སྐབས་བསྟུན་གྱི་འགྱུར་ལྡོག་བཏང་སྟེ་ཐོག་མར་གཉེན་པོ་ནུས་ལྡན་སྨན་དང་དེ་ནས་དཔྱད། ཐ་མར་ཟས་དང་སྤྱོད་ལམ་བསྟེན་པ་ནི་གཉན་རིམས་གསོ་བཅོས་ཀྱི་ཚད་ལྡན་གོ་རིམ་ཡིན་ལ་རྩ་དོན་ཡིན་ཞིང་ནད་ཐོག་དངོས་ཀྱི་ཉམས་མྱོང་ཡང་ཡིན་ནོ། །
         ལྔ། རང་གཞན་སྲུང་བའི་ལྟ་བ་ལས་རིམས་ནད་འགོག་བཅོས་ཀྱི་ཆུ་ཚད་མཚོན་པ། བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན། རིམས་ནད་བཅོས་པ་ལ་སྨན་པ་དང་ནད་སྐྱོང་པ། དེ་བཞིན་རིམ་གྲོ་བ་སོགས་ནད་པ་དང་འབྲེལ་འདྲིས་ཆེ་བའི་མི་སྣ་ཚང་མས་རང་སྲུང་གི་འདུ་ཤེས་མེད་པར་རིམས་ནད་ཀྱིས་མནར་བའི་ནད་པར་བག་ཚ་མེད་པར་སྨན་བཅོས་དང་ནད་གཡོག་གི་བྱ་བར་ཞུགས་ན་རང་ཉིད་ཀྱང་རིམས་ནད་ཀྱི་དབང་དུ་འགྲོ་བས། མི་གཞན་ལ་རིམས་བཅོས་བྱེད་ན་ཐོག་མར་རང་ཉིད་སྲུང་སྐྱོབ་བྱེད་དགོས་པ་རྣམ་པ་ཀུན་ཏུ་ཡིད་ལ་འཛིན་དགོས་པ་བསྟན་ཡོད། དེ་ལ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས། “སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། །དམག་གདོང་གཅེར་བུར་རལ་ཁ་འབྱེད་དང་མཚུངས། །”⑾ཞེས་དང་། 《མན་ངག་བྱེ་བ་རེང་བསྲེལ་》ལས། “འདི་ནི་མ་མོའི་རིམས་ནད་ཆེན་མོ་སྟེ། །སྨན་པ་ནད་གཡོག་གང་ཉེའི་འཁོར་ལ་འཕྲོ། །སྲུང་བ་མེད་ན་མེ་ལྕེར་སྦྲང་མ་འདྲ། །དེའི་ཕྱིར་རང་གཞན་སྲུང་བ་གུད་དུ་བསྟན། །”⑿ཞེས་དང་། 《དཔལ་ལྡན་རྒྱུད་བཞི་》ལས། “ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང་། །འགྲངས་ངོམས་སྲུང་བས་དཔའ་བསྐྱེད་དེ་དུས་བལྟ། །”⒀ཞེས་དང་། ཡང་། 《སྨན་དཔྱད་ཟླ་བའི་རྒྱལ་པོ་》ལས། “དང་པོ་རང་གཞན་གཉིས་ཀ་ལ། །སྒོ་བཞི་བསྲུང་བར་བྱ་བའོ། །”⒁ཞེས་དང་། འབྲི་གུང་ཆོས་གྲགས་མཆོག་གིས། “སྨན་པ་ནད་གཡོག་རིམ་གྲོ་པས། །བསྲུང་བ་དག་ལ་འབད་པར་བྱ། །”⒂ཞེས་དང་། ཡང་།“ནད་ཀྱི་དོགས་པ་ཆེ་བའི་སར་འགྲོ་བའམ། མི་དང་གཏམ་ལབ་པ་སོགས་ཀྱི་ཚེ་རྫས་དུད་བཏང་།”⒃ཞེས་པ་སོགས་ནད་ཐོག་དངོས་ཀྱི་ཉམས་མྱོང་ལས་ནད་པ་དང་གང་དེར་ཉེ་ཞིང་འབྲེལ་འདྲིས་ཆེ་བའི་མིས་ཐོག་མར་རང་ཉིད་སྲུང་བའི་གལ་ཆེའི་རང་བཞིན་གྱི་ལྟ་བ་དེ་དོན་ལ་གནས་མིན་ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་ཐོག་མའི་དུས་སུ་སྲུང་བ་མེད་པའི་སྨན་དོན་མི་སྣ་དང་། དེ་བཞིན་དུ་དེ་དང་འབྲེལ་འདྲིས་ཆེ་བའི་མི་མང་པོར་རིམས་ནད་གདུག་པ་ཅན་དེས་ཟིན་པ་དོན་དངོས་ཀྱིས་ར་སྤྲོད་བྱས་པ་ཀུན་གྱི་མཐོང་ཆོས་སུ་གྱུར་པས།བོད་ཀྱི་གསོ་བ་རིག་པའི་རང་སྲུང་གི་ལྟ་བ་དེས་ལོ་ངོ་སྟོང་ཕྲག་གི་རྗེས་ཀྱི་དེང་གི་དུས་སུའང་ནད་ཐོག་དངོས་ལ་ལམ་སྟོན་ཐུབ་པ་ཡིན་ནོ། །བོད་ཀྱི་གསོ་བ་རིག་པའི་གཞུང་ལས་རང་སྲུང་གི་ཐབས་ཤེས་གང་བསྟན་ཡོད་པ་དང་དེ་ལ་ནུས་པ་ཇི་འདྲ་ཡོད་དམ་ཞེ་ན། དེ་ཡང་གཡུ་ཐོག་ཡོན་ཏན་མགོན་པོས།“བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང༌། །གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། །ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག །དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང༌། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །”⒄ཞེས་དང་།《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་ཨུ་པ་དེ་ཤ་》ལས། “དུད་འགྲོ་ཡུལ་འཁོར་སྲུང་བ་ལ༔ རྫས་སྣ་ཉི་ཤུ་རྩ་བདུན་གྱི༔ དུད་པས་ཁང་ཁྱིམ་བདུག་ཅིང་སྔགས་ཆུ་གདབ༔ འཁོར་ལོ་ཕྱོགས་བཞིར་རྒྱལ་མཚན་རྩེ་ལ་འཕྱར༔སྔགས་དང་ཉུང་གིས་བྲབས་པར་བྱ༔དེས་ནི་ཐུབ་པར་ཐེ་ཚོམ་མེད༔ ཕྱི་རྗེས་གཅོད་ལའང་དེ་བཞིན་ནོ༔”⒅ཞེས་དང་། དེའུ་དམར་དགེ་བཤེས་མཆོག་གིས།“སྲུང་བ་ཉི་མའི་འོད་ཟེར་ནི། །གདོན་བགེགས་སྤྲིན་ལྟར་གཏིབ་པ་དང་། །ནད་ངན་ཆུ་ལྟར་བྲུབ་གྱུར་ཀྱང་། །ཉི་མས་གྲུབ་མ་དེད་དང་མཚུངས། །དེ་ལ་རྒྱལ་པོ་བཟང་པོ་དྲུག །བློན་པོ་ཤུ་དག་ཐར་ནུ་ཡིན། །འབངས་ནི་ག་པུར་གུ་གུལ་ནག །གླ་བ་ར་དུག་བོང་ང་ནག །སྤྲུ་ནག་ཏང་ཀུན་སྤྱང་བྲུན་དང་། །ཤིང་ཀུན་དགུ་ཡིན་དེ་དག་རྣམས། །ཡུངས་དཀར་རྒྱལ་པོས་ངར་གླུད་ལ། །ཡུང་བ་སེར་པོས་ཁ་དོག་བསྒྱུར། །ཤི་སྐྲ་ཤི་སེན་ཤ་ཆེན་གྱིས། །རྣོ་ཕྱུང་གཉན་སྔགས་བརྒྱ་སྟོང་གིས། །བྱིན་རླབས་ཕྱེ་མ་རས་ཁུག་ཏུ། །བྱིའུ་སྒོང་ཕྱེད་རེ་བཏུམས་བྱས་ལ། །གོང་བར་བཏགས་ཏེ་ནངས་སྔ་ལ། །ལྟོ་སྟོང་དྲི་མ་མ་ཚོར་གོང་། །དྲི་མར་བསྣོམ་བྱ་ཡང་ན་ཕུལ། །མི་གྲོལ་ཡང་ན་གསོའམ་བརྗེ། །ནག་པོ་ཚལ་པ་ཤཀྟི་རྦད། །སྲུང་བ་འདི་དང་མ་བྲལ་ན། །འགོ་བའི་ནད་ཀྱིས་ག་ལ་ཚུགས། །འདི་འདྲའི་རང་སྲུང་མེད་པ་ན། །བྱེ་ལེབ་མེ་ལ་མཆོངས་དང་འདྲ། །གཅེར་བུས་དམག་ངོ་ཇི་ལྟར་ཟློག །དེས་ན་རྡོ་རྗེའི་ཁྲབ་འདི་གྱོན། །རྐང་རྗེན་ཚེར་ཁྲོད་གང་ལྟར་འགྲིམ། །དེས་ན་ལྕགས་ཀྱི་ལྷམ་འདི་གྱོན། །སྒྲེན་མོར་དོ་ཁ་ཇི་ལྟར་བཀྱེ། །དེས་ན་སྣ་ཐག་ཕུབ་འདི་ཟུངས། །”⒆ཞེས་དང་།ཡང་། ཁམས་གཙང་འབྲུག་རྒྱལ་མཆོག་གིས། “བརྒྱུད་ལྡན་མཁས་པའི་ཞལ་ནས་སྙན་དུ་བརྒྱུད། །སྨིན་གྲོལ་གདམ་པའི་བསྙེན་སྒྲུབ་ཚད་དུ་འཁྱོལ། །རྫས་སྔགས་ཏིང་འཛིན་(རབ་གནས)ལྡན་ན་བསྲུང་བས་ཐུབ། །སྒྲུབ་པའི་དྲོད་ཚད་རྙེད་ན་སྔགས་ཀྱིས་འཇོམས། །མཐོང་བརྒྱུད་ལག་ལེན་མ་ནོར་རྫས་ཀྱིས་འགོག །”⒇ཅེས་དང་། ཡང་ཁོང་གིས། “རྫས་སྔགས་བསྲུང་བ་ཅན་ལ་འདི་མི་ལྡང་། །”﹙21﹚ཞེས་པ་སོགས་སྲུང་བ་འདོགས་དགོས་པའི་ལྟ་བ་དང་དེའི་དངོས་ཐོན་གྱི་ནུས་པས་ནད་པ་དང་འབྲེལ་འདྲིས་ཆེ་བའི་མི་རྣམས་རིམས་ནད་འགོ་བའི་ཉེན་ལས་བསྲུང་ནུས་པར་བསྟན་ཏོ། །གཞན་ཡང་ཁོང་སྨན་བསྟེན་ནས་འགོག་སྲུང་བྱེད་པའི་སྐོར་ཡང་མང་དུ་ཡོད་ཀྱང་སྐབས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་ཞུས་སོ། །
         གོང་ཞུས་ཀྱི་སྨན་དོན་མི་སྣའི་རང་སྲུང་ཕུད་དེ་བཞིན་རིམས་ནད་ཀྱིས་བཏབ་པའི་གསོ་བྱས་ཀྱང་ནད་དེ་གཞན་ལ་མི་འགོ་བའི་ཆེད་རང་རང་སོ་སོས་ཚད་ལྡན་གྱི་སྤྱོད་པ་ལམ་དུ་འཁྱེར་དགོས་པ་བསྟན་པ་ལ། 《མན་ངག་ལྷན་ཐབས་》ལས།“དམ་ཉམས་ཡུགས་ས་འདྲེ་ཅན་འགྲུལ་ལ་འཛེམ། །…… ཀ་ཅ་ཁྱེར་ལེན་རོལ་མོའི་སྒྲ་སྐད་སྤང་། །ཚོགས་གསོག་འཆི་བསླུ་ལ་སོགས་རིམ་གྲོ་འབད། །”﹙22﹚ཅེས་དང་། ཡང་དེ་ལས།“སྤྱོད་ལམ་གོས་དྲོ་དབེན་པའི་གནས་སུ་འདུག །མེ་དང་ཉི་མ་བསེར་བུ་ཉིན་མོའི་གཉིད། །གདོན་ཆེན་མི་སོགས་འགྲུལ་སྣ་རིང་དུ་སྤང་། །”﹙23﹚ཞེས་དང་། 《མན་ངག་བྱེ་བ་རིང་བསྲེལ་》ལས། “དམ་ཚིག་ཡུགས་ས་འདྲེ་ཅན་དམ་ཉམས་སོགས། །འགྲུལ་གསར་འཛེམ་ཞིང་ཀ་ཆ་ཁྱེར་ལེན་སྤང་། །” ﹙24﹚ཞེས་པ་སོགས་མི་གཞན་དང་འབྲེལ་གཏུག་མི་བྱེད་པ་དང་། རིམས་ནད་ཁུལ་ནས་ཅ་དངོས་ཕྱིར་གཏོང་བའམ་ཕྱི་ནས་ནད་ཁུལ་དུ་གཏོང་བ་སོགས་ཀྱི་འབྲེལ་བ་སྤངས་ཤིང་འགྲུལ་མི་བྱེད་པ་བཅས་པའི་དམ་བཅའ་དེ་དག་བརྟན་པར་གནས་དགོས་པའི་ལྟ་བ་དེས་ཀྱང་དེང་དུས་ཀྱི་ནད་ཐོག་དངོས་ལ་ལམ་སྟོན་འཁྲུལ་མེད་བྱེད་ནུས་སོ། །
གཉིས་པ། བོད་ཀྱི་གསོ་བ་རིག་པས་རིམས་ནད་བཅོས་པའི་ལོ་རྒྱུས་མདོར་བསྡུས།
         གངས་ཅན་ལྗོངས་འདིར་ལོ་རྒྱུས་ཀྱི་དུས་རིམ་སོ་སོར་རིམས་ནད་གང་བྱུང་བ་དང་དེ་ལ་བཅོས་ཐབས་གང་བྱས་པ། ཕྱིས་སུ་རིམས་འགོག་ཤེས་བྱ་འཕེལ་རྒྱས་ཇི་ལྟར་སོང་བ།རིམས་འགོག་ཐད་ཀྱི་ཤེས་བྱ་ལག་བླངས་མ་བརྒྱུད་བསྒྲགས་ཀྱིས་སྔོན་འགོག་ཇི་ལྟར་བྱས་པ་སོགས་ཀྱི་ནང་དོན་ཐད་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བར་བཀོད་པ་ཉུང་ཡང་། བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དུ་མར་གཉན་རིམས་གསོ་བའི་ནང་དོན་ཚད་དང་ལྡན་པ་དུ་མ་འཁོད་ཡོད་པ་ལས་འདས་པའི་དུས་སུ་གཉན་རིམས་སྣ་ཚོགས་འགོག་བཅོས་བྱས་ཡོད་པ་གསལ་བཤད་བྱེད་ཐུབ་ལ། ལྷག་པར་དུ་《དཔལ་ལྡན་རྒྱུད་བཞི་》ཡི་རིམས་ནད་གསོ་བའི་སྐབས་སུ་རིམས་ནད་ཀྱི་རྒྱུ་རྐྱེན་དང་། དབྱེ་བ། རྟགས། བཅོས་ཐབས། རྗེས་གཅོད་དང་བཅས་པའི་མ་ལག་ཆ་ཚང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་གྱི་ནང་དོན་ལས་དེ་བས་ཀྱང་གསལ་ཁ་གཏོད་ཐུབ། ད་ལྟ་ལག་ཏུ་འབྱོར་རོ་ཅོག་གི་དཔྱད་གཞིའི་ཡིག་ཆ་ཁག་ལས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཐོག་ཡུལ་ལུང་གང་དུ་རིམས་ནད་གང་ཞིག་བྱུང་བ་དང་རིམས་ནད་དེ་དག་འགོག་བཅོས་ཀྱི་ཐད་གྲུབ་འབྲས་ཅི་ཞིག་ཐོབ་པའི་གནས་ཚུལ་སོགས་གསལ་བར་བཀོད་པ་སྔ་ཤོས་ནི་《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་ཨུ་པ་དེ་ཤ་》ཡིན་པར་སྣང་། གུ་གེ་ཆིག་དྲིལ་གཏེར་ལས་མ་བཞེས་གོང་གི་འདས་པའི་དུས་གང་རུང་ཞིག་ལ་ས་ཆ་དེ་གར་རིམས་ནད་དེ་འདྲ་བྱུང་མྱོང་བ་རྗེས་སུ་དཔག་ནུས་ཏེ། དཔེ་ཚན་དེའི་ནང་དུ་རིམས་ནད་དེ་ས་ཆ་གང་དུ་ཇི་ལྟར་བྱུང་བ་དང་རིགས་གང་ཡིན་པ། སྨན་དང་། སྔགས། སྲུང་འཁོར་སོགས་བཅོས་ཐབས་གང་ཞིག་སྤྱད་པ་སོགས་གསལ་པོར་བསྟན་ཡོད་ལ། ལྷག་པར་དུ་དེ་ལས་བསྟན་པའི་བཅོས་ཐབས་དེ་དག་བརྒྱུད། མཐར་རིམས་ནད་དེ་དག་ལས་ཡོངས་སུ་ཐར་བའི་སྐོར་འཁོད་ཡོད་པས་བཅོས་ཐབས་དེ་དག་ནི་ནད་ཐོག་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་པའི་མན་ངག་ནུས་ལྡན་དག་ཡིན་པ་མཚོན་ཡོད། མ་ཟད་བོད་ལུགས་གསོ་རིག་ལ་རིམས་ནད་འགོག་བཅོས་ཀྱི་ནུས་པ་ཡོད་མེད་དེ་ནི་ལོ་རྒྱུས་ཀྱི་དུས་རིམ་སོ་སོར་རིམས་ནད་སྨན་བཅོས་ཐད་ཐོབ་པའི་ནད་ཐོག་ཉམས་མྱོང་གི་ཕྱོགས་བསྡོམས་ལས་གསལ་བར་ཤེས་ཐུབ་པས་གཤམ་དུ་རེ་རེ་བཞིན་ཞུ་བར་བྱ་སྟེ།
         དེ་ཡང་བོད་ལུགས་གསོ་བ་རིག་པས་རྒྱལ་ཁབ་ཕྱི་ནང་དུ་རིམས་ནད་སྨན་བཅོས་བྱས་པའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པའི་ནང་དོན་ལ་ཕྱོགས་བསྡོམས་བྱེད་སྐབས་མ་མཐར་ཡང་རིམས་ནད་འགོག་བཅོས་ཐེངས་བཅུ་ཕྲག་ཙམ་ལས་རྒྱལ་མྱོང་བ་སྟེ།
         གཅིག རབ་བྱུང་བཞི་པའི་(དུས་རབས་བཅུ་གསུམ་པ)ནང་མངའ་རིས་ཀྱི་གུ་གེར་བྱུང་བའི་རིམས་ནད་ལ་སྨན་བཅོས་བྱས་ཚུལ་ཏེ།﹙25﹚ 《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་ཨུ་པ་དེ་ཤ་》ལས།“གུ་གེ་འདམ་གྲོགས་མཁར་དུ་བྱིས་པ་ཚན་གཅིག་གིས་བྱེ་མའི་སྤོ་ཆེན་པོ་གཅིག་བརྐོས་པས། རྡོའི་གའུ་ཁ་སྦྱོར་གཅིག་བྱུང་། ཡ་ཁེབས་ལྕགས་ཀྱི་ལུང་དང་བཅས་པ་གཅིག་འདུག་པས། བྱིས་པ་དབང་ཆེ་ཤོས་དེ་ན་རེ། འདི་ནོར་གྱི་གཏེར་ཡིན་ཟེར་ནས་ཡ་ཁེབས་ཀྱི་ལུང་ནས་བཏེགས་པ་དང་།སེམས་ཅན་མི་གཅིག་པ་གའུ་གང་བྱུང་ནས། ཡ་ཁེབས་ཁྱེར་མཁན་གྱི་བྱིས་པ་དེ་མ་ཤི། དེ་མིན་གྱི་བྱིས་པ་ཚོ་ནི་ཤི། བྱིས་པ་གཅིག་པུ་དེས་ཡ་ཁེབས་ཁྱེར་ནས་ཁང་པར་བྲོས་པས་ཕ་ན་རེ། ཁྱོད་ཅི་ཉེས། རྡོ་ལེབ་འདིས་ཅི་བྱེད། ཟླ་བོ་བྱིས་པ་ཚོ་གར་སོང་བྱས་པས་བྱིས་པ་ན་རེ། ངེད་བྱིས་པ་རྣམས་ཀྱིས་བྱེ་མའི་སྤོ་གཅིག་བརྐོས་པས། རྡོའི་ཁ་གཅོད་འདིའི་འོག་ནས་སེམས་ཅན་མི་གཅིག་པ་གའུ་གང་བྱུང་ནས་ང་མིན་པ་གཞན་པ་ཚོ་ཤི། ངས་འདི་ཁྱེར་ནས་བྲོས་པས་ང་ལ་མ་བྱུང་། ཡ་ཁེབས་ཀྱི་རྡོ་འདི་ལ་ཡི་གེ་དང་གཟུགས་བརྙན་མང་པོ་འདུག་གི་ལྟོས་དང་བྱས་པས་ཕ་དེས་རྡོ་ལ་བལྟས་པས། འཁོར་ལོ་དང་། གཟུགས་བརྙན་དང་། སྔགས་མང་པོ་བྲིས་འདུག ཕན་ཡོན་ཡང་འདུག དེའི་ཚེ་ལུང་པ་ཐམས་ཅད་གཉན་ནད་མི་གཅིག་པ་མང་པོས་ཁེངས། མི་ཕྱུགས་མང་པོ་ཤི། དེར་བྱིས་པ་ཤི་བའི་ཕ་མ་ཚོས་བུ་ཚ་མ་ཤི་བའི་ཕ་མ་གཉིས་ལ་ཇི་ལྟར་དྲག་ཞུས། ངེད་ལ་ཕན་པའི་ཐབས་ཁྱད་པར་ཅན་ཡོད་ཀྱིས་ཟེར་ནས། འཁོར་ལོ་དང་། གཟུགས་བརྙན་དང་སྔགས་རྣམས་བསྟན། ཡི་གེ་གསེར་རམ་རྒྱ་སྣག་གིས་བྲིས་ནས་སྐྱེས་པ་ལ་གུར་གུམ་དང་། བུད་མེད་ལ་གི་ཝཾ་འོག་ནས་བྱུང་བའི་རྫས་རྣམས་བཏགས་སོ། །དེ་ལྟར་བྱས་པས་ནད་རྣམས་ཆུ་བཅད་པ་བཞིན་དུ་སོང་ངོ་། །”﹙26﹚ཞེས་སུ་གསལ་མོད། འོན་ཀྱང་ད་ལྟའི་ཆར་སྐབས་དེ་དུས་རིམས་ནད་གང་དང་གང་གིས་ཐེབས་ཚུལ་གྱི་སྐོར་ནས་དཔྱད་རྩོམ་ཁག་ཏུ་བཀོད་པ་ཤིན་ཏུ་ཉུང་བས་དེ་སྐོར་ནས་ཤེས་མཁན་ཅུང་དཀོན་པར་བརྟེན་སྐབས་འདིར་ཕྲན་ཙམ་ཞུ་བའི་དགོས་པ་མཆིས་སྙམ་པ་ལ། དེ་ཡང་རྒྱུན་པར་གུ་གེ་ཆིག་དྲིལ་ཞེས་པ་ནི་བཅོས་ཐབས་དེའི་མཚན་ཏེ། མཚན་གཞན་ལ་འགོ་ནད་སྲུང་བ་གཅུན་འཁོར་ནག་པོ་ཞེས་ཀྱང་བྱ། “བཅུད་འཁོར་ནི་ཕྱི་ནང་བྲམ་ཟེ་དྲང་སྲོང་སྔགས་རྒོད་ཐམས་ཅད་ཀྱི་བཅུད་བསྡུས་པའི་དོན་དང་། ཆིག་དྲིལ་ཞེས་པའང་རྒྱུ་མཚན་དེ་ལྟ་བུའི་སྒོ་ནས་བཏགས། གུ་གེ་ནི་གཏེར་སྟོན་བྱོན་པའི་ཡུལ་གྱི་མིང་ཡིན།”﹙27﹚སྐབས་དེ་དུས་ཐོན་པའི་གཉན་རིམས་ནི་གུ་གེ་ཆིག་དྲིལ་གྱི་མཚན་བྱང་དུ་འཁོད་པ་བཞིན་གཉན་གག་ལྷོག་གཟེར་གསུམ་དང་། དེ་བཞིན་གཞུང་དོན་དངོས་སུ་གསལ་བའི་རྒྱུ་གཟེར་དང་གཟེར་ཐུང་ལ་སོགས་པ་ཡིན་ནོ། །
         སྐབས་དེར་གཉན་ནད་དེ་དག་ལ་སྔགས་དང་། འཁོར་ལོ། སྨན་རྫས་སོགས་བཅོས་ཐབས་སྣ་ཚོགས་ཤིག་སྤྱད་ཡོད་པའི་ནང་ནས་སྐབས་སུ་བབས་པའི་དོན་སྨན་རྫས་ལ་ཁོང་དུ་བསྟེན་པ་དང་སྲུང་བ་འདོགས་པ་གཉིས་ཡོད་པ་སྟེ། 《གུ་གེ་ཆིག་དྲིལ་ཨུ་པ་དེ་ཤ་》ལས། “རྫས་ཀྱི་རིམ་པ་ནི༔  བཟང་པོ་དྲུག༔  ག་བུར༔  གླ་རྩི༔  གི་ཝཾ༔  གུ་གུལ་གྱིས་ཁུ་བས་སྦྱར་བའི་རིལ་བུ་བྱས་ལ་ཁོང་དུ་གཏོང༔”﹙28﹚ཞེས་སྨན་སྣ་བཅུ་གཅིག་གི་སྦྱོར་བ་ཅན་གྱི་ཁོང་སྨན་གཅིག་དང་། ཡང་དེ་ལས།“སྲུང་བ་འཁོར་ལོ་འཁོར་ལོ་མགུལ་དུ་གདགས༔  དེ་ལ་བཙན་དུག༔  ཤིང་ཀུན༔  གླ་རྩི༔  ཤུ་དག༔  མུ་ཟི༔  བ་བླ༔  གུ་གུལ༔  ལྡོང་རོས༔  ཤ་ཆེན༔  སྒྲ་མོ༔  པུ་ཤུད༔  སྲམ༔  སོ་བྱ༔  ཏེ་ལོ༔  སྦལ་པ༔  ལྕོང་མོ་དེ་ཚོའི་ཤ༔  རྟ་བོན༔  བྲག་སྤོས༔གཉན་ཐུབ༔  ཡུང་བ༔  ར་དུག༔  ཐར་ནུ༔  རེ་ལྕགས༔  དཀར་པོ་ཆིག་ཐུབ༔  སྤྱང་བྲུན༔  ག་བུར་དེ་རྣམས་སྲུང་བ་ལ་བྱུག་ལ་མགུལ་དུ་གདགས་སོ༔” ﹙29﹚ཞེས་སྨན་སྣ་ཉི་ཤུ་རྩ་བདུན་གྱི་སྦྱོར་བ་ཅན་གྱི་མགུལ་དུ་འདོགས་པའི་སྨན་སྦྱོར་ཞིག་བསྟན་ཡོད། དེ་ལྟར་གོང་དུ་བསྟན་པའི་བཅོས་ཐབས་ཀྱིས་སྐབས་དེར་རིམས་ནད་དེ་དག་ཆུ་བཅད་པ་བཞིན་དུ་སོང་ངོ་ཞེས་《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་ཨུ་པ་དེ་ཤ་》ལས་གསལ་པོར་བསྟན་ཏོ། །
         གཉིས། སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་ས་སྐྱ་དང་ལྷ་སར་གཉན་རིམས་ཀྱི་འཇིགས་པ་བྱུང་བ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རིལ་དམར་སྦྱོར་བཟོ་གནང་བས་གཉན་རིམས་ལས་རྣལ་པར་རྒྱལ།﹙30﹚
         གསུམ། ས་ཁྱི་(སྤྱི་ལོ་1538)ལོར་བོད་ཀྱི་སྟོད་ཕྱོགས་ཤབ་ཕྱོགས་ཞེས་པའི་ཡུལ་དུ་ནད་ཡམས་ཆེན་པོ་ཞིག་བྱུང་བ་དང་།སྐབས་དེར་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་མཆོག་གིས་སྨན་སེར་ཆེ་ཆུང་དང་། རིལ་དམར་སོགས་ཕྱག་ལེན་མཛད་པས་ནད་པ་དུ་མ་འཆི་ཁ་ནས་བསྐྱབས་ཏེ་འགྲོ་དོན་རྒྱ་ཆེར་མཛད།﹙31﹚
         བཞི། བོད་ལྕགས་སྤྲེལ་(སྤྱི་ལོ་1560)ལོར་གཙང་ཕྱོགས་སྲད་རོང་གཞུང་པ་ཁུལ་དུ་གྲུམ་རིམས་སྟོབས་ཆེ་བ་ཞིག་བྱུང་བར་མཁས་དབང་ཚ་རོང་དཔལ་ལྡན་རྒྱལ་མཚན་མཆོག་ནས་འགོག་བཅོས་ཟབ་མོ་གནང་སྟབས། གྲུམ་རིམས་སོགས་ལས་རྒྱལ། མཚན་ལའང་གྲུམ་བུ་གདོང་ལྡོག་པ་ཞེས་གྲགས་པའི་མཚན་སྙན་ཁྱབ།﹙32﹚
         ལྔ། ས་འབྲུག་ (སྤྱི་ལོ་1568) ལོར་བོད་ཀྱི་ས་ཕྱོགས་ཀུན་དང་ཁྱད་པར་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་མོའི་ཉེ་འདབས་ཤབ་ལུང་ཞེས་པའི་ཁུལ་དུ་འབྲུམ་ནད་དང་། སིབ་བི་ཉིས་བརྩེགས་ཀྱིས་ཤི་བའི་མི་རོས་ལམ་ལ་མི་ཐར་བ་ལྟ་བུ་བྱུང་བར་གྲགས། སྐབས་དེར་ཚ་རོང་དཔལ་ལྡན་རྒྱལ་མཚན་མཆོག་ནས་འབྲུམ་བུ་དང་སིབ་བི་སོགས་ནད་ཡམས་འགོག་བཅོས་གནང་སྟེ་ནད་ལས་ཐར་བའི་ནད་པ་བརྒྱ་ཕྲག་བཅུ་གསུམ་ཙམ་བྱུང་བ་དང་། ལག་ལེན་གྱི་མྱོང་བྱང་《འབྲུམ་ནག་བཅོས་ཐབས་ཀྱི་ཡིག་ཆུང་》ཞེས་པའང་མཛད།﹙33﹚
         དྲུག དུས་རབས་བཅུ་དགུའི་མཇུག་དང་ཉི་ཤུའི་འགོར་མཚོ་སྔོན་མགོ་ལོག་དང་། རྨ་ལྷོ། མཚོ་ལྷོ་ཁུལ་སོགས་སུ་གཉན་རིམས་གདུག་པ་མཆེད་ཅིང་དར་བ་ལ་ཁམས་གཙང་འབྲུག་རྒྱལ་མཆོག་ནས་བོད་སྨན་མ་ནུ་བཞི་ཐང་དང་། སྤང་རྩི་བཅུ་གཉིས་ལ་སོགས་ཀྱིས་གཉན་རིམས་སྔོན་འགོག་དང་གསོ་བཅོས་གཉིས་ཀ་མཛད་པས་འགྲོ་དོན་རྒྱ་ཆེར་བྱུང་ངོ་། །﹙34﹚མ་ཟད་ཁོང་གིས་《གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ་》ཡི་ནང་དུ་ནད་ཐོག་དངོས་ཀྱི་ཉམས་མྱོང་འཁྲུལ་མེད་དང་གཉན་རིམས་གསོ་བའི་རིན་བྲལ་གྱི་གདམས་པ་ལག་བླངས་མ་མང་པོ་ཞིག་ཕྱི་རབས་པར་གསལ་སྟོན་མཛད་ཡོད།
         བདུན། 1965ལོར་﹙35﹚བོད་ལྗོངས་སྙེ་མོ་ཁུལ་དུ་ནད་ཡམས་ཁྱབ་གདལ་ཆེན་པོ་ཞིག་བྱུང་བར་གོང་རིམ་ནས་སྨན་བཅོས་རུ་ཁག་ཅིག་སྒྲིག་བཙུགས་གནང་བར་དེའི་སྣེ་འཁྲིད་མཁན་དུ་བོད་ལྗོངས་སྨན་རྩིས་ཁང་གི་རྒན་མི་ཕམ་ཡེ་ཤེས་གཏོང་གནང་མཛད། འོན་ཀྱང་ལག་ཏུ་འབྱོར་རོ་ཅོག་གི་དཔྱད་གཞིའི་ཡིག་ཆ་ཁག་དང་ཉེ་བའི་ཆར་རིམས་ནད་སྐོར་གྱི་དཔྱད་རྩོམ་ཁག་ཏུ་སྐབས་དེར་སྙེ་མོ་ཁུལ་དུ་རིམས་ནད་བྱུང་བའི་སྐོར་ཙམ་ལས་ཡང་སྙིང་རིམས་ནད་གང་ཡིན་པ་དང་སྨན་བཅོས་རུ་ཁག་ནང་དུ་ཁོངས་མི་སུ་དང་སུ་ཡོད་པ། སྨན་བཅོས་རུ་ཁག་དེ་ནི་བོད་ཕྱི་ཟུང་འབྲེལ་ཡིན་ནམ་ཡང་ན་བོད་ལུགས་གསོ་རིག་རྐྱང་པའི་སྨན་བཅོས་རུ་ཁག་ཅིག་ཡིན་པ། སྨན་བཅོས་གང་དང་ཅི་བྱས་པ་སོགས་ཀྱི་ནང་དོན་ཆ་ཚང་བར་བཀོད་པ་ཞིག་གང་དུའང་མཇལ་དུ་མེད་ལ། སྐབས་དེའི་སྣེ་འཁྲིད་པ་རྒན་མི་ཕམ་ཡེ་ཤེས་ནི་སྐུ་གཤེགས་ཟིན་པས་དཔྱད་གཞིའི་ཡིག་ཆ་ཁོ་ནས་དེ་སྐོར་གྱི་གསང་བ་དག་རྟོགས་དཀའ་ལ་ཡིད་རྟོན་དཀའ་བའི་གནས་སུའང་གྱར། སྟབས་ལེགས་པ་ཞིག་ལ་དཔྱད་གཞིའི་ཡིག་ཆ་ཞིག་གི་ནང་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གི་གམ་བཅར་དྲུང་ཡིག་དང་། སྨན་རྩིས་ཁང་གི་མཁས་དབང་རྒན་བསྟན་འཛིན་བཀྲ་ཤིས་ཀྱང་སྐབས་དེའི་སྙེ་མོའི་རིམས་ནད་འགོག་བཅོས་ཀྱི་ལས་ཀར་ཞུགས་ཡོད་ལུགས་འཁོད་པ་ཞིག་རྙེད་པས་འཕྲལ་མར་དེ་སྐོར་ཁོང་སྐུ་ངོ་མར་བཀའ་འདྲི་ཞུས་ཏེ་དེའི་སྐོར་གྱི་སྟོང་ཆ་ཁ་སྐོང་བྱས།
དེ་ཡང་རྒན་ལགས་ཁོང་གིས་གསུངས་པ་ལྟར་ན། སྐབས་དེར་སྙེ་མོ་ཁུལ་དུ་ཁྱལ་གདལ་བྱུང་བའི་རིམས་ནད་ནི་བེག་གེ་(མིང་གཞན་ལ་སིབ་བི་﹙36﹚)ཡིན་ཞིང་། ནད་ཡམས་བྱུང་བའི་ཡུལ་ནི་ཐོན་མི་སཾབྷོཊའི་འཁྲུངས་ཡུལ་སྙེ་མོ་ཐོན་པ་ཤང་ཡིན་ཞིང་། གཙོ་ཆེ་བ་ས་དེ་གའི་འབྲོག་ཁུལ་དུ་ནད་རིམས་དེ་ཁྱབ་གདལ་སོང་བར་གསུངས། དེ་བཞིན་སྐབས་དེར་གོང་རིམ་ནས་མངགས་གཏོང་མཛད་པའི་སྨན་བཅོས་རུ་ཁག་དེ་སྨན་རྩིས་ཁང་ནས་བསྡུ་རུབ་བྱས་པའི་བོད་ལུགས་གསོ་རིག་རྐྱང་པའི་སྨན་བཅོས་རུ་ཁག་ཅིག་ཡིན་པ་དང་། དེ་རུ་སྣེ་འཁྲིད་པ་རྒན་མི་ཕམ་ཡེ་ཤེས་གཙོས་རྒན་བསྟན་འཛིན་བཀྲ་ཤིས་དང་། ལྕགས་པོ་རིའི་སྨན་གྲྭའི་རྒན་འཇམ་དཔལ་རྒྱ་མཚོ། སྨན་སྤྲོད་མཁན་ལྕགས་པོ་རིའི་སྨན་གྲྭའི་རྒན་ཡེ་ཤེས་རྒྱལ་མཚན་ཆུང་བ། གསེར་ཁབ་ཚན་ཁག་ནས་རྒན་རྒྱ་གར་ཚེ་རིང་(འཁྲུངས་ཡུལ་ཁམས་ནས་ཡིན་གསུངས)། ད་དུང་སྲིད་གཞུང་གི་སྐུ་ཚབ་ལས་བྱེད་གཅིག་སོགས་ཚུད་པའི་མི་དྲུག་བདུན་ཙམ་གྱི་རིམས་བཅོས་ཚོགས་པ་ཞིག་ཡིན་གསུངས། ཁུལ་དེར་བེག་གེའི་ནད་རིམས་སྨན་བཅོས་དུས་ཡུན་ཟླ་བ་གསུམ་མཛད་ཅིང་། རིམས་བཅོས་གཉེན་པོར་འཕྲུལ་ཐང་དང་། སླེ་ཏྲེས་ལྔ་ཐང་། སྤང་རྩི་བཅུ་གཉིས། སྤང་ཁྲག་བཅུ་གཉིས། རྟ་བཟི་དམར་པོ་སོགས་གཙོ་བོ་བྱས་ཤིང་། གནས་སྐབས་ཀྱི་ནད་རྟགས་སྣ་ཚོགས་ལ་སྐབས་བསྟུན་གྱིས་གཉེན་པོ་གཞན་ཡང་བེད་སྤྱོད་གནང་། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་རིམས་སྨན་སྤང་རྩི་བཅུ་གཉིས་དང་སྤང་ཁྲག་བཅུ་གཉིས་གཉིས་ཕན་བསྐྱེད་ཆེ་ཤོས་བྱུང་གསུངས། བྱིས་པ་རྣམས་ལ་སྨན་གྱི་བཅོས་བསྐྱེད་ཆེ་ཡང་ལོ་རྒན་པ་རྣམས་ལ་ཕན་བསྐྱེད་ཆུང་ཞིང་རྒན་པ་བཅུ་ཙམ་རིམས་ནད་ལས་མ་ཐར་བར་ལྔ་ལམ་དུ་སོང་ཚུལ་གསུངས། དེ་ནི་གཙོ་བོ་བེག་གེའམ་སིབ་བི་དེ་དང་པོ་ན་བའི་ཚེ་གསོ་ཐུབ་ན་ཕྱིས་སུ་ནད་གཞི་སླར་མི་ལྡང་བ་ཐར་བར་འགྱུར་བ་ཅན་གྱི་ནད་ཡིན་པས། ཆུང་དུས་སུ་ན་མ་མྱོང་བའི་རིགས་ལ་ནར་སོན་རྗེས་ནད་ཀྱི་གཞི་ལྕི་བ་ཡོང་གི་ཡོད་པའི་རྐྱེན་གྱིས་བཅོས་དཀའ་བའི་རྒྱུ་མཚན་ཡང་དེ་ཡིན་གསུངས། 
         མདོར་ན་1965ལོར་སྙེ་མོ་ཐོན་པ་ཤང་དུ་བེག་གེའམ་སིབ་བིའི་ནད་རིམས་ཁྱབ་གདལ་དུ་སོང་ཞིང་། དེ་ལ་བོད་ལྗོངས་སྨན་རྩིས་ཁང་གི་རྒན་མི་ཕམ་ཡེ་ཤེས་མཆོག་དང་རྒན་བསྟན་འཛིན་བཀྲ་ཤིས་མཆོག་གིས་གཙོ་བོ་མཛད་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་རུ་ཁག་གིས་དུས་ཡུན་ཟླ་བ་གསུམ་རིང་རིམས་སྨན་སྤང་རྩི་བཅུ་གཉིས་དང་། སྤང་ཁྲག་བཅུ་གཉིས། སླེ་ཏྲེས་ལྔ་ཐང་། འཕྲུལ་ཐང་སོགས་གཙོ་བོར་བྱས་ཏེ་སྨན་བཅོས་བྱས་མཐར་ནད་རིམས་ལས་རྣམ་པར་རྒྱལ་ཏེ་ནད་པ་མང་པོ་ནད་ཀྱི་སྡུག་བསྔལ་ལས་བསྒྲལ་བར་མཛད་པ་དང་། དུས་མཚུངས་སུ་རིམས་འགོག་ཚུད་པའི་འཕྲོད་བསྟེན་ཤེས་བྱ་བརྒྱུད་བསྒྲགས་གནང་ནས་རིམ་པ་གོང་མས་སྤྲད་པའི་རིམས་ནད་འགོག་བཅོས་ཀྱི་ལས་དོན་ལེགས་འགྲུབ་གནང་ཡོད་དོ། །
         བརྒྱད། 1980-1981ལོའི་བར་ལ་འཕན་པོ་ཁུལ་དུ་གཉན་རིམས་དམར་བཤལ་གྱི་ནད་ཡམས་ཁྱབ་གདལ་བྱུང་སྐབས་(བོད་ལྗོངས་སྨན་རྩིས་ཁང་)ནད་ཐོག་ཚོགས་ཆུང་གི་སྨན་དོན་པ་ཁག་གཅིག་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་རུ་ཁག་དང་མཉམ་དུ་གཤམ་སྐྱོད་ཀྱིས་ནད་ཡམས་འགོག་བཅོས་ཀྱི་ལས་ཀར་ཞུགས་གནང་བ་དང་། ཀྲུའུ་རིན་སྨན་གཉེར་གཞོན་པ་ཐབས་མཁས་ཕུན་ཚོགས་ཀྱིས་གཙོ་མཛད་སྨན་པ་ཚོས་ནད་ཡམས་འདི་ལ་ཆེད་དམིགས་ཀྱིས་མྱང་སྤྲས་ལྔ་པ་ཞེས་པའི་སྨན་གསར་སྦྱོར་གནང་བར་སྐབས་དེའི་ནད་ཡམས་འགོག་བཅོས་ལ་ཕན་འབྲས་མངོན་གསལ་ཐོན་ཐུབ་པ་བྱུང་ཡོད་ལ། སྤྱི་ལོ་1995ལོར་སྨན་སྦྱོར་དེ་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་མཛོད་ནང་དུ་ཚུད་ཡོད།﹙37﹚དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་རིམས་བཅོས་ལ་དམིགས་པའི་བོད་སྨན་གསར་པ་སྦྱོར་བཟོ་གནང་བ་ཐོག་མ་དེའོ། །
         དགུ། 2003ལོར་དམིགས་བསལ་གློ་ཚད་(SARS)ཀྱི་སྐབས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུའི་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་དང་པེ་ཅིན་བོད་ལུགས་སྨན་ཁང་གི་དབུ་འཛིན་སྐུ་གཞོན་བསྟན་པ་དར་རྒྱས་མཆོག་གཉིས་ཀྱིས་པེ་ཅིན་བོད་ལུགས་སྨན་ཁང་དུ་དམིགས་བསལ་གློ་ཚད་ལ་ཆེད་དུ་དམིགས་ཏེ་བོད་ལུགས་གསོ་རིག་གི་གཞུང་ལས་རིམས་སྲུང་ནག་པོ་དགུ་སྦྱོར་གྱི་སྦྱོར་སྡེ་སྔོག་འདོན་གྱིས་སྦྱོར་བཟོ་གནང་ཞིང་། པེ་ཅིན་བོད་ལུགས་སྨན་ཁང་གི་རིམས་འགོག་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་འབྲེལ་ཡོད་ཚན་པ་ཁག་ལ་མཁོ་འདོན་གནང་བས་རིམས་ནད་འགོག་སྲུང་ཐད་ནུས་པ་ཆེན་པོ་ཐོན་པས། རྒྱལ་ཡོངས་སུ་སྤྱིར་བོད་ཀྱི་གསོ་བ་རིག་པ་དང་ཡང་སྒོས་སུ་ནག་པོ་དགུ་སྦྱོར་གྱི་སྙན་པ་ཁྱབ། དུས་དེ་ནས་བཟུང་བོད་ཁུལ་གྱི་བོད་ལུགས་སྨན་ཁང་རྣམས་སུའང་ནག་པོ་དགུ་སྦྱོར་ཐོན་སྐྱེད་བྱེད་པའི་མཐོ་རླབས་འཕྱུར་ཅིང་། སྤྱི་ཚོགས་ཁྱོན་ཡོངས་སུ་ནག་པོ་དགུ་སྦྱོར་ལ་རྒྱུས་མངའ་ཡོད་པར་གྱུར།
         བཅུ། བོད་ཀྱི་གསོ་བ་རིག་པས་ཕྱིའི་རྒྱལ་ཁབ་ཏུ་རིམས་ནད་སྨན་བཅོས་ཐད་ཐོན་པའི་ནུས་པའི་ཆ་ནས་སྨྲས་ཚེ། དུས་རབས་བཅུ་དགུའི་ལོ་རབས་ལྔ་བཅུ་པའི་དུས་འགོར།ཧྲ་ཧོང་གོང་མའི་(沙皇)ཨུ་རུ་སུ་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་འཐབ་ཇུས་དང་བསྟུན་ནས་ཨུ་རུ་སུ་བ་མང་པོ་ཞིག་ཞི་པོ་ལི་ཡ་རུ་(西伯利亚)གནས་སྤོས། དེ་བས་གཉན་རིམས་སྐྱུགས་བཤལ་གྱི་རིམས་ནད་འགོས་ཁྱབ་བྱུང་བར་མ་ཟད།པེ་ཅར་མཚེའུ་ཕྱིའི་(外贝加尔湖)ཁུལ་དུའང་མཆེད་ཅིང་། ས་གནས་དེ་གའི་མི་མང་པོ་རྐྱེན་ལམ་དུ་ཤོར། ཨུ་རུ་སུའི་སྨན་པར་གཉན་རིམས་དེ་བཅོས་པའི་ནུས་ལྡན་གྱི་ཐབས་ལམ་མ་རྙེད་པས་རིམས་ནད་དེ་འགོག་པའི་ཐབས་ཟད། དེར་བརྟེན། སྐབས་དེར་ཧྲ་ཧོང་གོང་མའི་ཨུ་རུ་སུ་ཨེ་ཤེ་ཡ་ཤར་རྒྱུད་དུ་མངའ་ཁོངས་རྒྱ་སྐྱེད་པར་འབད་བརྩོན་བྱེད་བཞིན་པའི་ཞི་པོ་ལི་ཡ་ཤར་མའི་(东西伯利亚)སྤྱི་ཁྱབ་ཉི་ཀུའུ་ལ•ཉི་ཀུའུ་ལ་ཡེ་ཝེ་ཆི•མུའུ་ལ་ཝེ་ཡུའེ་ཧྥུ་(NikolayNikolayevich Marayev,1809-1881)ཡིས་ས་གནས་དེ་གའི་སྨན་པ་བཙལ་ནས་ནད་ཡམས་གདུག་པ་ཅན་དེ་འགོག་བཅོས་ཀྱི་རེ་བ་བཅངས་པ་ན། པུའུ་ལི་ཡ་ཐེ་(布里亚特)ས་ཁུལ་གྱི་ཕུལ་བྱུང་མི་སྣ་མང་པོས་དབང་འཛིན་ལས་ཁུངས་ལ་བོད་ལུགས་གསོ་རིག་གི་སྨན་པ་པད་མ་ཚུལ་ཁྲིམས་འོས་སྦྱོར་ཞུས། པད་མ་ཚུལ་ཁྲིམས་ཀྱིས་དཀའ་ངལ་ཆེན་པོ་བརྒྱབ་ནས་དུས་ཐུང་ངུའི་ནང་རིམས་ནད་དེ་ལེགས་པར་བཅོས་ནས་འགོས་ཁྱབ་ཀྱི་ལམ་བཅད། ད་དུང་གོ་ཐོས་སུ་སྐབས་དེར་པད་མ་ཚུལ་ཁྲིམས་ཀྱིས་བོད་སྨན་གྱི་བདུག་རྫས་ལ་བརྟེན་ནས་རང་ཉིད་ལ་རིམས་ནད་འཕོག་རྒྱུ་སྔོན་འགོག་གནང་﹙38﹚བ་སོགས་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ལ་བརྟེན་ནས་སྐབས་དེའི་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། དུས་མཚུངས་ཁོང་རང་ཉིད་ཀྱང་བོད་ཀྱི་གསོ་བ་རིག་པའི་ཐབས་ལ་བརྟེན་ནས་རིམས་ནད་འགོག་སྲུང་ཐུབ་སྟེ་བདེ་ཐང་དུ་གནས་ཡོད། འདི་ལ་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས། “རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །”﹙39﹚ཞེས་གསུངས་པ་ལྟར་གནས་སྐབས་གང་འདྲ་ཞིག་ཏུའང་གཞུང་བཞིན་དུ་སྤྱད་ན་བསླུ་མི་སྲིད་པར་བསྟན་པ་ནི་ངེས་པ་དོན་གྱི་ར་སྤྲོད་ཅིག་གོ །
         དེ་བཞིན་གོང་དུ་ཞུས་པའི་བོད་ཀྱི་གསོ་བ་རིག་པས་འདས་པའི་དུས་རབས་སུ་ནད་རིམས་དང་འཐབ་རྩོད་ཐེངས་བཅུ་ཕྲག་ཙམ་བྱས་པའི་བརྒྱུད་རིམ་ཁྲོད། རང་ལུགས་ཀྱི་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་རིམས་ནད་དེ་དག་ལས་རྣམ་པར་རྒྱལ་བའི་དོན་དངོས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཚན་རིག་གི་རང་བཞིན་དང་། ནུས་ལྡན་གྱི་རང་བཞིན། བེད་སྤྱོད་ཀྱི་རིན་ཐང་། གསར་གཏོད་ཀྱི་རང་བཞིན་སོགས་གང་ལེགས་ཀྱིས་ཡོངས་སུ་མཚོན་པར་བྱས་པ་ཞིག་གོ །
མཇུག་བསྡུ་བ།
         བོད་ཀྱི་གསོ་བ་རིག་པ་ནི་གངས་ལྗོངས་ས་མཐོ་ནས་རྩ་བ་ཚུགས་ཤིང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་འཛམ་གླིང་ས་ཕྱོགས་ཁག་གི་གསོ་རིག་ཁག་དང་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་རྩ་བ་སྲ་བརྟན་གྱི་རྨང་གཞིའི་ཐོག་ནད་ཐོག་ལག་ལེན་དངོས་དང་ཟུང་དུ་འབྲེལ་བར་བྱས་ཏེ་རིམ་བཞིན་ཕུལ་དུ་བྱུང་བའི་གསོ་བ་རིག་པ་ཞིག་ཏུ་ཡར་རྒྱས་སོང་ཡོད་པ་དང་། དུས་མཚུངས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དུ་མས་བོད་ཀྱི་གསོ་བ་རིག་པར་ཁ་ཕྱོགས་མི་འདྲ་བ་དང་ཐབས་ལམ་སྣ་ཚོགས་པ་ལ་བརྟེན་ནས་ཞིབ་འཇུག་གནང་སྟེ་གདེང་འཇོག་ཚད་མཐོན་པོའང་ཐོབ་ཡོད། དེང་གི་རིམས་ནད་ཚབས་ཆེན་འདི་ལྟ་བུའི་སྐབས་སུའང་བོད་སྨན་གྱིས་རིམས་ནད་འགོག་སྲུང་དང་སྨན་བཅོས་གཉིས་ཀར་ནུས་པ་ཐོན་དང་འདོན་བཞིན་ཡོད་ལ། སྐྱེ་བོ་དུ་མས་བོད་ཀྱི་གསོ་བ་རིག་པའི་རིམས་འགོག་ཐབས་ལམ་ལ་ཡིད་ཆེས་ཀྱིས་རིམས་སྲུང་ནག་པོ་དགུ་སྦྱོར་སྐེ་ལ་འདོགས་པ་དང་། གྲང་སྦྱོར་ཁོང་དུ་སྟེན་པ། སྨན་བསངས་ཀྱི་བདུག་པ་བྱེད་པ་སོགས་ལྷད་མེད་ཀྱི་དད་པ་དང་རེ་བ་འཆོལ་བཞིན་ཡོད་པ་ནི་དངོས་མཐོང་གི་རྣམ་པ་ཞིག་རེད། མ་ཟད་ཐེངས་འདིའི་ཏོག་གསར་གློ་ཚད་སྐབས་བོད་ཁུལ་དུ་ཧ་ལམ་མི་རེའི་སྐེ་ལ་ནག་པོ་དགུ་སྦྱོར་ཐུམ་རེ་ཡོད་པའི་དུས་ཡུན་ནང་། སྨན་དེ་ལ་ཏོག་གསར་གློ་ཚད་སྔོན་འགོག་ཐུབ་པའི་ནུས་པ་ཡོད་མེད་ཀྱི་སྐོར་ནས་ཆེད་དུ་ཞིབ་འཇུག་བྱས་པའི་སྙན་ཞུ་ལ་མ་མཇལ་ཀྱང་། གཞི་རིམ་གྱི་སྨན་པ་མང་པོས་འདི་ལོ་ནད་རིམས་དར་བའི་རིང་གཞི་རིམ་དུ་ཆམ་པ་ཕོག་པའི་ནད་པ་ཤིན་ཏུ་ཉུང་བར་སྣང་ཟེར་བ་དང་། དེ་ནི་ནག་པོ་དགུ་སྦྱོར་དང་གྲང་སྦྱོར་སོགས་ཀྱི་ནུས་པ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག་པ་ལ་རྒྱུ་མཚན་མེད་པ་མ་ཡིན་སྙམ།
         འོན་ཀྱང་བསམ་གཞིག་བྱེད་དགོས་པ་ཞིག་ནི། དེང་གི་དུས་སུ་གང་ཅིའི་ཐད་དེང་དུས་གསོ་རིག་ལ་རེ་བ་བཅོལ་ཤུགས་ཆེ་བས། བོད་ཀྱི་གསོ་བ་རིག་པའི་རིམས་ནད་འགོག་བཅོས་ཀྱི་ལས་གཞི་ཚུལ་བཞིན་མི་འཁྱོལ་བར་མ་ཟད། བོད་ལུགས་གསོ་རིག་གི་སྨན་དོན་མི་སྣའི་རིམས་ནད་འགོག་བཅོས་སྐོར་གྱི་ཤེས་བྱའི་རྨང་གཞི་ཞན་པ་དང་། བོད་ལུགས་སྨན་ཁང་ཁག་ཏུ་རིམས་ནད་འགོག་བཅོས་ཀྱི་ཚན་ཁག་བཙུགས་མེད་པ། བོད་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་ཀྱི་རྩ་དོན་དང་གོ་རིམ། རང་གཞན་སྲུང་བའི་ཤེས་བྱ་སྣེ་འཛོམས་རྣམས་དེང་དུས་ཀྱི་རིམས་འགོག་ལམ་ལུགས་དང་ཟུང་འབྲེལ་བྱེད་ཐུབ་མེད་པ་སོགས་འགལ་རྐྱེན་སྣ་ཚོགས་ཀྱིས་གློ་བུར་གྱི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་(突发公共卫生事件)བྱུང་སྐབས་འཕྲལ་མར་གདོང་ལེན་བྱེད་མི་ཐུབ་པའི་གནས་ཚུལ་འཐོན་གྱིན་ཡོད་ལ། ད་དུང་དུས་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པའི་ཕུན་སུམ་ཚོགས་པའི་རིམས་བཅོས་ཀྱི་གཞུང་ལུགས་དང་ལག་ལེན་མང་ཆེ་བ་ནི་དཔེ་རྙིང་གི་ནང་དུ་བག་ལ་ཞ་བའི་ཚུལ་དུ་གནས་པས། དེང་དུས་ནད་ཐོག་དངོས་ལ་སློབ་སྟོན་དང་ཞབས་ཞུ་བྱེད་པའི་ནུས་པ་འདོན་ཐུབ་ཀྱི་མེད། དེས་ན་ཐོག་མར་བོད་ལུགས་གསོ་རིག་གི་སྨན་ཁང་རང་ངོས་ནས་བོད་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་ཚན་ཁག་གསར་དུ་འཛུགས་དགོས་ཤིང་། སྨན་དོན་མི་སྣར་རིམས་ནད་སྐོར་གྱི་ཤེས་བྱ་སྦྱོང་བརྡར་དང་དུས་མཚུངས་དེང་དུས་རིམས་འགོག་ལམ་ལུགས་དང་གློ་བུར་གྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག་(突发公共卫生事件应急条例)སོགས་ལ་རྒྱུས་ལོན་བྱས་ཏེ་རང་ངོས་ནས་རྨང་གཞི་བརྟན་པོ་དང་གྲ་སྒྲིག་ལེགས་པར་བྱས་ཐོགདེས་ནི་སྤྱི་པའི་འཕྲོད་བསྟེན་འཕྲལ་བསྟུན་མ་ལག་(公共卫生应急系统)ཁྲོད་ནུས་པ་འཐོན་ཐུབ་པ་བྱུང་ན་བོད་ཀྱི་གསོ་བ་རིག་པས་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་གང་ལེགས་བསྒྲུབ་ཐུབ་པར་སྙམ་མོ། །
         དཔྱད་གཞིའི་ཡིག་ཆ།
         ①གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་243
         ②དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་212
         ③④⑧ཁམས་གཙང་འབྲུག་རྒྱལ། 《གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་195; 214; 214
         ⑤ གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་243
         ⑥ དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་212
         ⑦ སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《མན་ངག་ལྷན་ཐབས་དང་ལྡེ་མིག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་117
         ⑨གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་243
         ⑩དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། 《 གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་211
         ⑾⒀⒄གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་656; 656; 656
         ⑿ཟུར་མཁར་མཉམ་ཉིད་རྡོ་རྗེ། 《མན་ངག་བྱེ་བ་རིང་བསྲེལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་184
         ⒁མཁས་མང་བགྲོས་པ། 《སྨན་དཔྱད་ཟླ་བའི་རྒྱལ་པོ། བི་ཇི་པོ་ཏི་ཁ་སེར 》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་196
         ⒂འབྲི་གུང་ཆོས་གྲགས་སོགས། 《འབྲི་གུང་སྨན་རྩིས་ཕྱོགས་བསྒྲིགས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་61
         ⒃⒅འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། 《རིན་ཆེན་གཏེར་མཛོད་ཆེན་མོ 》[M] པོད་དོན་གཅིག་པ། 《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་ཨུ་པ་དེ་ཤ》 ཤིང་དཔར། སྟོད་ལུང་མཚུར་ཕུའི་པར་ཁང་། དཔལ་སྤུངས་དགོན་པའི་པར་ཁང་། པར་དུས་1976-1980ལོ། ཤོག་ངོས་491; 477
         ⒆དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་211
         ⒇﹙21﹚ཁམས་གཙང་འབྲུག་རྒྱལ། 《གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་202; 215
         ﹙22﹚﹙23﹚སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《མན་ངག་ལྷན་ཐབས་དང་ལྡེ་མིག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་120; 132
         ﹙24﹚ཟུར་མཁར་མཉམ་ཉིད་རྡོ་རྗེ། 《མན་ངག་བྱེ་བ་རིང་བསྲེལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་183
         ﹙25﹚བྱམས་པ་འཕྲིན་ལས། 《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་162
         ﹙26﹚﹙27﹚འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། 《རིན་ཆེན་གཏེར་མཛོད་ཆེན་མོ》[M] པོད་དོན་གཅིག་པ། 《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་ཨུ་པ་དེ་ཤ》 ཤིང་དཔར། སྟོད་ལུང་མཚུར་ཕུའི་པར་ཁང་། དཔལ་སྤུངས་དགོན་པའི་པར་ཁང་། པར་དུས་1976-1980ལོ། ཤོག་ངོས་474; 489
         ﹙28﹚﹙29﹚འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། 《རིན་ཆེན་གཏེར་མཛོད་ཆེན་མོ》[M] པོད་དོན་གཅིག་པ། 《གཉན་གག་ལྷོག་གཟེར་གསུམ་གྱི་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་ཨུ་པ་དེ་ཤ》 ཤིང་དཔར། སྟོད་ལུང་མཚུར་ཕུའི་པར་ཁང་། དཔལ་སྤུངས་དགོན་པའི་པར་ཁང་། པར་དུས་1976-1980ལོ། ཤོག་ངོས་476; 477
         ﹙30﹚﹙31﹚﹙32﹚﹙33﹚﹙34﹚རིན་ཆེན་དོན་གྲུབ་སོགས། 《བོད་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་འགོག་བཅོས་ལ་རང་ནུས་ཐོན་པ》 [OL]གཡུ་ཐོག་གླེང་སྟེགས། https://mp.weixin.qq.com/s/mf6nE3x844cd93sm7we 4vA
         ﹙35﹚དུས་ཚོད་དེ་ལྟར་གཏན་འཁེལ་བྱེད་ཐུབ་པའི་དཔང་པོ་ནི། 《 གངས་ལྗོངས་བོད་ལུགས་གསོ་རིག་》2004ལོའི་དེབ་གཉིས་པའི་ཤོག་ངོས་42པའི་རྒན་མི་ཕམ་ཡེ་ཤེས་མཆོག་གི་རྣམ་ཐར་དུ། “དགུང་ལོ་36-37བར་གྱི་ལོ་གཉིས་ཀྱི་རིང་སྙེ་མོ་ཁུལ་དུ་ནད་ཡམས་ཁྱབ་གདལ་ཆེན་པོ་ཞིག་བྱུང་བར་གོང་རིམ་ནས་སྨན་བཅོས་རུ་ཁག་ཅིག་བསྒྲིག་བཙུགས་གནང་བར་དེའི་སྣེ་འཁྲིད་མཁན་དུ་གཤམ་བསྐྱོད་ཀྱིས་ནད་འགོག་ཕྱག་ལས་གནང་བར་ཕེབས།” ཞེས་འཁོད་པ་ལྟར་ན་སྐབས་དེར་རྒན་ཁོང་ཉིད་དགུང་ལོ་36ཡིན་འདུག་པ་དང་། ཁོང་ནི་1928ལོར་སྐུ་འཁྲུངས་པས་སྙེ་མོར་རིམས་ནད་བྱུང་བའི་ལོ་དུས་ནི་1965ལོ་ཡིན་པ་ཤེས་ཐུབ། ད་དུང་《གངས་ལྗོངས་བོད་ལུགས་གསོ་རིག་》2004ལོའི་དེབ་གཉིས་པའི་ཤོག་ངོས་53པའི་རྒན་བསྟན་འཛིན་བཀྲ་ཤིས་མཆོག་གི་རྣམ་ཐར་དུ། 1965ལོར་སྨན་རྩིས་ཁང་གི་ལོ་ཐོ་གནས་སྐབས་བཏོན་མཚམས་བཞག་པས་རྒན་ཁོང་ཉིད་ཁོག་ནད་སྡེ་ཁག་ཏུ་ལས་བགོས་གནང་། སྙེ་མོ་ཁུལ་དུ་བསྐོར་བསྐྱོད་ཀྱིས་ནད་རིམས་སྔོན་འགོག་དང་འཕྲོད་བསྟེན་དྲིལ་བསྒྲགས་ལས་དོན་ལེགས་འགྲུབ་གནང་བའི་སྐོར་འཁོད་པས་ན་སྙེ་མོར་རིམས་ནད་བྱུང་བའི་དུས་དེ་1965ལོ་ཡིན་པ་བསྙོན་མེད་དུ་གྲུབ།
         ﹙36﹚ནད་ཀྱི་ཕྱི་རྟགས་ལ་བལྟོས་ནས་བཏགས་པའི་བེག་གེའི་མིང་གི་རྣམ་གྲངས་ཤིག་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་》ལས། “ལུས་ཀུན་འབྲུམ་པ་ཆུང་ངུས་བག་བག་ལ། །དྲང་སྲོང་རྣམས་ཀྱིས་བེག་གེའི་མིང་དུ་བཏགས། །འབྲུམ་པ་སིབ་པས་ལྗོངས་འདིར་སིབ་བིར་བརྗོད། །”ཅེས་གསུངས། 
         ﹙37﹚《བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་སོའོ་ཡི་འཚར་ལོངས་དང་འཕེལ་རྒྱས་སྐོར》[J] 《གངས་ལྗོངས་བོད་ལུགས་གསོ་རིག》 2004ལོའི་དེབ་གཉིས་པ། ཤོག་ངོས་6
         ﹙38﹚端智:《从东方到西方——一个布里亚特藏医世家的医学传播史》[J],《青海民族研究》2012年第2期,第18页。
         ﹙39﹚གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་657