ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

འདུལ་འཛིན་གྱི་སློབ་དཔོན་ཆེན་མོ་ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲའི་མཛད་རྣམ་ལ་དཔྱད་པ།

སྤེལ་དུས 2021-09-17 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། དཔལ་ལྡན།
[ནང་དོན་གནད་བསྡུས།] རྩོམ་འདིར་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ལ་བོད་དུ་ཕེབས་པའི་པཎྜི་ཏ་ཛི་ན་མི་ཏྲའི་འཁྲུངས་ཡུལ་ཁ་ཆེ་ཞེས་པའི་ཡུལ་གྱི་ངོས་འཛིན་དང་། ཁོང་ཉིད་འཚོ་བཞུགས་ཀྱི་དུས་སྐབས། ཁོང་གི་མཛད་རྣམ་བཅས་མཐར་ཆགས་སུ་བཀྲལ་ནས། བཙན་པོ་ཁྲི་ལྡེ་སྲོང་བཙན་དང་ཁྲི་གཙུག་ལྡེ་བཙན་གཉིས་ཀྱི་སྐུ་རིང་ལ་པཎྜི་ཏ་ཛི་ན་མི་ཏྲས་སེམས་ཙམ་པ་དང་། འདུལ་བ། མངོན་པའི་གཞུང་བཅས་གཙོར་བྱས་པའི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་དང་། ཁྱད་པར་དུ་འདུལ་བ་དང་མངོན་པ་སོགས་ཀྱི་གཞུང་ཆེན་ཁག་ལ་འཆད་ཉན་གྱིས་བུ་སློབ་མང་དུ་བསྐྱངས་ནས་བཤད་རྒྱུན་སྤེལ་ཏེ། བོད་བརྒྱུད་ནང་བསྟན་གྱི་ཆོས་འདུལ་བ་དང་མངོན་པའི་བསྟན་བཅོས་ཕལ་མོ་ཆེའི་བཤད་རྒྱུན་གྱི་མགོ་ཁུངས་ལྟ་བུར་ཇི་ལྟར་གྱུར་ཚུལ་སྐོར་ལ་དཔྱད་ཡོད།
[གནད་ཚིག] ཁ་ཆེའི་པཎྜི་ཏ། ཛི་ན་མི་ཏྲ། འདུལ་བའི་བཤད་རྒྱུན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-01-0088-10
          དང་པོ། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲའི་འཁྲུངས་ཡུལ་དང་འཚོ་བཞུགས་ཀྱི་དུས་སྐབས།
          གཅིག ཁ་ཆེའི་ཡུལ་གྱི་ངོས་འཛིན།
          “ལོ་ངོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་རིང་ལ་བོད་ཀྱི་ཡུལ་དུ་པཎྜི་ཏ་ཧ་ཅང་མང་པོ་ཞིག་སྔ་ཕྱིར་ཕེབས་ནས་ཆོས་དང་རིག་གནས་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ་དེ་དག་ཏུ་རྒྱ་གར་གྱི་པཎྜི་ཏ་དང་། ཁ་ཆེའི་པཎྜི་ཏ། བལ་པོའི་པཎྜི་ཏ། ཨོ་རྒྱན་གྱི་པཎྜི་ཏ། རྒྱ་ནག་གི་སློབ་དཔོན་སོགས་ཡུལ་གྲུ་མི་གཅིག་པ་ནས་ཕེབས་པ་མང་”ལ།① “རྒྱ་གར་དང་ཁ་ཆེའི་འོག་བྱ་བའི་རྒྱལ་ཁམས་འདི་དག་རང་རེ་རྣམས་ལ་བསྟན་པ་མ་དར་བའི་སྔོན་ནས་རྒྱུས་ཙམ་ཡོད་པ་ནི་འདི་དག་གི་མིང་བྷརཏ་དང་ཀབྨེེར། ཨཔཱརཱབྷཀ་བྱ་བ་རྣམས་ཀྱི་ཚིག་དོན་བསྒྱུར་བ་མིན་པར་འདུག་པས་ཤིན་ཏུ་གསལ།” ② དུས་རབས་བརྒྱད་པ་ནས་དུས་རབས་བཅུ་གཉིས་པའི་བར་གྱི་“ལོ་ངོ་བཞི་བརྒྱའི་དུས་ཡུན་ནང་དུ་ནང་བསྟན་གྱི་ཆོས་གཞུང་རྣམས་ཁ་ཆེ་དང་བལ་པོ་བརྒྱུད་ནས་བོད་ཡུལ་དུ་དར་བ་དང་། གསུང་རབ་བསྟན་བཅོས་རྣམས་ལེགས་སྦྱར་ནས་ཚུར་བོད་ཡིག་ཏུ་བསྒྱུར་གནང་མཛད།” ③ སྔོན་གྱི་ལོ་རྒྱུས་སྟེང་“ལོ་པཎ་རྣམས་ཀྱི་འབྱོན་ལམ་ལའང་ལྷོ་ལམ་དང་ནུབ་ལམ་གཉིས་ཡོད། ལྷོ་ལམ་ནི་བོད་ནས་བལ་ཡུལ་དང་། དེ་ནས་རྒྱ་གར་ཡུལ་དབུས་སུ་བརྟོལ་བའི་ལམ་སྟེ། ལོ་པཎ་ཕལ་ཆེ་བས་ལམ་འདི་དེད་ནས་ཕན་ཚུན་དུ་འབྱོན་བཞུད་མཛད། ནུབ་ལམ་ནི་བོད་ནས་ཁ་ཆེ་དང་། དེ་ནས་ཨོ་རྒྱན་དུ་བརྟོལ་བའི་ལམ་སྟེ། ལོ་ཆེན་རིན་ཆེན་བཟང་པོ་དང་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་སོགས་ནི་ལམ་འདི་དེད་ནས་ཕེབས་པར་སྣང་།” ④ “སྔོན་སྟག་གཟིག་སྐབས་བོད་ཀྱི་ལྷོ་ནུབ་མཚམས་ཀྱི་ཁ་ཆེ་ནས་བརྒྱུད་པ་དང་། བྱང་མཐའི་ལི་ཡུལ་འུ་ཐེན་སོགས་ནས་ཚོང་འབྲེལ་བཙུགས་ཡོད་ལ།” ⑤“བོད་ཡུལ་ནས་ཁ་ཆེ་བརྒྱུད་དེ་ཨ་ཧྥུ་ཧན་དང་ཡ་གླིང་དཀྱིལ་མ། དེ་མིན་ནུབ་གླིང་སོགས་སུ་གླ་རྩིའི་ཚོང་ལམ་བཏོད་ཡོད།” ⑥ དེས་ན་རང་རེའི་ཡིག་ཚང་དུ་གསལ་བའི་ཁ་ཆེའི་ཡུལ་ལམ་ཀསྨིརིའི་ཡུལ་ནི་“ཧི་མ་ལ་ཡའི་ནུབ་རྒྱུད་དུ་ཆགས་ཤིང་། ཤར་མཐའ་ནི་ད་ལྟའི་ཤིན་ཅང་དང་བོད་ལྗོངས་གཉིས་ལ་འདབས་འབྲེལ་དུ་གནས་ཤིང་། ནུབ་བྱང་གི་མཚམས་དེ་པ་ཀི་སི་ཐན་དང་འབྲེལ་ནས་ཡོད། དེ་ལྟར་ཡ་གླིང་དཀྱིལ་མ་དང་ལྷོ་མ།ཤར་མ་སོགས་ཡུལ་གྲུ་མང་ཆེ་བར་འདབས་འབྲེལ་དུ་གནས་པས་ན་འགྲུལ་བཞུད་ཀྱི་ས་ཚིགས་གལ་ཆེན་ཞིག་སྟེ།”⑦《དུང་དཀར་ཚིག་མཛོད་ཆེན་མོ་》རུ། “དེང་སང་ཀ་ཤི་སྨིར་དུ་འབོད་པ་དེ་ནི་སྟོད་མངའ་རིས་དང་ས་འབྲེལ་ཡིན་ཞིང་། རྒྱལ་པོ་གྲི་གུམ་བཙན་པོ་དང་དམག་འཐབ་བྱེད་མཁན་ཁ་ཆེའི་རྒྱལ་པོ་དེ་སུ་ཡིན་བརྟག་དགོས།”⑧ཞེས་གསལ་བས་མངའ་རིས་དང་འབྲེལ་ནས་ཡོད་པ་དེ་ཡིན་པར་མངོན་ནོ། །
          ཁ་ཆེའི་ཡུལ་འདིར་ནང་བསྟན་དར་ནས་ལོ་ངོ་1600ལྷག་གི་ལོ་རྒྱུས་ཡོད་ཅིང་། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་ཆུ་དབུས་པས་སངས་རྒྱས་ཀྱི་ཆོས་ཐོག་མར་སྤེལ་བ་དང་། “ཆུ་དབུས་པ་ཀུན་དགའ་བོ་འདའ་ཁའི་སློབ་མ་དང་སངས་རྒྱས་འདས་རྗེས་ལོ་བརྒྱ་ལོན་ནས་ཁ་ཆེར་ཕེབས་”⑨པ་ཡིན། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་བཀའ་བསྡུ་རིམ་པ་ཁ་ཤས་བྱུང་ཡོད་པའི་ནང་“བཀའ་བསྡུ་གསུམ་པ་ནི་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཚོགས་པའི་ཆོས་ཚོགས་མིན་པར་ཁ་ཆེར་ཡོད་པའི་སྡེ་པ་དག་ཚོགས་ནས་ཚོགས་འདུ་གནང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད་པ་”⑩སྟེ། “སྤྱི་ལོའི་དུས་རབས་དང་པོའི་དཀྱིལ་དུ་ཀུ་ཤ་ནའི་རྒྱལ་རབས་ཀྱི་རྒྱལ་པོ་མི་ཐོག་གསུམ་པ་རྒྱལ་པོ་ཀཎི་སྐའི་དུས་སུ་ཐེག་པ་ཆེ་ཆུང་གཉིས་ཀ་དར་རྒྱས་ཆེ་ཞིང་བཀའ་བསྡུ་གསུམ་པའི་སྦྱིན་བདག་ཀྱང་རྒྱལ་པོ་འདིས་བྱས་ཏེ་ཀཎི་སྐའི་གཙུག་ལག་ཁང་དང་། ཁྲུ་བཞི་བརྒྱ་(འདོམ་བརྒྱ)ཡོད་པའི་མཆོད་རྟེན་ཆེན་པོ་བཅས་བཞེངས་པར་བཤད།”⑪ “ཀུ་ཤ་ནའི་རྒྱལ་རབས་ཀྱི་རྒྱལ་པོ་ཀཎི་སྐའི་དུས་སུ་ཁ་ཆེའི་ཡུལ་དུ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་བྱུང་བ་དང་། སྐབས་དེར་གསུང་རབ་དག་ཡིག་ཐོག་ཏུ་འགོད་དུས་ལེགས་སྦྱར་སྐད་བེད་སྤྱོད་བྱས་ཡོད།”⑫ “ཐམས་ཅད་ཡོད་པར་སྨྲ་བའི་གཞུང་བྱེ་བྲག་བཤད་པ་ཆེན་མོ་བམ་པོ་དགུ་བཅུ་བར་མྱ་ངན་མེད་ཀྱི་སྐུ་དུས་སུ་ལྷ་ཆེན་པོས་གཞི་ལྔའི་སྐོར་ལ་རྩོད་གླེང་བྱས་ཏེ། གནས་བརྟན་པ་རྣམས་ལྷ་ཆེན་པོའི་ཕྱོགས་གཏོགས་མང་བས་ཕམ་སྟེ། དེ་ནས་གནས་བརྟན་རྣམས་ཀྱིས་ཆོས་སྡེ་དོར་ཏེ་ཁ་ཆེར་(Kaśmīra)གནས་གཞིར་བཅས་པས་” ⑬ན། “ཁ་ཆེ་ནི་ཐམས་ཅད་ཡོད་པར་སྨྲ་བའི་གནས་གཞིའི་ལྟེ་བ་ཡིན་པ་ཤེས་ཐུབ། དེ་ལྟར་ཕྱི་ནང་གི་མཐུན་རྐྱེན་ཤིན་ཏུ་འཛོམས་པའི་ཡུལ་ཁ་ཆེར་གནས་གཞི་ལྟེ་བ་གནང་ཐུབ་རྐྱེན་གྱིས་ཧ་ཅང་ཞིབ་ཅིང་རྒྱས་པའི་རྨད་དུ་བྱུང་བའི་མངོན་པའི་གཞུང་རྩོམ་སྒྲིག་ཐུབ་པར་མངོན་”⑭པར་མ་ཟད། ཁ་ཆེའི་ཡུལ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ནང་བསྟན་གྱི་གནས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། 
          རྒྱ་གར་གྱི་ཡུལ་གྷན་ངྷ་སྐུ་བལྟམས་པའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཞལ་བཞུགས་དུས་“ཁ་ཆེར་སློབ་དཔོན་འདུས་བཟང་གིས་མཚོན་མཁས་པ་མང་པོ་བྱོན་པ་དང་། དུས་རབས་བཞི་པའི་སྨད་ཆ་ལ་ལོ་ཆེན་གཞོན་ནུའི་སྲོག་(Kumārajīva,344-413)ཀྱང་ནུབ་ལུང་ཀུ་ཆ་(Koutcha)ནས་ཁ་ཆེར་སློབ་གཉེར་ལ་ཕེབས་ཡོད། དེ་ཙམ་མ་ཟད་ས་ཁུལ་དེ་ནས་རྒྱ་ནག་ལ་ཆོས་སྤེལ་བའི་དགེ་འདུན་ཡང་མང་ཙམ་བྱོན་ཡོད་”⑮པ་དང་། “སྤྱི་ལོ་སྔོན་གྱི་ལོ་80ཡས་མས་སུ་ཁ་ཆེའི་ཡུལ་གྱི་བཙུན་པ་བེེ་རོ་ཙ་ན་(毗卢遮那)ཟེར་བ་ཞིག་ལི་ཡུལ་དུ་ཕེབས་ནས་བསྟན་པ་སྤེལ་ཅིང་འགྲོ་དོན་བསྐྱངས།”⑯ དུས་རབས་བརྒྱད་པའི་འགོར་(c.730-740)པཱ་ལའི་རྒྱལ་རབས་དབུ་བརྙེས་པ་དང་། ཇོ་ནང་ཏཱ་ར་ནཱ་ཐའི་《རྒྱ་གར་ཆོས་འབྱུང་》དུ། “རྒྱལ་པོ་གོོ་པཱ་ལའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང་། བསོད་ནམས་གྲགས་ཀྱི་སློབ་མ་སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། ཁྱད་པར་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་དང་། ཁྱད་པར་བཤེས་གཉེན་དང་། ཤེས་རབ་གོ་ཆ་དང་། འདུལ་འཛིན་སློབ་དཔོན་དཔའ་བོ་ཞེས་པ་རྣམས་བྱུང་ཞིང་།”⑰རྒྱལ་པོ་ངྷརྨ་པཱ་ལའི་(Dharmapala)སྐབས་སུ་ “ཁ་ཆེའི་ཡུལ་དུ་པདྨ་འབྱུང་གནས་དབྱངས་དང་། རྟོག་གེ་བ་ཆོས་འབྱུང་བྱིན་དང་།འདུལ་འཛིན་སེང་གེའི་གདོང་ཅན་ལ་སོགས་པ་བྱུང་།”⑱ཕལ་ཆེར་དུས་དེ་ལ་ཁ་ཆེར་འདུལ་བ་འཛིན་པ་ཛི་ན་མི་ཏྲ་བྱུང་ནས་བསྟན་པའི་སྲོག་འཛིན་པར་མཛད་དོ། ། 
          དུས་རབས་བརྒྱད་པ་ནས་བཟུང་ཁ་ཆེའི་ཡུལ་དུ་རང་ས་གནས་ཀྱི་སྲིད་གཞུང་བཙུགས་ཏེ་དབང་བསྒྱུར་བཞིན་ཡོད་པ་དང་། སྤྱི་ལོ་(1339-1561)བར་དུ་ཁ་ཆེའི་ཡུལ་དུ་ཧྲ་མེར་རྒྱལ་རབས་(Shāh Mīr)ཀྱི་དབང་བསྒྱུར་འོག་དབྱི་སི་ལན་གྱི་སྲིད་དབང་བཙུགས་ཏེ།⑲ སྤྱི་ལོ་1339ལོའི་ཡས་མས་སུ་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་བར་གྲགས། “རབ་བྱུང་བཅུ་གཅིག་པའི་མེ་རྟ་(1666)ཡས་མས་སུ་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་པའི་རྒྱལ་པོ་ཨོ་རན་ཛེབ་ཟེར་བས་རྒྱ་གར་གྱི་ས་ཁུལ་མང་ཆེ་བ་བཟུང་རྗེས་རྒྱ་གར་བྱང་བརྒྱུད་དུ་དམག་དྲངས་ཏེ་དབང་དུ་བསྡུས་སྐབས་ཀསྨི་ར་ཡང་འོག་ཏུ་བཅུག་པ་དེ་ནས་བཟུང་ཀསྨི་རའི་ཡུལ་དུ་སྡོད་པའི་མི་ཚང་མ་དབྱི་སི་ལན་གྱི་ཆོས་ལུགས་ལ་མ་བསྒྱུར་དབང་མེད་བྱུང་ཞིང་། བོད་ས་གནས་སུ་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཚོང་བ་མང་ཆེ་བ་ཐོག་མར་ཀསྨི་ར་ནས་ཡོང་བ་ཡིན་སྟབས་བོད་དུ་ཡོངས་གྲགས་ཀྱི་ངག་རྒྱུན་ལ་དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་ཀསྨི་རའི་མི་རྣམས་ལ་ཁ་ཆེ་ཞེས་འབོད་སྲོལ་དང་། ཀསྨི་ར་ནས་ཐོན་པའི་མེ་ཏོག་གུར་ཀུམ་ལ་ཁ་ཆེ་གུར་ཀུམ་ཞེས་འབོད་སྲོལ་བྱུང་བ་ཡིན་ནོ། །”⑳
          གཉིས། པཎྜི་ཏ་ཛི་ན་མི་ཏྲ་ཉིད་འཚོ་བཞུགས་ཀྱི་དུས་སྐབས།
          དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་ཆ་I.T.J150དང་I.T.J592、I.T.J615སོགས་ཀྱི་མཇུག་བྱང་དུ་“འཛྀ་ན་མྱི་ ཏྲ་”དང་“འཇྀ་ན་མྱི་ཏྲ་”ཞེས་པ་དང་། མངོན་པ་མཛོད་ཀྱི་རང་འགྲེལ་སྐ་བ་དཔལ་བརྩེགས་ཀྱི་འགྱུར་དུས་རབས་བཅུ་གཉིས་པར་འབྲི་བཤུས་བྱས་པ་དེར་ཡང་“འཛི་ན་མྱིད་ཏྲ་”(21)ཞེས་བྲིས་ཡོད། ཁོང་གི་མཚན་ལ་བོད་སྐད་དུ་རྒྱལ་བའི་བཤེས་གཉེན་ཟེར་ཞིང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་དམ་པའི་ཆོས་དར་བར་མཛད་ཕྱིར་བོད་དུ་བྱུང་བའི་པཎྜི་ཏའི་མཚན་ཐོ་བཀོད་པ་ལས་ཁོང་ཉིད་ཨང་བཅུ་བཞི་པར་བགྲངས་འདུག(22) 《བུ་སྟོན་ཆོས་འབྱུང་》དུ། “ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་པར་བྱའོ། །”(23)ཞེས་སློབ་དཔོན་ཛི་ན་མི་ཏྲ་ནི་སློབ་དཔོན་ཤཱཀྱ་འོད་ཀྱི་ཡང་སློབ་ཏུ་བཞེད་མཁན་ཡོད་པར་གསུངས། 《འབྲུག་པའི་ཆོས་འབྱུང་》ལས། སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་མཆོག་གྱུར་བཞི་ཡོད་པ་ལས། མངོན་པ་ལ་རང་ལས་མཁས་པ་བློ་བརྟན། “དེའི་སློབ་མ་གང་བ་སྤེལ། དེའི་སློབ་མ་རྒྱལ་པོའི་སྲས་དང་། ཁ་ཆེ་ཛི་ན་མི་ཏྲ་དང་། ཤཱི་ལེནྡ་བོ་དྷི་ལ་སོགས་པ་ཡིན་ནོ། །”(24)ཞེས་དང་། “ཡོན་ཏན་འོད་ཀྱི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱི་འདུལ་བ་རྒྱ་ཆེར་འགྲེལ་མཛད། འགྲེལ་ཆུང་གི་འགྲེལ་བ་ཚིག་གསལ་མཛད་པ་པོ་དང་གཅིག ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཁ་ཆེའི་མཁན་པོ་ཛི་ན་མི་ཏྲའོ། །” (25)ཞེས་གསལ་བས། སློབ་དཔོན་ཤཱཀྱ་འོད་དང་སེང་གེའི་གདོང་ཅན། ཁ་ཆེའི་མཁན་པོ་ཛི་ན་མི་ཏྲ་གསུམ་ལ་སློབ་བརྒྱུད་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་སྙམ་ལ། ཁ་ཆེའི་མཁན་པོ་ཛི་ན་མི་ཏྲ་ཁོང་ཉིད་འདུལ་མངོན་གྱི་བཤད་རྒྱུན་ལེགས་པར་བསྐྱངས་པ་ལ་ཕྱག་རྗེས་ཆེ་བའང་ཞོར་ལ་རྟོགས་ཐུབ། ཡང་ཡབ་ཁ་ཆེའི་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས་པའི་དཔལ་ནཱ་རོ་པ་ནི། ཁ་ཆེའི་“ཡུལ་དེ་ཉིད་ཀྱི་དགྲ་བཅོམ་པ་ལྔ་བརྒྱའི་བཞུགས་གནས་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་སྟེ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ། སྡེ་སྣོད་གསུམ་པར་གྱུར་ནས་ཡུལ་དབུས་ནཱ་ལེནྡར་བྱོན་” (26)པས་ན། འདི་ལས་དཔལ་ནཱ་རོ་པ་ནི་འདུལ་བ་འཛིན་པ་ཛི་ན་མི་ཏྲ་ཁོང་ཉིད་ཁ་ཆེའི་ཡུལ་དུ་བཞུགས་དུས་ཀྱི་སློབ་བུར་གྱུར་པ་ཞིག་ཡིན་པ་དང་། ཛི་ན་མི་ཏྲ་ཡང་ཡུལ་དེའི་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བཞུགས་མྱོང་བ་རྟོགས་ནུས།
པཱ་ལའི་རྒྱལ་རབས་ཀྱི་དུས་ལ། ཉི་མའི་རིགས་ཀྱི་པཱ་ལའི་རྒྱལ་པོ་བཅུ་བཞི་བྱུང་བའི་ནང་གི་གོོ་པཱ་ལའི་སྐབས་“དེ་དུས་ཁ་ཆེར་ཧྲི་ཧརྴ་དེ་བས་རྒྱལ་སྲིད་བསྐྱངས་ངོ་། ། དེའི་ཚེ་འདུལ་བ་སུམ་བརྒྱ་བ་རྩ་འགྲེལ་རྩོམ་པ་པོ་ཤཱཀྱ་འོད་ནུབ་ཏུ་འཁྲུངས་ནས་ཁ་ཆེར་འགྲོ་དོན་མཛད་ཅིང་། ཁ་ཆེར་དཱ་ན་ཤི་ལ་ཆེན་པོ་དང་ཁྱད་པར་བཤེས་གཉེན་དང་ཤེས་རབ་གོ་ཆ་རྣམས་(འདུལ་འཛིན་དཔའ་པོའང་)བྱུང་ཞིང་ཤར་དུ་ཡེ་ཤེས་སྙིང་པོའང་བཞུགས་ལ།” (27) “པཱ་ལའི་རྒྱལ་པོ་གཉིས་པ་ངྷརྨ་པཱ་ལས་མི་ལོ་སུམ་ཅུ་སོ་གཉིས་རིང་ཆབ་སྲིད་བསྐྱངས།དེའི་དུས་རབས་ནི་ཕྱི་ལོ་བརྒྱད་བརྒྱ་ཡན་མན་ལ་ངོས་འཛིན་བྱེད་ཅིང་།” (28)ཕལ་ཆེར་རྒྱལ་པོ་ངྷརྨ་པཱ་ལའི་(770–815)སྐབས་“བོད་དུ་བྱོན་པའི་ཁ་ཆེའི་ཛི་ན་མི་ཏྲ་དང་སརྦ་ཛྙ་དེ་བ་དང་དཱ་ན་ཤཱི་ལ་སོགས་ཀྱང་བྱུང་ལ།” (29) “བོད་རྗེ་སད་ན་ལེགས་མཇིང་ཡོན་གྱི་སྐབས་རྒྱ་གར་ན་ངྷརྨ་པཱ་ལ་ཡོད་པ་ཡར་ཀླུངས་བང་སོའི་རྡོ་རིང་ལ་ཨོ་རྒྱན་པས་གཟིགས་ཞེས་དེབ་དམར་དུ་བཀོད་པ་གཉིས་ཀ་སྒྲིག་ནུས་” (30)པས་ན། ཁ་ཆེའི་འདུལ་བ་འཛིན་པ་ཛི་ན་མི་ཏྲ་ནི་རྒྱལ་པོ་གོོ་པཱ་ལ་ནས་རྒྱལ་པོ་ངྷརྨ་པཱ་ལའི་བར་དུ་དངོས་སུ་བཞུགས་ཡོད་པར་མངོན་ཏེ། ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་པའི་བརྒྱ་ཕྲག་ཕྱེད་ཕྱི་མ་ནས་དུས་རབས་དགུ་པའི་བརྒྱ་ཕྲག་ཕྱེད་སྔ་མའི་བར་དུ་འཚོ་བཞུགས་གནང་ཡོད་པར་སྙམ། གཞན་ཡང་ཀུན་མཁྱེན་བུའི་ཆོས་འབྱུང་དུ། པ་གོར་བེེ་རོ་ཙ་ན་རཀྵི་ཏ་ལ་སོགས་པ་ནི་མིང་གི་མཐའ་ལ་བརྟགས་ན་བོ་ངྷི་ས་ཏྭའི་མཚན་ཤཱནྟ་རཀྵི་ཏ་ཡིན་པར་མངོན་པས་དེའི་མཁན་བུར་གསལ་བར་གསུངས་པ་ལྟར་རབ་ཏུ་བྱུང་སྐབས་སྡེ་པའི་མིང་གི་མཐའ་ཅན་དང་མཁན་པོའི་མིང་གི་མཐའ་ཅན་གཉིས་སུ་མིང་བརྗེ་བ་བཞིན་“ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ།དང་པོའི་མཁན་པོའི་མིང་གི་མཐའ་ཅན། དཔལ་དང་འོད་དང་། གྲགས་པ་དང་། བཟང་པོ་སྟེ་བཞི་པོ་གང་རུང་གི་མཐའ་ཅན། ཕལ་ཆེན་སྡེ་པ་ལ། ཡེ་ཤེས་དང་། སྦས་པའི་མཐའ་ཅན། གནས་བརྟན་པའི་སྡེ་པ་ལ། འབྱུང་གནས་དང་། གོ་ཆའི་མཐའ་ཅན། ཀུན་གྱིས་བཀུར་བའི་སྡེ་པ་ལ། སྡེ་དང་། འབངས་ཀྱི་མཐའ་ཅན་ཞེས་གྲགས་ཤིང་། བོད་ཀྱི་སད་མི་བདུན་ལ་ཡང་མཁན་པོའི་མིང་གི་མཐའ་ཅན་དུ་ཡོད། དེ་ལྟར་བྱས་པས་སྡེ་པ་མི་འདྲེ་ཞིང་། མཁན་པོ་གང་ལས་རབ་ཏུ་བྱུང་བ་རྟོགས་པའི་དགོས་པ་ཡོད།” (31) དེ་བཞིན་དུ་མཁན་པོ་ཛི་ན་མི་ཏྲ་དང་བོ་ངྷི་མི་ཏྲ། བི་མ་ལ་མི་ཏྲ་སོགས་དང་། ཡང་རྒྱ་གར་གྱི་པཎྜི་ཏ་སུ་ན་ཡ་ཤཱི་མི་ཏྲ་དང་། མཁན་པོ་ཨུ་པཱ་ཡ་ཤཱི་རི་མི་ཏྲ། བི་ནཱ་ཡ་ཤཱི་མི་ཏྲ། ཛྙ་ན་ཤཱི་མི་ཏྲ། ཀ་ན་ཀ་ཤཱི་མི་ཏྲ་སོགས་ཀྱི་བར། དེ་མིན་མཁན་པོ་དཱ་ན་ཤཱི་ལ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ། ངྷརྨ་ཏ་ཤཱི་ལ། རཏྣནྡ་ཤཱི་ལ། སུ་རེནྡ་བོ་ངྷི་དང་ཤཱི་ལེནྡ་བོ་ངྷི་སོགས་ཕན་ཚུན་བར་ལ་མཁན་བརྒྱུད་ཀྱི་འབྲེལ་བ་ངེས་ཅན་རེ་ཡོད་སྲིད་པ་དང་། བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་སུ་བོད་དུ་སྤྱན་དྲངས་པའི་པཎྜི་ཏ་ཕལ་མོ་ཆེའི་མིང་གི་མཐའ་ཕན་ཚུན་འདྲ་བའི་རིགས་མང་དུ་གནས་པས། དེའི་རྒྱུ་མཚན་ལ་བརྟགས་ན་བཙན་པོའི་དུས་སྐབས་སུ་རྒྱ་གར་གྱི་པཎྜི་ཏ་གང་ཡིན་སྤྱན་དྲངས་པ་མ་ཡིན་པར་མཁན་བརྒྱུད་ཀྱི་འབྲེལ་བ་ངེས་ཅན་ལྡན་པའམ། ཡང་ན་པཎྜི་ཏ་སྔ་མ་སྔ་མ་སྤྱན་དྲངས་པའི་ཉེར་ལེན་ལས་དེ་འབྲེལ་གྱི་པཎྜི་ཏ་ཕྱི་མ་ཕྱི་མ་རྣམས་སྤྱན་འདྲེན་བཞིན་ཡོད་སྙམ་མོ། །
          གཉིས་པ། ཁ་ཆེ་ཛི་ན་མི་ཏྲ་བོད་དུ་ཕེབས་པའི་དུས་ཀྱི་སྐོར།
          《སྒྲ་སྦྱོར་བམ་པོ་གཉིས་པ་》རུ། “གཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་” (32)ཞེས་སློབ་དཔོན་ཛི་ན་མི་ཏྲ་ནི་ཉི་འོག་བྱེ་བྲག་སྨྲ་བའམ་ཉི་འོག་གི་མཁན་པོ་ཞིག་ཡིན་པར་གསུངས་པ་དང་། གུ་གེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ཉི་མའི་རིགས་ཀྱི་རྒྱལ་རབས་ཉི་ཟླའི་ཕྲེང་མཛེས་》ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་“ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་བཅས་” (33)ཞེས་སློབ་དཔོན་ཛི་ན་མི་ཏྲ་ནི་ཁ་ཆེའི་པཎྜི་ཏ་ཞིག་ཏུ་ངོས་འཛིན་གནང་ཡོད། འོན་ཀྱང་《བུ་སྟོན་ཆོས་འབྱུང་》དུ། “ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་ཕོག་” (34)ཅེས་དང་། “ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་ངྷི་” (35)ཞེས་སློབ་དཔོན་ཛི་ན་མི་ཏྲ་ལ་ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་ཟེར་བའི་འབོད་ལུགས་མི་འདྲ་བ་གཉིས་བསྟན་འདུག་པས། རྣམ་པ་གཞན་དུ་ན་སློབ་དཔོན་ཁོང་ནི་ཁ་ཆེའི་རིགས་ལས་འཁྲུངས་པའི་པཎྜི་ཏ་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་འཛིན་མཁན་ཉི་འོག་ཏུ་ཡུན་རིང་བཞུགས་མྱོང་བའི་མཁན་པོ་བོད་ལ་ཕེབས་མཁན་ཞིག་ཡིན་ཀྱང་སྲིད། ཆོས་འབྱུང་ལོ་རྒྱུས་ཕལ་ཆེར་ན་སློབ་དཔོན་ཛི་ན་མི་ཏྲས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྣམ་དག་ཁྲིམས་ཁང་གླིང་ནས་དཱ་ན་ཤཱི་ལ་སོགས་དང་མཉམ་དུ་འདུལ་བའི་སྡོམ་ཁྲིམས་འབོགས་ཆོག་དང་འཆད་ཉན་གྱི་སྒོ་ནས་འཕྲིན་ལས་ཀྱི་མཛད་པ་བསྐྱངས་བཞིན་བཞུགས་པར་གསལ་བ་དང་།“ཆོས་རྒྱལ་ཁྲི་སྲོང་གིས་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང་། མཁན་ཆེན་བོ་ངྷི་ས་ཏྭས་མཁན་པོ་དང་། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་བཅུ་པོས་ཁ་སྐོང་མཛད་ནས་” (36)སད་མི་མི་བདུན་སྔ་རྟིང་དུ་རབ་ཏུ་བྱུང་ཞིང་།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་བོད་གངས་ཅན་དུ་རབ་བྱུང་འདུལ་བའི་ལས་ཀྱི་བསྟན་པའི་སྲོལ་ཆེས་ཆེར་དར་བ་དང་། མུ་ནེ་བཙན་པོའི་སྐབས་སུ་“ཀོང་ཡུལ་རྐྱང་བུ་ཚལ་གྱི་གཙུག་ལག་ཁང་དང་། བསམ་ཡས་སུ། འདུལ་བ་དང་། མདོ་སྡེ་དང་། མངོན་པ་སྟེ་སྡེ་སྣོད་གསུམ་གྱི་དུས་མཆོད་ཆེན་པོ་གསུམ་བཙུགས་སོ། །” (37)བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་“ཡབ་ཀྱི་ཚེ་ལ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལ་གསེར་ཕྱེ་མ་མང་དུ་བསྐུར་ནས་གདན་འདྲེན་དུ་བཏང་བའི་པཎྜི་ཏ་མཁན་པོ་པྲ་ཛ་ཝརྨ་དང་། ཤཱཀྱ་སེང་ཧ་དང་། སུ་རེན་དྲ་བོ་ངྷི་དང་། ཛི་ན་མི་ཏྲ་དང་། ངྷ་ན་ཤཱི་ལ་དང་། བིརྱ་སིང་ཧ་ཀ་ར་དང་དྲུག་བྱོན་ནས་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱང་མང་དུ་བསྒྱུར་བར་” (38)གསུངས། སྤྱི་ལོ་814ལོར་བརྩམས་པའི་《སྒྲ་སྦྱོར་བམ་པོ་གཉིས་པ་》རུ། “རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས།........གཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་ངྷི་དང་། དཱ་ན་ཤཱི་ལ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་” (39)ལ་སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་མཛད་པར་གསུངས་པ་ན། ཨཱ་ཙརྱ་ཛི་ན་མི་ཏྲ་ཁོང་ཉིད་སྐད་གསར་བཅད་ཀྱི་ལས་སུ་ཞུགས་ཡོད་པ་ཤེས་ནུས།《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་》རུ། “འོན་ཏེ་བཙན་པོ་རལ་པ་ཅན་གྱི་སྐུ་རིང་ལའང་ཡབ་ཀྱི་བཞེད་པ་མུ་མཐུད་རྗེས་འཛིན་གྱི་ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་ངྷི་དང་། ཤི་ལནྡྲ་བོ་ངྷི་དང་།........ལྷག་པར་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་། སྣ་ནམ་ཞང་ཡེ་ཤེས་སྡེ་ལ་སོགས་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་སྔར་མ་བསྒྱུར་བ་མང་པོ་བསྒྱུར་ཅིང་ཞུད་དག་གཏན་ལ་འབེབས་པ་སོགས་ཀྱི་ཕྱག་རྗེས་ཆེན་པོ་བཞག་པར་” (40)གསུངས་པ་ཐུགས་ལ་མད་དོ། །
          མདོར་ན། “སྟོད་འདུལ་སྨད་འདུལ་གང་གི་ལུགས་ལྟར་ནའང་མཁན་ཆེན་ཞི་བ་འཚོ་དང་དཱ་ན་ཤཱི་ལ། ཛི་ན་མི་ཏྲ་བཅས་ནི་འདུལ་བའི་སྡོམ་རྒྱུན་གྱི་འགོ་ཁུངས་ཡིན་པར་བསྟན་འདུག་པས། སློབ་དཔོན་ཛི་ན་མི་ཏྲ་ནི་བོད་དུ་རབ་བྱུང་གི་སྡེ་གསར་དུ་འཛུགས་པའི་ཐོག་མའི་དུས་སྐབས་” (41)ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་དུ་ཕེབས་པར་འདོད་པ་དང་གཅིག 《སྒྲ་སྦྱོར་བམ་པོ་གཉིས་པ་》རུ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་སྐད་གསར་བཅད་ཀྱི་ལས་ལ་ཞུགས་ཡོད་པར་གསལ་བ་དང་གཉིས། 《རྒྱ་བོད་ཡིག་ཚང་ཆེན་མོ་》སོགས་ཆོས་འབྱུང་ལོ་རྒྱུས་ཁ་ཤས་སུ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་ཛི་ན་མི་ཏྲ་སོགས་བོད་དུ་སྤྱན་དྲངས་པར་འདོད་པ་དང་བཅས་བཞེད་ཚུལ་མི་མཐུན་པ་གསུམ་ཡོད་པས། ཁོང་ཉིད་ཀྱི་འཁྲུངས་འདས་ལོ་ཚིགས་དང་བོད་ལ་ཕེབས་དུས་ཀྱི་སྐོར་ལ་གཅིག་མཐུན་གྱི་བཞེད་ཚུལ་ཞིག་ཆགས་མེད། དེ་བས་སློབ་དཔོན་ཛི་ན་མི་ཏྲ་ཉིད་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མཇུག་ཏུ་བོད་དུ་སྤྱན་དྲངས་པ་ནས་ཕལ་ཆེར་བཙན་པོ་ཁྲི་ལྡེ་སྲོང་བཙན་(798–815) ནས་བཙན་པོ་ཁྲི་གཙུག་ལྡེ་བཙན་(815–841)གྱི་བར་དུ་ལོ་ཙཱ་དང་འཆད་ཉན་སོགས་བཤད་སྒྲུབ་གཉིས་ཀྱིས་རྒྱལ་བསྟན་དྲི་མ་མེད་པ་བོད་གངས་ཅན་གྱི་ཡུལ་དུ་སྤེལ་ཕྱིར་དུས་ཡུན་ཅུང་རིང་པོར་བཞུགས་ཡོད་པར་ངེས་སོ། །
          གསུམ་པ། ཁ་ཆེ་ཛི་ན་མི་ཏྲས་བོད་ལ་བཞག་པའི་མཛད་རྗེས།
          གཅིག བཀའ་དང་བསྟན་བཅོས་མང་དུ་བསྒྱུར་ཞུས་མཛད་ནས་བསྟན་པ་ཡར་ལྡན་དུ་སྤེལ་བ།
བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་ཞིག་བྱུང་ཞིང་རྒྱ་ནག་དང་ལི་དང་ཡུལ་དབུས་དང་ཟ་ཧོར་དང་ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་བ་མང་པོས་མ་གོ་ཞིང་སློབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་ངྷི་དང་། ....... ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་ལ་ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བར་བཀའ་བསྩལ་ཏེ།” (42) སྔར་བསྒྱུར་བ་ཐམས་ཅད་དག་པར་བྱ་ཕྱིར་སྐད་གསར་བཅད་ཀྱི་སྒོ་ནས་གཏན་ལ་ཕབ་པ་དང་། སློབ་དཔོན་ཁོང་གིས་བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་དང་བན་དེ་ཡེ་ཤེས་སྡེ་སོགས་དང་མཉམ་དུ་རྒྱ་གཞུང་བོད་དུ་བསྒྱུར་བ་སྟེ། “བཀའ་འགྱུར་ལས། མདོ་སྡེ་རུ་ཆོས་ཚན་45བཞུགས་ཡོད། བསྟན་འགྱུར་ལས། བསྟོད་ཚོགས་སུ་ཆོས་ཚན་1དང་། དབུ་མ་རུ་ཆོས་ཚན་2བཞུགས། མདོ་འགྲེལ་དུ་ཆོས་ཚན་2དང་།སེམས་ཙམ་པར་ཆོས་ཚན་22བཞུགས། འདུལ་བ་རུ་ཆོས་ཚན་6དང་། མངོན་པ་རུ་ཆོས་ཚན་5བཞུགས། ཚད་མའི་སྐོར་ན་ཆོས་ཚན་1དང་། སྤྲིང་ཡིག་ཏུ་ཆོས་ཚན་1བཞུགས།སྣ་ཚོགས་སུ་ཆོས་ཚན་4བཅས་འགྱུར་ཆོས་མང་པོ་བཞུགས་ཡོད་” (43)པས། ཁོང་ནི་བསྟན་པ་སྔ་དར་སྐབས་ཀྱི་བོད་སྐད་སྨྲ་བའི་པཎྜི་ཏའི་གྲས་ཤིག་ཡིན་པའང་ཤེས་ཐུབ། ད་ལྟ་དབུས་གཙང་དུ་ཉར་བའི་ཏཱ་ལའི་ལོ་མའི་བསྟན་བཅོས་དེ་རིགས་ལས་མང་ཆེ་ཤོས་ནི་བོད་ཀྱི་ལོ་པཎ་རིམ་བྱོན་གྱིས་བོད་འགྱུར་མཛད་པ་དང་མ་མཛད་པ་ཅི་རིགས་ཡོད་པ་ལས། སློབ་དཔོན་ཛི་ན་མི་ཏྲས་མཛད་པའི་གསུང་རབ་དངོས་སམ་ཕྱག་བྲིས་དངོས་ཀྱང་ཡོད་པར་བཤད་ལ།(44) “ཉི་འོག་གི་མཁན་པོ་ཨཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་ངྷི་དང་། ཤཱི་ལེནྡ་བོ་ངྷི་དང་། དཱ་ན་ཤི་ལ་སོགས་ཀྱི་འགྱུར་ནི་ད་ཡོད་བཀའ་འགྱུར་བསྟན་འགྱུར་དུ་མང་པོ་བཞུགས་པར་མ་ཟད་ཏུན་ཧོང་ཡིག་རྙིང་དུ་ཡང་བཞུགས། ཨཱརྱ་ཛི་ན་མི་ཏྲའི་འགྱུར་ནི་མང་ཤོས་ཡིན་ཅིང་མཁན་པོ་གཞན་བཞིའི་འགྱུར་ཐམས་ཅད་གཅིག་ཏུ་བསྡོམས་པས་གྲངས་འབོར་ཕྱེད་ཀ་ཙམ་ཟིན། དེའི་འགྱུར་གྱི་ལྔ་ཆ་གསུམ་བཀར་གཏོགས། དེའི་ནང་ནས་གསུམ་ཆ་གཅིག་གསང་སྔགས་སུ་གཏོགས། ཅིག་ཤོས་བསྟན་བཅོས་ཀྱི་འགྱུར་ཕལ་ཆེར་མདོ་ཕྱོགས་སུ་གཏོགས།དེའི་ཕྱེད་ཀ་འདུལ་བ་དང་སེམས་ཙམ་པར་གཏོགས་ལ།གོང་གི་མཁན་པོ་བཞིའི་བཀའི་འགྱུར་གྱི་སུམ་ཆ་བཞི་མདོ་ཕྱོགས་སུ་གཏོགས། མཁན་པོ་ཛི་ན་མི་ཏྲ་མ་གཏོགས་མཁན་པོ་གཞན་གསུམ་གྱི་འགྱུར་དུ་རིམ་པ་བཞིན་གསང་སྔགས་སུ་གཏོགས་པ་མང་དུ་ཕྱིན་འདུག ཅིག་ཤོས་བསྟན་བཅོས་ཀྱི་འགྱུར་གྱི་བཞི་ཆ་གཅིག་སེམས་ཙམ་པ་དང་། དྲུག་ཆ་གཅིག་དབུ་མ་པར་གཏོགས། སེམས་ཙམ་པའི་སྐོར་མཁན་པོ་ཨཱརྱ་ཛི་ན་མི་ཏྲ་དང་ཤཱི་ལེནྡ་བོ་ངྷིའི་འགྱུར་མང་” (45)ངོ་། །
          《སྡེ་དགེའི་བཀའ་འགྱུར་དཀར་ཆག་》གཞིར་བཟུང་ན། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལ།དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པའི་སོ་ཐར་གྱི་མདོ་ཤློ་ཀ་བདུན་བརྒྱ།(46) དགེ་སློང་མའི་སོ་ཐར་གྱི་མདོ་ཤློ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ། དགེ་སློང་ཕའི་རྣམ་འབྱེད་བཅས་དང་། འཁོར་ལོ་ཐ་མའི་མདོ་བཞུགས་ཚོགས་ཆེ་བ་ལས་འཕགས་པ་དཀོན་བརྩེགས་ཀྱི་སྐོར་ལ། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ། བམ་པོ་བཅུ་དང་ལེའུ་ཉེར་ལྔ་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པའི་ལེའུ་བམ་པོ་ལྔ་དང་ལེའུ་ལྔ། འཕགས་པ་ཀུན་ནས་སྒོའི་ལེའུ་བམ་པོ་གཅིག་པ། ཤློ་ཉིས་བརྒྱ་དྲུག་ཅུ་པ། བཏྶའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་ལེའུ་བམ་པོ་གཅིག་པ། ཤློ་ཀ་ཉིས་བརྒྱ་བ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་བམ་པོ་གཉིས་པ་བཅས་ནི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་ངྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་བཅས་ཀྱིས་བསྒྱུར་ཅིང་ཞུས། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་ལེའུ་བམ་པོ་གཅིག་པ་དང་། གངྒའི་མཆོག་གིས་ཞུས་པའི་ལེའུ། ཤློ་ཀ་བརྒྱ་དང་ལྔ་བཅུ་བ་བཅས་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་བཅས་ཀྱིས་བསྒྱུར་རོ། །ཐེག་ཆེན་གྱི་མདོ་མང་སྐོར་ལ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བམ་པོ་བཞི་པ་དང་།འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། བམ་པོ་གསུམ་དང་། ལེའུ་སོ་བརྒྱད་པ་བཅས་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་བཅས་ཀྱིས་བསྒྱུར་ཞིང་། དེ་ལས་གཞན་པཎྜི་ཏ་ཤཱི་ལེནྡ་བོ་ངྷི་དང་། ཛྙ་ན་གརྦྷ། བུདྡྷ ་པྲ་བྷ། དཱ་ན་ཤཱི་ལ། མུ་ནི་ཝརྨ། པྲ་ཛྙ་ཝརྨ་སོགས་དང་མཉམ་བསྒྱུར་གནང་བའི་ཐེག་ཆེན་མདོ་མང་གི་ཆོས་ཚན་ཡང་ཅུང་མང་དུ་བཞུགས་སོ། །ཐེག་དམན་གྱི་མདོ་མང་གི་སྐོར་ལ། མདོ་ཆེན་པོ་སྒྱུ་མའི་དྲ་བ་བམ་པོ་སོ་གཅིག་དང་ཤློ་ཀ་བཞི་བཅུ་བ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་བམ་པོ་ཕྱེད་པ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་བམ་པོ་ཕྱེད་པ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཤློ་ཀ་བཞི་བཅུ་བ།མདོ་ཆེན་པོ་རྒྱལ་མཚན་དམ་པ་ཤློ་ཀ་བཞི་བཅུ་བ། མདོ་ཆེན་པོ་ལྔ་གསུམ་པ་ཤློ་ཀ་ཉིས་བརྒྱ་ཉི་ཤུ་རྣམས་ནི་པཎྜི་ཏ་ཛི་ན་མི་ཏྲ་དང་། པྲ་ཛྙྰ་ཝརྨ། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར། གསང་སྔགས་ཀྱི་བྱ་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་རྒྱུད་ཀྱི་སྐོར་ལ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤློ་ཀ་བརྒྱད་བརྒྱ་བ་བསྒྱུར་ཡོད་དོ། །
          《སྡེ་དགེའི་བསྟན་འགྱུར་དཀར་ཆག་》ལྟར་ན། བསྟོད་ཚོགས་ཀྱི་སྐོར་ལ། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་དང་། ཤེར་ཕྱིན་གྱི་དོན་སྟོན་པའི་བསྟན་བཅོས་སྐོར་ལ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། མདོ་ཀུན་ལས་བཏུས་པ་ཨཱ་ཙཱརྱ་ནཱ་གཱ་རྫུ་ནས་མཛད་པ། བམ་པོ་ལྔ་པ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུ་བྱས་པ་དང་། བསླབ་པ་ཀུན་ལས་བཏུས་པ་སློབ་དཔོན་ཞི་བ་ལྷས་མཛད་པ། བམ་པོ་བཅུ་བཞི་པ་བཅས་བསྒྱུར་ཡོད་པ་དང་། མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་སྐོར་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བཅས་བསྒྱུར་ཡོད། མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་སྐོར་ལ། རྒྱུ་གདགས་པ་བམ་པོ་དྲུག ལས་གདགས་པ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་བམ་པོ་སུམ་ཅུ་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ། དེ་མིན་འདུལ་བའི་སྡེ་སྣོད་ཀྱི་དགོངས་འགྲེལ་གྱི་སྐོར་དང་། བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་ན་ཡང་མང་ངོ་། ། སྤྱིར་བཀའ་འགྱུར་གྱི་འདུལ་བའི་སྐོར་ནས་ཁ་ཆེའི་སློབ་དཔོན་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་རྣམ་གཉིས་ཀྱིས་མཉམ་བསྒྱུར་གནང་བ་དང་། འཁོར་ལོ་ཐ་མའི་མདོ་ལས་འཕགས་པ་དཀོན་མཆོག་བརྩེགས་པའི་སྐོར་ནས་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞུས་གནང་ཡོད། ཐེག་ཆེན་གྱི་མདོ་མང་སྐོར་ནས་ཁ་ཆེ་ཛི་ན་མི་ཏྲས་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོ་སོ་ལ་མཉམ་འབྲེལ་སྒོས་བསྒྱུར་ཞུས་མཛད། ཐེག་དམན་གྱི་མདོ་མང་སྐོར་ནས་ཁ་ཆེའི་སློབ་དཔོན་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་སྡེ་རྣམ་གཉིས་ནས་མཉམ་བསྒྱུར་གནང་ཡོད་པ་སོགས་ཀྱིས་མཚོན་བཀའ་བསྟན་ཁྲོད་ཁོང་གི་འགྱུར་གཞུང་རྣམས་ཁྱབ་ཁོངས་རྒྱ་ཆེ་ལ་རྣམ་གྲངས་ཅུང་མང་བས། ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ཞང་ཡེ་ཤེས་སྡེ་དང་བཅས་པའི་རྣམ་པ་གསུམ་ལ་“དྲིན་ཅན་གྱི་ལོ་པཎ་གསུམ་”(47) ཞེས་བསྔགས་པ་ཡང་དོན་ལ་གནས་སོ། །
          གཉིས། འདུལ་མངོན་གྱིས་གཙོས་པའི་གཞུང་ཆེན་ཁག་གི་བཤད་རྒྱུན་ཐོག་མར་སྤེལ་བ།
          《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “སྤྱིར་འདུལ་བའི་བཤད་རྒྱུད་ནི། བསྟན་པའི་གཏད་རབས་བདུན་གྱི་འོག་ཏུ་ཕྱིར་མི་འོང་གློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། ཆོས་ཀྱི་བཤེས་གཉེན་གཉིས། སེང་གེ་གདོང་ཅན། དེས་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཞེས་སྟོད་འདུལ་སྨད་འདུལ་གཉིས་མཐུན་པར་ཁས་ལེན་པར་སྣང་།”(48) “གངས་ཅན་གྱི་ལྗོངས་འདིར་འཕགས་ཡུལ་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན། དེ་ལས་སྨར་གཡོ་གཙང་གསུམ་གྱིས་ཞུས། དེས་བླ་ཆེན་དགོངས་པ་རབ་གསལ་དེ་བཞི་ཀས་ཀླུ་མེས། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་བཤད། ཡང་ཛི་ན་དཱ་ན་གཉིས་ལས་ཤཱཀྱ་སེན། ངྷརྨ་པཱ་ལ། ཀླུ་པ་ལོ་ཙཱ་དང་། སྐྱོགས་འདུལ་འཛིན་གཉིས། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཉིས་གཅིག་ཏུ་འདྲེས་པར་”(49)གྱུར་ལ། ད་ལྟའི་བར་ཟམ་མ་ཆད་པར་དར་བའི་འདུལ་བ་སྟོད་འདུལ་དང་སྨད་འདུལ་གྱི་བཤད་རྒྱུན་གཉིས་ཀ་སློབ་དཔོན་ཛི་ན་མི་ཏྲར་ཐུག་ཡོད་པས་ན་བོད་ཡུལ་འདིར་འདུལ་ཁྲིམས་རྣམ་དག་སྤེལ་བ་ལ་སློབ་དཔོན་ཁོང་ཉིད་ཕྱག་རྗེས་ཆེ་བ་རྟོགས་ནུས། 《བུ་སྟོན་ཆོས་འབྱུང་》དུ།“པཎྜི་ཏ་ཛི་ན་མི་ཏྲས་ལོ་ཙཱ་བ་ཀླུའི་རྒྱལ་མཚན་དང་།……བྱ་འདུལ་འཛིན། གྱི་པོ་ཚུལ་འཕགས། ཤ་མི་ལ་སོགས་པའི་བར་དུ་འདུལ་བའི་བཤད་པ་མན་ངག་དང་བཅས་པ་ཡོད་པའི་ཕྱིར་དང་། ཛི་ན་མི་ཏྲས་སྐ་ཅོག་ཞང་གསུམ།……དེའི་སློབ་མ་འབན་རོགས་གཉིས་ལ་སོགས་པའི་བར་དུ་མངོན་པའི་བཤད་ཉན་མ་ཆད་པར་བྱུང་”(50)བར་གསལ་བ་བཞིན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་ཆེན་ཞི་བ་འཚོས་འདུལ་བའི་སྡོམ་རྒྱུན་དང་། སློབ་དཔོན་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་གཉིས་ཀྱིས་འདུལ་བའི་བཤད་རྒྱུན་གཙོ་བོར་སྤེལ་བར་མ་ཟད། མངོན་པའི་བཤད་ཉན་གྱི་རྒྱུན་ཡང་བསྐྱངས་ཡོད་དེ། “ཐེག་པ་ཆེ་ཆུང་གི་མངོན་པ་ནི། ཛཱ་ན་དཱ་ན་གཉིས་ལས་སྐ་ཅོག་སོགས་ཀྱིས་ཐེག་ཆེན་གྱི་མངོན་པ་ཀུན་བཏུས་དང་ཐེག་དམན་གྱི་མཛོད་རང་འགྲེལ་འགྲེལ་བཤད་རྒྱལ་སྲས་མ་སོགས་གསན་ཅིང་བསྒྱུར། དེ་དག་གི་སློབ་མ་སྦ་ཡེ་ཤེས་རྒྱལ་བ་ལས། གྲུམ་རྒྱལ་བ་ཡེ་ཤེས་ཀྱིས་གསན་ནས་རྒྱུན་དར་བ་” (51)སོགས་མདོར་ན། སློབ་དཔོན་ཛི་ན་མི་ཏྲ་ནི་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ལོ་པཎ་གསུམ་གྱི་ཡ་གྱལ་ཏེ། འདུལ་བ་དང་མངོན་པའི་བཤད་རྒྱུན་བོད་ཡུལ་དུ་ཐོག་མར་སྤེལ་མཁན་དང་། གངས་རིའི་ལྗོངས་འདིར་འདུལ་ཁྲིམས་ཀྱི་གཞུང་ལུགས་དང་ཕྱག་ལེན་རྣམ་དག་དར་བ་ལ་བཤད་སྒྲུབ་ཟུང་གིས་མཛད་འཕྲིན་རྒྱ་ཆེར་སྐྱོང་མཁན་གྱི་པཎྜི་ཏ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་མ་ལག་ཆ་ཚང་ཞིག་ཆགས་པར་ལོ་ཙཱ་དང་འཆད་ཉན་གྱི་ཕྱོགས་གཉིས་པོའི་ཐད་ནས་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད་དོ། །
          དཔྱད་གཞིའི་ཡིག་ཆ།
①རྒྱ་ཡེ་བཀྲ་བྷོ། 《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་49
②དགེ་འདུན་ཆོས་འཕེལ། 《དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ》 (སྟོད་ཆ) [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་48-49
③[英]罗伯特•比尔著,向红茄译:《藏传佛教象征符号与器物图解》[M],北京:中国藏学出版社,2007年,第3页。
④རྒྱ་ཡེ་བཀྲ་བྷོ། 《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་50
⑤[法]阿里•玛扎海里著,耿昇译:《丝绸之路》[M],北京:中国藏学出版社,2014年,第529页。
⑥董知珍:《7—18世纪西域与西藏地区佛教交流史》[M],北京:宗教文化出版社,2014年,第33页。
⑦黄春和:《佛教造像艺术》[J],《法音》1995年第9期,第29页。
⑧⑨དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་287; 43
⑩⑪ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》 (སྟོད་ཆ) [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་201; 232
⑫(俄)李特文斯基编,马小鹤译:《中亚文明史》(第三卷修订版)[M],北京:中译出版社, 2017年,第430页。
⑬⑭ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》 (སྟོད་ཆ) [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་251; 251;
⑮⑱ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》 (སྨད་ཆ)[G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་22; 34
⑯董知珍:《7—18世纪西域与西藏地区佛教交流史》[M],北京:宗教文化出版社,2014年,第5页。
⑰ཇོ་ནང་ཏཱ་ར་ནཱ་ཐ། 《རྒྱ་གར་ཆོས་འབྱུང》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་248
⑲(塔)M.S阿西莫夫、(英)C.E博斯沃思主编:《中亚文明史》第四卷(上)[M],北京:中译出版社,2017年,第296页。 
⑳དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་43
(21)པད་མ་བཀྲ་ཤིས། 《དུས་རབས་9ནས་19པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན》 (སྟོད་ཆ) [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་57
(22)(23)བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་203; 166
(24)(25)(26)འབྲུག་པ་པད་མ་དཀར་པོ། 《འབྲུག་པའི་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་72; 79; 173
(27)(29)སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་211; 211
(28)ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》 (སྨད་ཆ) [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་37
(30)དགེ་འདུན་ཆོས་འཕེལ། 《དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ》 (སྟོད་ཆ) [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་238
(31)གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། 《གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ》 (དེབ་ཉེར་གཉིས་པ) [G] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་288
(32)《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》[G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་70
(33)གུ་གེ་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་ཉི་ཟླའི་ཕྲེང་མཛེས》 དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་དང་པོ། [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་217
(34)(35)བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་187; 290
(36)ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། 《ཞེ་ཆེན་རྒྱལ་ཚབ་ཀྱི་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་22
(37)གུ་གེ་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་ཉི་ཟླའི་ཕྲེང་མཛེས》 [G] དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་དང་པོ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་223
(38)ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། 《ཀློང་ཆེན་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་372
(39)《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》[G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་70
(40)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་378
(41)སྐལ་བཟང་སྒྲོལ་མ། 《སྤུ་རྒྱལ་བཙན་པོའི་སྐབས་སུ་བོད་དུ་བྱོན་པའི་རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བའི་སྐོར་ལ་དཔྱད་པ》 [J] ལྷ་ས། 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》 2014ལོའི་དེབ་གཉིས་པ། ཤོག་ངོས་118
(42)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་219
(43)སྒོ་མེ་ཚེ་དབང་རྣམ་རྒྱལ་དང་སངས་རྒྱས་མཚོ། 《དུས་རབས་རིམ་བྱུང་གི་འགྱུར་བྱང་དང་ལོ་པཎ་ཞིབ་འཇུག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་262
(44)གསང་བདག 《སམ་བོད་སྐད་ཡིག་གི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ》 [J] 《ཀྲུང་གོའི་བོད་རིག་པ》 2016ལོའི་དེབ་གཉིས་པ། ཤོག་ངོས་53
(45)ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ》 [G] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་192
(46)འགྱུར་བྱང་དུ། “ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་པ་”ཞེས་གསལ། སི་ཏུ་ཆོས་ཀྱི་འབྱུང་གནས། 《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ཅེས་བྱ་བ་བཞུགས་སོ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་423
(47)(48)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་219; 251
(49)ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་444
(50)བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་200
(51)འཇམ་དབྱངས་མཁྱེན་བརྩེའི་དབང་པོ། 《མཁྱེན་བརྩེའི་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་8