ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

འཕགས་པ་སཱ་ལུའི་ལྗང་པའི་མདོ་བོད་དུ་བསྒྱུར་ཚུལ་ལས་འཕྲོས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་བོད་དུ་དར་ཚུལ་སྐོར་ལ་དཔྱད་པ།

སྤེལ་དུས 2021-07-26 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། རྩོམ་པ་པོ། འབྲུག་ལྷ།
གནད་བསྡུས། 《འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》ནི་བཙན་པོ་ཁྲི་སྲོང་ལྔེ་བཙན་གྱི་སྐབས་སུ་རྒྱལ་བའི་བཀའ་བོད་དུ་བསྒྱུར་བ་སྔ་གྲས་ཀྱི་སྐོར་ཡིན་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མདོ་འདི་ལ་གཟིགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བར་ཡིད་ཆེས་ཀྱི་དད་པ་སྐྱེས་ཤིང་སངས་རྒྱས་ཆོས་ལུགས་བོད་དུ་དར་བར་རྒྱབ་སྐྱོར་གནང་བ་རེད། མདོ་འདི་ཐོག་མར་བོད་དུ་བསྒྱུར་ཚུལ་ནི་དབའ་བཞེད་སོགས་ལས་རྒྱ་ནག་སྐད་ནས་བོད་དུ་བསྒྱུར་བར་བཤད་ཀྱང་། ད་ལྟ་བཀའ་འགྱུར་ཁྲོད་དུ་བཞུགས་པའི་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ནི་ཞང་ཡེ་ཤེས་སྡེས་བོད་དུ་བསྒྱུར་བར་མངོན། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཁྲོད་དུ་《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》ཞེས་པ་དང་། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཞེས་པ་འགྱུར་ཡིག་མི་འདྲ་བ་གཉིས་བཞུགས་པ་བསྡུར་ནས་དཔྱད་ན། 《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》ཞེས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསྒྱུར་བ་དང་། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཞེས་པ་ནི་ལོ་ཙཱ་བ་ཡེ་ཤེས་སྡེས་ལེགས་སྦྱར་ལ་ཁུངས་གཏུགས་ནས་བསྒྱུར་ཅིང་སྐད་གསར་བཅད་ཀྱི་སྐབས་སུ་བཅོས་ཤིང་གཏན་ལ་ཕབ་པ་རེད་སྙམ། དཔྱད་རྩོམ་འདིའི་ནང་དུ་འཕགས་པ་སཱ་ལུའི་ལྗང་པའི་མདོ་ཐོག་མར་བོད་དུ་བསྒྱུར་བའི་ཚུལ་དང་། མདོ་འདིའི་བརྗོད་བྱ་གཙོ་བོ་རྟེན་འབྲེལ་གྱི་རྣམ་གཞག་ངོ་སྤྲོད་བྱས་པ་བརྒྱུད། བསྟན་པ་སྔ་དར་གྱི་སྐབས་སུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་བོད་དུ་དར་ཚུལ་སོགས་ཀྱི་སྐོར་གླེང་འདུག
གནད་ཚིག འཕགས་པ་སཱ་ལུའི་ལྗང་པའི་མདོ། རྟེན་ཅིང་འབྲེལ་བར་འབྱུང་བ། ཁྲི་སྲོང་ལྡེ་བཙན།
[ ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B948 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1035-5746(2018)01-040-15
དང་པོ། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》བོད་ཡིག་ཏུ་བསྒྱུར་བའི་ཚུལ།
         《འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》ནི་སངས་རྒྱས་ཆོས་ལུགས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་བསམ་བློ་སྟོན་པའི་མདོ་གལ་ཆེན་ཞིག་ཡིན་པས་རྒྱ་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན་གཉིས་ཀྱིས་གཙིགས་ཆེན་དུ་འཛིན་བཞིན་ཡོད་དོ།། མདོ་འདིའི་མཚན་བྱང་ལ་ལེགས་སྦྱར་སྐད་དུ་ཨཱརྱ་ཤཱ་ལི་སྟམབྲ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ﹙yasalistabhanamamahayanasutra﹚ཞེས་ཟེར་བ་དང་། བོད་སྐད་དུ་འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་སྐད་དུ་《佛说大乘稻芋经》ཞེས་ཟེར་རོ།། བོད་ཀྱི་བཀའ་འགྱུར་ཁྲོད་དུ་《འཕགས་པ་སཱ་ལུའི་ལྗང་པའི་མདོའི》འགྱུར་ཡིག་ཆ་ཚང་གཅིག་དང་། ཏུན་ཧོང་ཡིག་རྙིང་ཁྲོད་དུ་《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》(pel. tib.0092-3)①ཞེས་པའི་མདོ་དུམ་བུ་ཁ་མི་ཚང་བ་གཅིག་བཅས་འདུག རྒྱའི་བཀའ་བསྟན་ཁྲོད་དུ་མཚན་བྱང་མི་འདྲ་ཞིང་ནང་དོན་གཅིག་མཚུངས་ཡིན་པའི་མདོ་ལྔ་ཙམ་ཡོད་དེ། སྤྱི་ལོ་དུས་རབས་གསུམ་པའི་ནང་བྱོན་པའི་རྒྱའི་ལོ་ཙཱ་བ་ཀྲི་ཆན་(支谦)གྱིས་བསྒྱུར་ཅིང་མཚན་བྱང་ལ་《了本生死经》 (T0708)ཟེར་བ་དང་། ཅིན་ཤར་མའི་(东晋)སྐབས་སུ་བསྒྱུར་ཞིང་ལོ་ཙཱ་བ་མི་གསལ་བ་མཚན་བྱང་ལ་“《佛说稻芋经》(T0709)ཟེར་བ་དང་། ཐང་རྒྱལ་རབས་ཀྱི་སྐབས་སུ་བྱོན་པའི་ལོ་ཙཱ་བ་དོན་ཡོད་(不空)ཀྱིས་བསྒྱུར་ཅིང་མཚན་བྱང་ལ་《慈氏菩萨所说大乘缘生稻干喻经》( T0710)ཟེར་བ་དང་། སུང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་གར་ནས་ཡོང་བའི་ལོ་ཙཱ་བ་སྦྱིན་པ་སྐྱོང་(施护) གིས་བསྒྱུར་ཅིང་མཚན་བྱང་ལ་《大乘舍黎婆担摩经》(T1711)ཟེར་བ་དང་། གཞན་ཏུན་ཧོང་ནས་རྙེད་ཅིང་འགྱུར་བྱང་མི་གསལ་བའི་འགྱུར་ཡིག་མཚན་བྱང་ལ་《佛说大乘稻芋经》 (T0712)ཞེས་ཟེར་བ་བཅས་སོ། ། ཏུན་ཧོང་བྲག་ཕུག་ནས་རྒྱ་ཡིག་གི་འཕགས་པ་སཱ་ལུའི་ལྗང་པའི་འགྲེལ་པ་ཞིག་རྙེད་པ་དེའི་མཚན་བྱང་ལ་《大乘稻芋经随听疏》(P.2284)ཞེས་དང་། འགྲེལ་པ་དེའི་མཇུག་ཏུ་“沙门法成集”ཞེས་བྲིས་འདུག  “沙门法成集”ཞེས་པ་ནི་སྐབས་དེའི་བོད་ཀྱི་ལོ་ཙཱ་བ་འགོས་ཆོས་གྲུབ་ཡིན་པར་འདོད་དོ།།
         བོད་འགྱུར་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་དུ་བསྒྱུར་བའི་བོད་འབྱུར་གྱི་ཆོས་གཞུང་སྔ་གྲས་ཡིན་ཚུལ་ནི། 《དཀར་ཆག་ལྡན་དཀར་མ》ལས། “འཕགས་པ་སཱ་ལུ་ལྗང་པ། ཤློོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་དྲུག ། འཕགས་པ་སཱ་ལུ་ལྗང་པའི་རྒྱ་ཆེར་འགྲེལ་པ། ཤློོ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང་བློ་ཀ་བརྒྱ་ལྔ་བཅུ། སཱ་ལུ་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པའི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤློོ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞེ”②ཞེས་གསལ་པོ་བྲིས་འདུག་པ་དང་།《དཀར་ཆག་ལྡན་དཀར་མ》ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསྒྲིགས་པའི་དཀར་ཆག་ཅིག་ཡིན་པ་ནི་དཀར་ཆག་དེ་ཉིད་ལས་ཤེས་ཐུབ་སྟེ། “བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང་། སྨོན་ལམ་དང་། བཀྲ་ཤིས་དང་། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་ཊཱི་ཀཱ་དང། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང་། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤློོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ།”③ཞེས་གསུངས་པའི་འབྲུག་གི་ལོ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་གི་ས་འབྲུག་གི་ལོ་སྟེ་སྤྱི་ལོ788ལོ་ཡིན་ནོ།། 《བུ་སྟོན་ཆོས་འབྱུང》དུ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་འཆད་སྐབས“འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་སྒྱུར་གྱི་བནྡྷེ་དཔལ་བརྩེགས་དང་། བནྡྷེ་ཀླུའི་དབང་པོ་ལ་སོགས་པས་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤོ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་དཀར་ཆག་ཏུ་བྲིས་སོ།།”④ཞེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གཏན་ལ་ཕབ་པར་གསུངས་པ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུའང་“སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཤིང་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་མ་མྱ་ད་དྲག་རྐྱང་པའི་འ་བརྟེན་སོགས་དོར་ཏེ་གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་རྒོ །”⑤ཞེས་གསུངས་པས། 《དཀར་ཆག་ལྡན་དཀར་མ》ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་བསྐྱངས་པའི་དུས་ཀྱི་འབྲུག་གི་ལོ་སྟེ་སྤྱིལོ788ལོ་ཡིན་པར་ཐེ་ཆོམ་ཟ་མི་དགོས་སྙམ།
         《འཕགས་པ་སཱ་ལུའི་ལྗང་པའི་མདོ》བོད་དུ་ཐོག་མར་བསྒྱུར་ཚུལ་ག་འདྲ་ཡིན་ཟེར་ན། 《དབའ་བཞེད》ལས། “རྒྱའི་མཁན་པོ་མེ་ཀོང་དང་། ལོ་ཙཱ་བ་ལྷ་ལུང་ཀླུ་གོང་། འགོ་བོམ་ལྡན་མ་ཡུལ་གོང་། བྲན་ཀ་ལེགས་གོང་རྣམས་ཀྱིས་མདོ་ས་ལུ་ལྗང་པ་སོགས་པ་མང་དུ་བསྒྱུར་རོ།།”⑥ཞེས་རྒྱའི་མཁན་པོ་མེ་ཀོང་དང་བོད་ཀྱི་ལོ་ཙཱ་བ་ལྷ་ལུང་ཀླུ་གོང་སོགས་ཀྱིས་རྒྱ་ནག་སྐད་ལས་བོད་དུ་བསྒྱུར་བར་བཤད་པ་དང་། 《ལྡེའུ་ཆོས་འབྱུང》ལས་ཀྱང་། “རྒྱ་ནག་ནས་སྦ་ཁྲི་བཞེར་སང་ཤི་ཏ་ལོག་པས་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། ས་ལུ་ལྗང་པ། རྡོ་རྗེ་གཅོད་པ་དང་གསུམ་སྤྱན་དྲངས་ཏེ། ཆོས་དཀོན་ཅོག་གི་རྟེན་དུ་བཞུགས།”⑦ཞེས་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ནི་རྒྱ་ནག་ནས་བོད་དུ་སྤྱན་དྲངས་ཚུལ་བཤད་འདུག སྡེ་དགེ་བཀའ་འགྱུར་དང་འཇང་བཀའ་འགྱུར་སོགས་བོད་ཡིག་གི་བཀའ་འགྱུར་པར་མ་རྣམས་ཀྱི་ནང་དུ་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཡོད་ཀྱང་མདོ་དེར་འགྱུར་བྱང་དང་འགྱུར་མཁན་གྱི་མཚན་བྱང་བཀོད་མི་འདུག 《བུ་སྟོན་ཆོས་འབྱུང》ལས། “སཱ་ལུ་ལྗང་པའི་མདོཤོལོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་དྲུག་པ་ཡེ་ཤེས་སྡེས་འགྱུར།”⑧ཞེས་མདོ་འདི་ནི་ཞང་ཡེ་ཤེས་སྡེས་བོད་དུ་འགྱུར་བར་བཤད་པ་དང་། ཏུན་ཧོང་བྲག་ཕུག་ནས་ཐོན་པའི་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ལག་བྲིས་མ་( P. T.551)དང་( P.T.552)གཉིས་ཀྱི་མཇུག་ཏུ་འགྱུར་བྱང་ཐུང་ངུ་ཞིག་ཡོད་པ་དེའི་ནང་དུ་“པན་དེ་ཡེ་ཤེས་སྡེས་བསྒྱུརད་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས། གཏན་ལ་ཕབ་པའ།། ”⑨ཞེས་བྲིས་འདུག་གོ། བཀའ་འགྱུར་དཔེ་བསྡུར་མའི་ནང་དུ་མདོ་འདིའི་མཚན་བྱང་ལ་རྒྱ་གར་སྐད་དུ་“ཨཱརྱ་ཤཱ་ལི་སྟམབྲ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ།”⑩ཞེས་བྲིས་འདུག་པ་དང་། ཏུན་ཧོང་ནས་ཐོན་པའི་ལག་བྲིས་མའི་ནང་དུ་“ཨརྱ་ཤཱ་ལི་སྟམ་བ་ན་མ་ཧ་ཡ་ན་སུ་ཏྲ།”ཞེས་བྲིས་པ་གཉིས་ཕལ་ཆེར་འདྲ་བ་དང། ད་ཡོད་ཀྱི་བཀའ་འགྱུར་པར་གཞི་གང་གི་ནང་དུ་ཡང་མདོ་འདི་ཡིག་རིགས་གང་ནས་བསྒྱུར་བ་དང་བསྒྱུར་མཁན་སུ་ཡིན་སྐོར་གསལ་པོ་བཀོད་མི་འདུག་ཀྱང་། ཏུན་ཧོང་ནས་ཐོན་པའི་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ལག་བྲིས་མའི་འགྱུར་བྱང་དང་《བུ་སྟོན་ཆོས་འབྱུང》སོགས་གཞིར་བཟུང་ནས་བཤད་ན། ད་ཡོད་ཀྱི་བཀའ་འགྱུར་ཁྲོད་ཀྱི་འཕགས་པ་སཱ་ལུའི་ལྗང་པའི་མདོ་ནི་རྒྱ་གར་སྐད་ནས་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་བོད་དུ་བསྒྱུར་བ་རེད་སྙམ།
         ཏུན་ཧོང་ཡིག་རྙིང་ཁྲོད་དུ་མཚན་ལ་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཞེས་བཏགས་པའི་ལག་བྲིས་ཁ་ཤས་( P.T551  P.T552  P.T549  P.T550)འདུག་པ་ནི་ཕལ་ཆེར་བཀའ་འགྱུར་ཁྲོད་ཀྱི་འཕགས་པ་སཱ་ལུའི་ལྗང་པའི་མདོ་དང་ཧ་ལམ་འདྲ་མཚུངས་རེད། ཏུན་ཧོང་ཡིག་རྙིང་ཁྲོད་དུ་མཚན་བྱང་ལ་《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》(Pel.tib.0092-3) ཞེས་བཏགས་ཡོད་པ་དེ་ནི་《འཕགས་པ་སཱ་ལུའི་ལྗང་པའི་མདོའི》འགྱུར་རྙིང་གཞན་ཞིག་རེད། དེ་ལ་ཤོག་དྲིལ་ཁ་ཤས་ལས་མི་འདུག་པས་མདོའི་ནང་དོན་ཆ་ཚང་མེད་ཀྱང་། འགྱུར་ཡིག་འདིའི་ནང་དོན་དང་ཁྱད་ཆོས་ལ་བལྟས་ན་སྐད་གསར་བཅད་ཐེངས་གཉིས་པ་མ་མཛད་པའི་སྔོན་ནས་མདོ་འདི་བོད་དུ་བསྒྱུར་ཡོད་པ་ཤེས་ཐུབ། འཕགས་པ་སཱ་ལུའི་ལྗང་པའི་མདོའི་འགྱུར་ཕྱག་ཏུ་“སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །”⑾ཞེས་བྲིས་ཡོད་ལ། 《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》(pe1. tib.0092-3)ཞེས་པའི་ནང་དུ་“བདེ་བར་གགེགས་པ་ལ་ཕྱག་འཚལོ། །”⑿ཞེས་བྲིས་འདུག གཞན་ཡང་འགྱུར་དེ་གཉིས་ལས་བྱུང་བའི་ཐ་སྙད་དང་ཚིག་གི་ཁྱད་པར་འགའ་རེའུ་མིག་ནང་བཀོད་ན་འདི་ལྟར།
 
         ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སཱ་ལུའི་ལྗང་པའི་མདོའི་འགྱུར་མ་མི་འདྲ་བ་གཉིས་ཡོད་པའི་ཁྱད་པར་ལ་བལྟས་ནས་བཤད་ན། 《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》 ( pe1.tib.0092 -3) ཞེས་པའི་ནང་དུ་ཡི་གེ་འབྲི་སྲོལ་དང་ཐ་སྙད་སྤྱོད་སྟངས་གང་ཐད་ནས་སྐད་གསར་བཅད་མ་མཛད་སྔོན་གྱི་ཁྱད་ཆོས་མང་པོ་ཡོད་པ་དང་། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》 ( P. T551  P. T552)སོགས་ནི་བཀའ་འགྱུར་ཁྲོད་ཀྱི་འཕགས་པ་སཱ་ལུའི་ལྗང་པའི་མདོ་དང་མཚུངས་ཤིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་གསར་བཅད་མཛད་པའི་སྐབས་སུ་བཅོས་ནས་གཏན་ལ་ཕབ་པ་ཤེས་ཐུབ།
གཞན་ཡང་《དབའ་བཞེད》སོགས་ལས་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ནི་ཐོག་མར་རྒྱ་ནག་ནས་བོད་དུ་བསྒྱུར་ཟེར་བ་ལ་ཁུངས་མེད་པ་ཞིག་མ་ཡིན་སྙམ། ཁོ་བོས་བསམ་པར་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《འབྲས་སྩོག་ཅེས་བྱ་བ་ཐེག་པ་ཆེན་ཕོ་མདོ》ཞེས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་ནག་སྐད་ནས་བོད་དུ་བསྒྱུར་བ་དང་། བཀའ་འགྱུར་ཁྲོད་ཀྱི་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ནི་ལོ་ཙཱ་བ་ཡེ་ཤེས་སྡེས་ལེགས་སྦྱར་སྐད་ལ་ཁུངས་གཏུགས་ནས་བསྒྱུར་ཅིང་སྐད་གསར་བཅད་ཀྱི་སྐབས་སུ་བཅོས་ཏེ་གཏན་ལ་ཕབ་པ་རེད་སྙམ་མོ། །
         《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཡི་བརྗོད་བྱ་གཙོ་བོ་ནི་ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་གྱི་རྣམ་གཞག་ཡིན་པས། འཕགས་བོད་མཁས་པ་ཡོངས་ཀྱིས་འཕགས་པ་སཱ་ལུའི་ལྗང་པའི་མདོ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་སོགས་ལུང་ཁུངས་གཙོ་བོར་བཞག་ནས་རྟེན་འབྲེལ་གྱི་རྣམ་བཞག་འཆད་ཀྱིན་ཡོད་པ་རེད། བསྟན་པ་སྔ་དར་གྱི་སྐབས་སུ་བོད་ཀྱི་བཙན་པོ་དང་ལོ་པཎ་རྣམས་ཀྱིས་ཀྱང་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ལ་གཙིགས་ཆེན་མཛད་ཡོད་དེ། སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་ལོ་ན་ཆུང་བའི་སྐབས་སུ་སང་ཤི་སོགས་རྒྱ་ནག་ལས་ཆོས་ལེན་པར་མངགས་པ་དང་། རྒྱའི་མཁན་པོ་གྱིམ་ཧྭ་ཤང་ཟེར་བ་ཞིག་གིས་སང་ཤི་སོགས་ལ་བོད་ཀྱི་བཙན་པོར་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ངོ་སྤྲོད་བྱ་དགོས་པའི་ལུང་བསྟན་པ་ནི་《དབའ་བཞེད》ལས། “ཆོས་ཀྱི་སླད་དུ་གསས་སྣང་རྒྱ་ཡུལ་དུ་ཕོ་ཉར་བཙན་པོས་བཀའ་སྩལ་〈བསྩལ〉ནས། མཆིད་ཀྱིས་མཚལ་ཏེ་སླད་ནས་དགོངས་པ་བཞིན་དུ་གྲུབ་ན་དངུལ་ཆེན་པོ་སྩལ་བར་གཙིགས་གནང་།  བཙན་པོས་ཞང་བློན་རྣམས་ལ་ཆོས་མཛད་པར་ཐབས་ཀྱིས་མོལ་ནས། སྦྲང་གཙང་བཞེར་ཕོ་ཉའི་ཁད་དཔོན། འབའ་སང་ཤི་ནི་འོག་དཔོན། དབའ་གསལ་སྣང་སྤྱན་དབང་། སྤྱིར་དཔོན་གཡོག་སུམ་བཅུ་མཆི་བར་ཆད་དེ་བོད་ཡུལ་ན་སྤགས་ཏེ་མཆི་བ་ཙམ་གྱི་དུས་ཆོད་ན། རྒྱའི་མཁན་པོ་ཧྭ་ཤང་བདུན་བརྒྱུད་ཀྱི་ཐ་ལྟག་གྱིམ་ཧྭ་ཤང་བྱ་བ་ཅིག་ཨེག་ཆུ་ན་བཞུགས་པའི་ཞལ་པས་”⒀ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྦྲང་གཙང་བཞེར་དང་། འབའ་སང་ཤི། དབའ་གསལ་སྣང་སོགས་མི་སུམ་ཅུ་རྒྱ་ཡུལ་དུ་ཆོས་ལེན་པར་མངགས་པ་དང་། སྦ་སང་ཤི་སོགས་རྒྱ་ཡུལ་དུ་སོང་ནས་གྱིམ་ཧྭ་ཤང་ཞེས་པ་ལས་ཆོས་ཞུས་ཚུལ་ཡང་《དབའ་བཞེད》ལས། “......གྱིམ་ཧྭ་ཤང་དང་མཇལ་ཏེ། གྱིམ་ཧྭ་ཤང་གིས་སང་ཤིའི་རྐང་པ་ལ་བཟུང་ནས་ཕྱག་བཞེས། སང་འིས་ཀྱང་ཧྭ་ཤང་གི་ཞབས་ལ་བཟུང་སྟེ་ཕྱག་འཚལ་བ་དང་། ཧྭ་ཤང་གིས་སང་འི་ལ་ལུང་བསྟན་པ། ཁྱོད་ནི་རྟ་རྒོད་(སྐད་ཟེར་)ཅེས་བྱ་བའི་བྱང་ཆུབ་སེམས་དཔའི་(སྤྲུལ་པ་)ཡིན་ཏེ། ཁྱོད་ཀྱི་བོད་ཁམས་སུ་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱེད་དེ་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་(དམ་པའི་ཆོས)ཚུགས་པའི་ཕྱིར་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ལུང་བསྟན་པ་དང་། ......ཧྭ་ཤང་གིས་ལུང་བསྟན་པ། ཁྱེད་ཀྱི་བཙན་པོ་ནི་བོད་ཡུལ་དུ་དམ་པའི་ཆོས་འབྱིན་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ད་ཕྱིན་ཆད་ལོ་གྲངས་འདི་ཙམ་ཞིག་ན་བཙན་པོའི་<པོ>སྐུ་ནར་སོན་པ་ན་མུ་སྟེགས་ཀྱི་ཆོས་ཤིག་བཀས་རྨེད་པར་འགྱུར་གྱིས། དེ་ལ་ཁྱོད་ཀྱིས་ཤགས་འདི་ཐོབ་ཤིག་<ཅིག>པའི་ལུང་མང་པོ་ཞིག་སང་ཤིས་ཐོབ་པོ<བོ>།། སྣ་ནམ་ཉ་བཟང་དང་། མཆིམས་མེས་སླེབས་དང་། སེང་མགོ་ལྷ་ལུང་གཟིགས་དང་༣་དའི་ཚེ་གནང་ཆེན་དུ་འགྱུར་ལ། མི་འདི་༣་ཀ་ལ་ཚེ་སྔ་མའི་ལས་འཕྲོ་ཡོད་པས། ཁྱོད་ཀྱིས་མི་དེ་༣(ལ)སྔ་ནས་ཆོས་ཤོད་ལ། དེ༣དད་པ་སྐྱེས་པ་དང་ཁྱེད་༤སྡོངས་ལ་བཙན་པོ་སྐུ་ནར་སོན་པ་དང་། མུ་སྟེགས་ཀྱི་ཆོས་བཀས་རྨེད་པའི་ཚེ་དེའི་ལན་ཐོབ་ལ། དེ་ནས་ཐོག་མར་ལས་རྣམ་པར་འབྱེད་པ། བར་དུ་ས་ལུ་ལྗང་པ། ཐ་མ་རྡོ་རྗེ་གཅོད་པ་སྙན་དུ་གསོལ་ཅིག། འོན་ཀྱང་ཐུགས་དད་ནས་ལྷ་ཆོས་མཛད་པ་ལ་ཐུགས་དགྱེས་པར་འགྱུར་རོ།།”⒁ཞེས་གྱིམ་ཧྭ་ཤང་གིས་དབའ་སང་ཤི་སོགས་ཡ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་ལས་རྣམ་པར་འབྱེད་པ། འཕགས་པ་ས་ལུ་ལྗང་པ། རྡོ་རྗེ་གཅོད་པ་གསུམ་ངོ་སྤྲོད་བྱ་དརྒོས་ཚུལ་བསྟན་ཏོ།།
         བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་《འཕགས་པ་སཱ་ལུའི་ལྗང་པའི་མདོ》གསན་ནས་དད་པ་སྐྱེས་ཚུལ་ཡང་《དབའ་བཞེད》ལས། “རྒྱ་ལས་སྒྱུར་བའི་ལོ་ཙུ་བ་ལྷ་ལུང་ཀླུ་གོང་། བེག་ཟླ་གོང་། བྲན་ཀ་ལེགས་གོང་། མགོ་འབོམ་ཡུལ་ཀོང་དང་། ལོ་ཙྪ་བའི་མཆན་བུ་མཁས་པ་འདན་མ་རྩེ་རྨ། འགག་ཉ་བཙན། ལོ་ཁྱི་ཆུང་། འབིག་ཁྱིའུ། ཁྱི་ཆུང་རྣམས་ཀྱིས་དང་པོ་ལས་རྣམ་འབྱེད། བར་དུ་ས་ལུ་ལྗང་པ། མཐར་རྡོ་རྗེ་གཅོད་པ་རྣམས་བསྒྱུར་ཞིང་། དེ་ཡང་ཕལ་ཆེར་བེག་ཟླ་གོང་༡པུས་བསྒྱུར་བའི་དུསུ་ས་ལུ་ལྗང་པའི་མཇུག་ལས་འཇིག་རྟེན་དུ་འཁོར་བའི་རྐྱེན་དང་འདུ་བའི་ཚོགས་ཏེ་བྱུང་བའི་ཆོས་ནི་ཐ་མར་ཆོས་ལྔའི་ཕྱིར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན། ཆད་པར་མ་ཡིན། འཕོ་བར་མ་ཡིན། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུ་བལྟའོ་ཞེས་འབྱུང་བའི་སྐབས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གནམ་དུ་གཏང་རག་བཏང་བའི་ཚིག་ལ། གནམ་བྱམས། ལྷ་བྱམས་ནས་འདི་ལྟ་བུའི་ཆོས་བཟང་བོ་ཐོས་སོ།།”⒂ཞེས་གསལ་པོར་གསུངས་སོ།། སྐབས་དེར་《འཕགས་པ་སཱ་ལུའི་ལྗང་པའི་མདོ》དང་འབྲེལ་ཡོད་ཀྱི་བསྟན་བཅོས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《སཱ་ལུའི་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ་རྩ་འགྲེཡ》དང། སློབ་དཔོན་ཀ་མ་ལ་།ལྗེལས་མཛད་པའི་《འཕགས་པ་སཱ་ལུའི་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ》སོགས་ཀྱང་བོད་དུ་བསྒྱུར་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་དར་བར་བྱས་སོ།།
གཉིས་པ། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》ཡི་བརྗོད་བྱ་གཙོ་བོ།
         འཕགས་པ་སཱ་ལུའི་ལྗང་པའི་མདོའི་བརྗོད་བྱ་གཙོ་བོ་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་གསུངས་པའི་སྐོར། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་བགྲོ་གླེང་མཛད་པའི་རྣམ་པའི་སྒོ་ནས་སེམས་ཅན་ཀུན་ལ་བསྟན་པ་ཡིན་ནོ།། མདོ་དེ་ཉིད་ལས། “དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་སཱ་ལུའི་ལྗང་པ་ལ་གཟིགས་ནས་དགེ་སློང་རྣམས་ལ་མདོ་འདི་གསུངས་སོ། །དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ན་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ནི་ཅི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། ཆོས་ནི་གང་། སངས་རྒྱས་ནི་གང་། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་སྐད་ཅེས་སྨྲས་པ་དང་།”⒃ཞེས་གསུངས་པ་ལྟར་རོ།
         སངས་རྒྱས་བཅོམ་ལྡན་འདས་ཀྱིས་སཱ་ལུའི་ལྗང་པ་ལ་གཟིགས་ནས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་བཀའ་བསྩལ་བ་ནི་མདོ་འདིའི་བརྗོད་དོན་གཙོ་བོ་ཡིན་པ་དང་། བཙུན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་“མདོ་དེའི་དོན་ནི་ཅི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། ཆོས་ནི་གང་། སངས་རྒྱས་ནི་གང་། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། ”⒄ཞེས་དྲི་བ་དྲུག་བཏོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་རེ་རེ་ལ་ལན་བཏབ་པ་ལ་བརྟེན་ནས་བརྗོད་དོན་གསལ་པོར་བཀྲལ་ལོ།།
         གཅིག “མདོ་དེའི་དོན་ནི་ཅི།”ཞེས་པ་ནི་སྤྱིའི་དྲི་བ་ཡིན་ལ། དྲི་བ་འོག་མ་ལྔ་ནི་བྱེ་བྲག་གི་དྲི་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་“བཅོམ་ལྡན་འདས་ཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན་པས་དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།”⒅ཞེས་སོགས་གསུངས་པས་མདོ་འདིའི་དོན་གཙོ་བོ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་གི་སྤྱིའི་གོ་དོན་བསྟན་ཏོ། །
         གཉིས། “རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་།”ཞེས་པའི་ལན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ལུགས་འབྱུང་ལུགས་ལྡོག་གི་རྣམ་གཞག་བསྟན་ཡོད་དེ། ཡང་མདོ་དེ་ཉིད་ལས།“འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །”⒆ཞེས་པས་ནི་ལུགས་འབྱུང་གི་རྟེན་འབྲེལ་གྱི་རྣམ་གཞག་བསྟན་པ་དང་།“དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེམཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། ། འདི་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་གསུངས་སོ། །”⒇ཞེས་པས་ནི་ལུགས་ལྡོག་གི་རྟེན་འབྲེལ་གྱི་རྣམ་གཞག་བསྟན་ཏོ།།
         གསུམ། “ཆོས་ནི་གང་།་་ཞེས་པའི་ལན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་བསྟན་ཡོད་དེ། མདོ་དེ་ཉིད་ལས།“ཆོས་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། འབྲས་བུ་ཐོབ་པ་དང་མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་སོ་ཞེས་བཀའ་སྩལ་ཏོ། །”﹙21﹚ཞེས་གསུངས་སོ།།
         བཞི། “སངས་རྒྱས་ནི་གང་།”ཞེས་པའི་ལན་དུ་“སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུ་དང་ལྡན་པ་དང་། སློབ་པ་དང་མི་སློབ་པའི་ཆོས་དེ་དག་གཟིགས་པའོ། །”﹙22﹚ཞེས་སོགས་གསུངས་པ་ནི་བསྡུས་ཏེ་བསྟན་པའོ།།
         ལྔ། “ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་།”ཞེས་པའི་དྲི་བ་ལ་དྲིས་ལན་བཏབ་པ་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཐོག་མར་“འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་སྟེ། གང་གིས་ཚུལ་འདི་འདྲ་བར་ཆོས་ལའང་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས་འཕགས་པའི་ཆོས་མངོན་པར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་གསུངས་སོ། །”﹙23﹚ཞེས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་ཆོས་བཅུ་དྲུག་བསྟན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་ཆོས་དེ་དག་མཐོང་ན་ཆོས་མཐོང་བར་བསྟན་ཏོ། །
         ཡང་འཕགས་པ་སཱ་ལུའི་ལྗང་པའི་མདོ་ལས། “སྨྲས་པ། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། དེ་ལ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་མདོར་བསྡུས་ཏེ་བཀའ་སྩལ་པ་རྐྱེན་འདི་ཉིད་ཀྱི་འབྲས་བུ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས་གང་འདི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་མཐུན་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཁོན་དང་། མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་བར་དུ་གསུངས་སོ། །”﹙24﹚ཞེས་རྟེན་འབྱུང་གི་མཚན་ཉིད་དང་གོ་དོན་གསལ་བོར་བསྟན་ཏོ། ། ཡང་“འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ། ། དེ་ཡང་ཕྱིའི་དང་། ནང་གི་དང་རྣམ་པ་གཉིས་སུ་བལྟའོ། །”﹙25﹚ཞེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབྱེ་བ་གསུངས་སོ།། དེ་མིན་ཕྱི་ནང་གི་རྟེན་འབྲེལ་གྱི་རྣམ་གཞག  རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གོ་དོན། རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྡུ་བར་བྱེད་པའི་ཡན་ལག་བཞི།﹙26﹚ མིག་གི་རྣམ་པར་ཤེས་པ་དབང་བོའི་ཤེས་པ་རྣམས་རྒྱུ་ལྔ﹙27﹚ལས་བྱུང་ཚུལ། ཕྱི་ནང་གི་རྟེན་འབྲེལ་རྣམ་པ་ལྔ་རུ་ལྟ་ཚུལ་སོགས་ཞིབ་པར་གསུངས་སོ།།
འཕགས་པ་སཱ་ལུའི་ལྗང་པའི་མདོ་ལས་བསྟན་པའི་ཕྱི་ནང་གི་རྟེན་འབྲེལ་གྱི་རྣམ་གཞག་གཙོ་བོ་རེའུ་མིག་ནང་བཀོད་ན་འདི་ལྟར།
 
         དྲུག དྲི་བ་ཐ་མ་སྟེ། “ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་།”ཞེས་པའི་ལན་དུ། བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མར་ཡང་དག་པའི་ཤེས་རབ་ཀྱིས་བདག་ཏུ་ལྟ་བ་དང་དེའི་རྩ་བ་ཉོན་མོངས་པ་ཐམས་ཅད་པསལ་ནས་སྒྲིབ་པ་སྤངས་པ་དེའི་འབྲས་བུ་ཉེ་བར་བསྟན་ཏོ། མདོ་དེ་ཉིད་ལས། “བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའང་ཡང་དག་པར་ཁོང་དུ་ཆུད་ན་དེ་ལ་དེ་བཞིན་གསེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།།”﹙28﹚ཞེས་གསུངས་སོ།།
གསུམ་པ། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་བོད་དུ་དར་ཚུལ།
         དེ་ཡང་བོད་བཙན་པོའི་སྐབས་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་གཉན་པོ་གསང་བ་བོད་དུ་བྱོན་ནས་སངས་རྒྱས་ཆོས་ལུགས་བོད་དུ་དབུ་བརྙེས་པ་དང་། རྒྱལ་རབས་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་བལ་བཟའ་བོད་དུ་སྤྱན་དྲངས་ནས་གཙུག་ལག་ཁང་དང་ར་མོ་ཆེ་སོགས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པ་དང་། སློབ་དཔོན་ཐོན་མི་སོགས་ཀྱིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་དུ་བསྒྱུར་ནས་བོད་དུ་སངས་རྒྱས་བསྟན་པའི་སྲོལ་ཕྱེས། དེའི་ཕྱིས་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་བཙན་པོ་ཁྲི་རལ་པ་ཅན་གྱི་རིང་ལ་བོད་དུ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ།། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བྱོན་པའི་གཉན་པོ་གསང་བ་ཞེས་པའི་ནང་དོན་གཙོ་བོ་ནི་སྤང་ཀོང་ཕྱག་རྒྱ་བ་དང་། མདོ་སྡེ་ཟ་མ་ཏོག་སོགས་ཡིན། སྤང་ཀོང་ཕྱག་རྒྱ་བའི་ནང་དོན་ནི་ལྟུང་བཤགས་དང་འདྲ་ཞིང་། མདོ་སྡེ་ཟ་མ་ཏོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཡིན། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སྤང་ཀོང་ཕྱག་རྒྱ་བ་དང་མདོ་སྡེ་ཟ་མ་ཏོག སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་མང་པོ་བོད་དུ་བསྒྱུར་ནས་སྙིང་རྗེའི་ཆོས་སྐོར་བོད་དུ་རྒྱ་ཆེར་དར་བས། མ་ཎི་ཡིག་དྲུག་ནི་བོད་ཀྱི་ཕ་ཆོས་ཡིན་ཞེས་པའི་བཤད་སྲོལ་བྱུང་བ་དང་། བོད་མི་རྣམས་ཀྱིས་བཙན་པོ་སྲོང་བཙན་སྒམ་པོ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་པར་བྱེད་པ་ཡིན། དེ་དག་ལས་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་བོད་དུ་རྒྱ་ཆེར་དར་ཡོད་པ་རྟོགས་ཐུབ་བོ།།
         བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱ་གར་དང་རྒྱ་ནག་སོགས་ནས་མདོ་དང་བསྟན་བཅོས་དུ་མ་བོད་དུ་བསྒྱུར་ནས་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་ཞིང་། ལྷག་པར་《འཕགས་པ་སཱ་ལུའི་ལྗང་པའི་མདོ》དང་《རྟེན་ཅིང་འབྲེལ་བར་འབྱུང་པའི་མདོ》སོགས་བོད་དུ་བསྒྱུར་བ་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་བོད་དུ་དར་བར་བྱས་པ་ནི་གཤམ་གྱི་རྒྱུ་མཚན་འདི་དག་ལས་ཤེས་ཐུབ།
         གཅིག བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་《འཕགས་པ་སཱ་ལུའི་ལྗང་པའི་མདོ》གསན་ནས་རྟེན་འབྲེལ་གྱི་རྣམ་གཞག་རྟོགས་པ།
         《འཕགས་པ་སཱ་ལུའི་ལྗང་པའི་མདོ》བོད་ཡིག་ཏུ་ཇི་ལྟར་བསྒྱུར་བའི་ཚུལ་སྐོར་ནི་གོང་དུ་བཤད་ཟིན་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་འཕགས་པ་སཱ་ལུའི་ལྗང་པར་གཟིགས་ནས་དད་པ་སྐྱེས་ཚུལ་ནི་《དབའ་བཞེད》ལས་འདི་ལྟར་གསུངས་ཡོད་དེ། “རྒྱ་ལས་སྒྱུར་བའི་ལོ་ཙུ་བ་ལྷ་ལུང་ཀླུ་གོང་། བེག་ཟླ་གོང་། བྲན་ཀ་ལེགས་གོང་། མགོ་འབོམ་ཡུལ་ཀོང་དང་། ལོ་ཙྪ་བའི་མཆན་བུ་མཁས་པ་འདན་མ་རྩེ་རྨ། འགག་ཉ་བཙན། ལོ་ཁྱི་ཆུང་། འབིག་ཁྱིའུ། ཁྱི་ཆུང་རྣམས་ཀྱིས་དང་པོ་ལས་རྣམ་འབྱེད། བར་དུ་ས་ལུ་ལྗང་པ། མཐར་རྡོ་རྗེ་གཅོད་པ་རྣམས་བསྒྱུར་ཞིང་། དེ་ཡང་ཕལ་ཆེར་བེག་ཟླ་གོང་༡པུས་བསྒྱུར་བའི་དུསུ་ས་ལུ་ལྗང་པའི་མཇུག་ལས་འཇིག་རྟེན་དུ་འཁོར་བའི་རྐྱེན་དང་འདུ་བའི་ཚོགས་ཏེ་བྱུང་བའི་ཆོས་ནི་ཐ་མར་ཆོས་ལྔའི་ཕྱིར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན། ཆད་པར་མ་ཡེན། འཕོ་བར་མ་ཡིན། རྒྱུ་ཆུང་ངུ་‘ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུ་བལྟའོ་ཞེས་འབྱུང་བའི་སྐབས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གནམ་དུ་གཏང་རག་བཏང་བའི་ཚིག་ལ། གནམ་བྱམས། ལྷ་བྱམས་ནས་འདི་ལྟ་བུའི་ཆོས་བཟང་བོ་ཐོས་སོ།།”﹙29﹚ཞེས་གསུངས་པ་དང་། ཡང་《སྦ་བཞེད་》ལས་ཀྱང་། “ བཙན་པོའི་ཞལ་ནས། རྒྱའི་ལྷ་ཆོས་བཟང་པོའི་གཏན་ཚིགས་ཁྱོད་ལ་ཡོད་དམ་ཞེས་བཀའ་རྨེད་པ་དང་། བདག་ཅག་རྒྱ་ལ་མཆིས་སོ་ཞེས་གསོལ་ནས། རྗེ་འབངས་དབེན་པར་གསངས་ཏེ། དྷརྨ་མཆིམས་ཕུའི་རྫ་ལ་སྦས་པའི་ནང་ནས་བླངས་ཏེ། ཀིམ་ཧྭ་ཤང་གི་ལུང་བཞིན་དུ་བྲིམས་པ་དང་། དང་པོ་དགེ་བ་བཅུའི་བཀླགས། དེ་ལ་རྒྱལ་པོ་དད་པ་སྐྱེས། སྤྱོད་པ་དག་པར་གོ། དེ་ནས་རྡོ་རྗེ་གཅོད་པ་བཀླགས། ངེ་ལྟ་བ་དག་པར་གོ་དད་པ་ཆེར་སྐྱེས། དེ་ནས་ས་ལུ་ལྗང་པ་བཀླགས། ལྟ་སྤྱོད་ཟུང་འབྲེལ་དུ་གོ་ནས་ཆོས་ལ་ཡིད་ཆེས། ལ་ལ་ནས་དང་པོ་དགེ་བ་བཅུ་དང་། ཕུང་པོ་ལྔ་སྤྱན་སྔར་བྲིམས་ན་བཟང་རབ་ཅེས་བྱུང་། དེ་འོག་ས་ལུ་ལྔ་པ་སྤྱན་སྔར་བྲིམས་ནས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བར་ཐུགས་ཆེས་ནས་ཟེར། བཙན་པོའི་ཞལ་ནས། འདི་ལྟ་བུའི་ཆོས་བཟང་པོ་ནི་ངའི་སྐུ་རིང་ལ་རྙེད་པ་གནམ་བྱམས་སོ། །ས་བྱམས་སོ། །ལྷ་ཐམས་ཅད་ལ་གཏང་རག་བཏང་ངོ་། ། གསལ་སྣང་ཡང་ང་ལ་ལྷ་ཆོས་མི་སྤྱད་དུ་མི་རུང་ཟེར་བ་ཡང་བདེན། ལྷ་ཆོས་འདི་ལྟ་བུ་ཕྱག་ཏུ་ཕུལ་བ་འདི་ལས་དགའ་བ་མེད་ཀྱིས། གསལ་སྣང་ལ་ནི་དངུལ་གྱི་གཡུང་དྲུང་གི་སྟེང་དུ་གསེར་ཆེན་པོ་བྱིན་ནོ།། སང་ཤི་ལ་ནི་ཕྲ་མེན་གཡུང་དྲུང་གི་སྟེང་དུ་གསེར་ཆུང་ངུ་བྱིན་ནོ།། ཁྱོད་ཀྱིས་རྒྱ་ཡུལ་གྱི་དྷརྨ་ཀུན་དང་། མང་ཡུལ་གྱི་ཆོས་རྣམས། རྒྱ་མེ་མགོ་དང་། རྒྱ་གར་ཨ་ནནྟ་དང་། རྒྱ་ལས་སྐད་མཁས་པ་སུ་ཡོད་བསྒྱུར་ཅིག་བཀའ་བསྩལ་”﹙30﹚ཞེས་གསུངས་པ་སོགས་ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་འཕགས་པ་སཱ་ལུའི་ལྗང་པའི་མདོ་ལ་གཟིགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བས་བཙན་པོའི་ཐུགས་ཡིད་འཕྲོགས་ཤིང་ཡིད་ཆེས་ཀྱི་དད་པ་སྐྱེས་པ་ཤེས་ཐུབ། 《དཀར་ཆག་འཕང་ཐང་མ》ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་བསྟན་བཅོས་ཁག་ཅིག་གི་མཚན་བྱང་གསལ་བའི་ནང་འཕགས་པ་སཱ་ལུའི་ལྗང་པའི་བརྗེད་བྱང་﹙31﹚ཞེས་པ་ཡོད་པར་གཞིགས་ན། སྐབས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་《འཕགས་པ་སཱ་ལུའི་ལྗང་པའི་མདོ》ལ་སློབ་གཉེར་གནང་ཞིང་འགྲེལ་པ་བརྩམས་པ་ཡང་ཤེས་ཐུབ། བཙན་པོ་ཁྲི་སྲོང་ལྡེ་བཙན་ཆོས་ལ་དད་པ་སྐྱེས་ཤིང་བོད་དུ་སངས་རྒྱས་ཆོས་ཆོས་ལུགས་རྒྱ་ཆེར་དར་མཛད་དོ།།
         གཉིས། ཀ་མ་ལ་ཤཱི་ལས་《འཕགས་པ་སཱ་ལུའི་ལྗང་པའི་མདོ་རྒྱ་ཆེར་འགྲེལ་པ》བརྩམས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལྟ་བ་བོད་དུ་སྤེལ་བ།
         བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཐོག་མར་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་བོད་དུ་སྤེལ། ཕྱིས་སུ་ཁོང་གི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་ཧྭ་ཤང་མ་ཧ་ཡན་དང་རྩོད་པ་(སྤྱི་ལོ་892ནས794བར་བསམ་ཡས་ཆོས་རྩོད་བྱུང་བ་)བྱས་ཤིང་། རྩོད་པ་མཇུག་སྡུམ་པའི་རྗེས་སུ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་ནང་ཆོས་ཀྱི་ལྟ་བ་དང་སྤྱོད་པ་གང་གི་རྗེས་སུ་འབྲངས་རྒྱུའི་སྐོར་ལ་བཀའ་ཕབ་པ་ནི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 ལས། “ད་ཕྱིན་ཆད་ལྟ་བ་ནི་ན་ག་ཛུ་ནའི་ལྟ་བ་བཟུང་། སྤྱོད་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་གྱིས། ཆོས་སྤྱོད་བཅུ་ཉམས་སུ་ལོངས། སྒོམ་པ་ཤེས་རབ་གསུམ་གྱིས་བློ་སྦྱོངས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གྱིས་སྒོམས། ད་ཕྱིན་ངའི་བོད་འབངས་རྗེ་བློན་གང་གིས་ཀྱང་ཆོས་བྱེད་པར་འདོད་པ་རྣམས་ཀྱིས་བོད་མཐའ་འཁོབ་ཏུ་གྱུར་པ་དང་། རིག་པ་བླུན་ཞིང་རང་ཁ་མང་སྟེ། ཆོས་རྟོགས་པར་དཀའ་ཞིང་ཟབ་པར་གྱུར་པས། རྒྱ་གར་གྱི་མཁས་པར་རབ་ཏུ་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་མཁས་པས་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ། ཞེས་གསུངས་ནས་བཀའ་ནན་ཏུ་སྩལ་ཏོ། བོད་ཁམས་ཀུན་ལ་དྲིལ་བསྒྲགས་སོ། །”﹙32﹚ཞེས་གསུངས་སོ། ། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མའི་སྐོམ་རིམ་དང་དབུ་མ་སྣང་བ་སོགས་བརྩམས་ནས་དབུ་མའི་ལྟ་བ་དང་རྟེན་འབྱུང་གི་ལྟ་བ་བོད་དུ་རྒྱ་ཆེར་སྤེལ་བས། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བར་ཡིད་ཆེས་ཤིང་དད་པ་སྐྱེས་ཏེ། སྐབས་དེའི་བོད་འབངས་རྣམས་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་དབུ་མའི་ལྟ་བ་འཛིན་དུ་བཅུག་པ་ཡིན་ནོ།།
         སློབ་དཔོན་ཀ་མ་ལ་ཤཱི་ལས་བོད་དུ་དམ་ཆོས་སྤེལ་བའི་སྐབས་སུ་《འཕགས་པ་སཱ་ལུའི་ལྗང་པའི་མདོ》གལ་ཆེན་བཟུང་ནས་འཆད་ཉན་སྤེལ་ཞིང་འགྲེལ་པ་བརྩམས་པ་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་འཕགས་པ་སཱ་ལུའི་ལྗང་པ་དང་འབྲེལ་བའི་བསྟན་བཅོས་གཞན་དག་ཀྱང་བོད་དུ་བསྒྱུར་ཡོད་དེ། 《བུ་སྟོན་ཆོས་འབྱུང》ལས། “བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་ཉི་ཤུ།  དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བམ་པོ་དྲུག སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སཱ་ལུའི་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ་རྩ་འགྲེལ་བམ་པོ་བཞི་རྣམས་དཔལ་བརྩེགས་ཀྱིས་འགྱུར། སཱ་ལུའི་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བམ་པོ་ཕྱེད་དང་གཉིས། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་འབྱེད་པའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཞི། དེའི་འགྲེལ་བཤད་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པའི་བམ་པོ་བཅུ་གཅིག་པ་གཉིས་ནམ་མཁའི་འགྱུར།”﹙33﹚ཞེས་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《སཱ་ལུའི་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ》རྩ་འགྲེལ་གཉིས་ཀ་བོད་དུ་བསྒྱུར་བ་དང་། བོད་ཀྱི་ལོ་ཙཱ་བ་ནམ་མཁའ་ཡིས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《སཱ་ལུའི་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ》དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་སོགས་བོད་ཡིག་ཏུ་བསྒྱུར་བར་མཛད་དོ།། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《དབུ་མའི་སྒོམ་རིམ》དང་《དབུ་མ་སྣང་བ》སོགས་ལས་ཀྱང་འཕགས་པ་སཱ་ལུ་ལྗང་པའི་ལུང་ཚིག་དྲངས་ནས་རྟེན་འབྲེལ་གྱི་རྣམ་གཞག་བཤད་ཡོད་དོ།།
         མཇུག་གཏམ།
         མདོར་ན། དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཙཱ་བ་ནམ་མཁའ་དང་ཡེ་ཤེས་སྡེ་ལ་སོགས་པས་《རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ》དང་། 《འཕགས་པ་སཱ་ལུའི་ལྗང་པའི་མདོ》 《འཕགས་པ་སཱ་ལུ་ལྗང་པའི་རྒྱ་ཆེར་འགྲེལ་པ》 《སཱ་ལུ་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ་རྩ་འགྲེལ》སོགས་བོད་དུ་བསྒྱུར་ཅིང་། སློབ་དཔོན་ཀ་མ་ལ་ཤི་ལས་རྟེན་འབྲེལ་གྱི་རྣམ་གཞག་བོད་དུ་རྒྱ་ཆེར་སྤེལ་བ་ལ་བརྟེན་ནས་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བར་ཡིད་ཆེས་ཤིང་དད་པ་སྐྱེས་ནས་བོད་འབངས་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟ་བའི་རྗེས་སུ་འབྲངས་དགོས་པའི་བཀའ་བསྒྲགས། བསྟན་པ་ཕྱི་དར་སྐབས་སུ་ཡང་རྟེན་འབྱུང་སྟོན་པའི་བསྟན་བཅོས་མང་པོ་བསྒྱུར་ཡོད་པ་དང་། བོད་ཀྱི་གྲུབ་མཐའ་མི་འདྲ་བའི་བསྟན་འཛིན་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རྟེན་འབྲེལ་སྐོར་གྱི་ལྗགས་རྩོམ་དུ་མ་མཛད་ཡོད་དེ། དཔེར་ན་རྗེ་ཙོང་ཁ་པ་ཆེན་མོས་《རྟེན་འབྲེལ་བསྟོད་པ》མཛད་པ་ལ་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་དུས་ཕྱིས་དགེ་ལུགས་པའི་མཁས་པ་དུ་མས་རྟེན་འབྲེལ་བསྟོད་པའི་འགྲེལ་པ་བརྩམས། ས་སྐྱཔའི་མཁས་པ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་《རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ》ཞེས་བྱ་བ་མཛད་པ་སོགས་ཀྱིས་མཆོན་རྟེན་འབྲེལ་གྱི་རྣམ་གཞག་སྟོན་པའི་གསུང་དུ་མ་ཡོད་དོ།། དེ་བས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གང་གིས་ཀྱང་“ལྟ་བ་རྟེན་འབྱུང་དངོས་སྤྱོད་པ་གཞན་ལ་མི་འཚེ་བ་”ཞེས་པ་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་དང་སྤྱོད་པའི་ཁྱད་ཆོས་གལ་ཆེན་དུ་འཛིན་པ་ཡིན་ནོ།།
         དཔྱད་གཞིའི་ཡིག་ཆ།
         ① ཅིན་ཡཱ་ཧྲིན། ཁོ་ཨིན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། དེབ་གསུམ་པ།  [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང། སྤྱི་2007ལོ། ཤ315 -317
         ② ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས། བཀའ་བསྟན་དཔེ་བསྡུར་མའི་བསྟན་འགྱུར(སྣ་ཚོགས)ཀྱི(ཇོ) ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ790
         ③ ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས། བཀའ་བསྟན་དཔེ་བསྡུར་མའི་བསྟན་འགྱུར(སྣ་ཚོགས)ཀྱི(ཇོ) ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ786
         ④ བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོའི་ཟླ9པ། ཤ187
         ⑤ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [ M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤ218-219
         ⑥ གངས་ཅན་རིག་མཛོད།56 དབའ་གསལ་སྣང་། དབའ་བཞེད། [M] ལོངས་ཁང་ཕུན་ཚོགས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ33
         ⑦ མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ1987ལོར་པར་དུ་བསྐྲུན། ཤ286
         ⑧ བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] རྡོ་རྗེ་རྒྱལ་པོས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1988ལོར་པར་དུ་བསྐྲུན། ཤ223
         ⑨ ཅིན་ཡཱ་ཧྲིན། ཁོ་ཨིན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། དེབ་གསུམ་པ། [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་2007ལོ། ཤ315ནས་317
         ⑩ འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G] བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ314
         ⑾ འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ314
         ⑿ ཅིན་ཡཱ་ཧྲིན། ཁོ་ཨིན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། དེབ་དྲུག་པ། [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་2007ལོ། ཤ229དང་ཤ234   
         ⒀ གངས་ཅན་རིག་མཛོད།56 དབའ་གསལ་སྣང་། དབའ་བཞེད། [M] ལོངས་ཁང་ཕུན་སུམ་ཚོགས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ16ནས་ཤ17
         ⒁ གངས་ཅན་རིག་མཛོད། 56 དབའ་གསལ་སྣང་། དབའ་བཞེད། [M] ལོངས་ཁང་ཕུན་སུམ་ཚོགས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ18ནས་ཤ19  ⒂ གངས་ཅན་རིག་མཛོད། 56 དབའ་གསལ་སྣང་། དབའ་བཞེད། [M] ལོངས་ཁང་ཕུན་སུམ་ཚོགས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ33ནས34
         ⒃ འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ314ནས་ཤ315
         ⒄འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ315   ⒅ འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ315   ⒆ འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ315ནས་ཤ316
         ⒇འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ316
         ﹙21﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ316
         ﹙22﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ316
         ﹙23﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ317
         ﹙24﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན།  ཤ317ནས་ཤ318
         ﹙25﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན།  ཤ318   
         ﹙26﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། ལས། “ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱིས་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ། །དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ །”ཞེས་གསུངས་སོ། །
         ﹙27﹚འཕགས་པ་སཱ་ལུའི་ལྗང་པ་ཤེས་བྱ་བའི་ཐེག་པ་ཆེན་པོའི་མདོ། ལས།“འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན། མིག་ལ་རྟེན་པ་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ། །གཟུགས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེད་དོ། །སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ། །ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ། །དེ་དང་འབྱུང་བ་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ། །རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་དང་འབྱུང་བ་ཡིད་ལ་བྱེད་པ་དག་མ་ཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །”ཞེས་གསུངས་སོ།།   
         ﹙28﹚འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། [G]བཀའ་བསྟན་དཔེ་བསྡུར་མའི་བཀའ་འགྱུར(ཚ)(དེབ་62པ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོར་པར་དུ་བསྐྲུན། ཤ332   
         ﹙29﹚གངས་ཅན་རིག་མཛོད། 56 དབའ་གསལ་སྣང་། དབའ་བཞེད།   [M] ལོངས་ཁང་ཕུན་སུ་ཚོགསས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ33ནས་ཤ34
         ﹙30﹚གངས་ཅན་རིག་མཛོད། 56 དབའ་གསལ་སྣང་། དབའ་བཞེད།   [M] ལོངས་ཁང་ཕུན་སུ་ཚོགསས་རྡོ་རྗེས་ཞུས་དག་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར་པར་དུ་བསྐྲུན། ཤ75ནས་ཤ76
         ﹙31﹚བོད་ལྗོངས་རྟེན་མཇོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། [G] མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ་2003ལོར་པར་དུ་བསྐྲུན། ཤ55
         ﹙32﹚ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 1988ལོར་དཔར་གཞི་དང་པོ་བསྒྲིགས། 2010ལོའི་ཟླ་10པར་དཔར་ཐེངས་གཉིས་པ་བཏབ། ཤ376
         ﹙33﹚བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] རྡོ་རྗེ་རྒྱལ་པོས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1988ལོར་པར་དུ་བསྐྲུན། ཤ236