ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ལྗོངས་ཀྱི་ཡུལ་ཁག་འགར་དར་བའི་གླིང་བྲོའི་སྐོར་གྱི་དཔྱད་ཞིབ།

སྤེལ་དུས 2021-09-18 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྒྱང་འཁོར་ཚེ་ཕུན།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཐོག་མར་གླིང་བྲོའི་སྒྱུ་རྩལ་བྱུང་འཕེལ་དང་། བར་དུ་བོད་ལྗོངས་ཁུལ་གྱི་ནག་ཆུའི་དཔལ་མགོན་དང་། ལྷ་སའི་རྭ་སྒྲེང་། ཆབ་མདོའི་རི་བོ་ཆེ། ལྷོ་ཁའི་ཟངས་རི། གཞིས་རྩེའི་རྣམ་གླིང་། ཀོང་པོའི་སྤོ་བོ་སོགས་ས་ཁུལ་སོ་སོར་གླིང་བྲོ་ཇི་ལྟར་དར་ཚུལ་དང་། ད་ལྟའི་གནས་བབས་གླེང་སྟེ། མཇུག་ཏུ་གླིང་བྲོ་འཕེལ་རྒྱས་སུ་ཕྱིན་པའི་བརྒྱུད་རིམ་ནང་དུ་དེའི་ས་ཁུལ་གྱི་རང་བཞིན་དང་། མང་ཚོགས་ཀྱི་རང་བཞིན། སྒོ་འབྱེད་ཀྱི་རང་བཞིན་བཅས་ཇེ་ཆེར་འགྲོ་བའི་ཁྱད་ཆོས་མངོན་ཚུལ་དང་། མིག་སྔར་བོད་ལྗོངས་ཀྱི་གླིང་བྲོའི་སྒྱུ་རྩལ་གྱི་ཞན་ཆ་དང་བླང་བྱ་བཅས་པའི་ཆ་ནས་དཔྱད་ཞིབ་བྱས་ཡོད།
[གནད་ཚིག] བོད་ལྗོངས། གླིང་བྲོའི་ལོ་རྒྱུས། ད་ལྟའི་གནས་བབས། འཕེལ་ཕྱོགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0098-12
          ཐོག་མར་བྲོ་ཞེས་པ་ནི་ཇི་འདྲ་ཞིག་ལ་བརྗོད་དམ་ཟེར་ན། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས་“བྲོ་ནི་ཞབས་བྲོའི་གར་སྟབས་བག་ཕེབས་ལ་རོལ་དབྱངས་ཀྱི་འགྱུར་ཁུག་མྱུར་བ་ཞིག་ཡིན་ཅིང་། དེ་ཡང་ཆབ་མདོ་ཁུལ་གྱི་རལ་པ་དང་དབུས་གཙང་ཁུལ་གྱི་བྲོ་གཞས་སོགས་ཡིན་” ①ཞེས་པ་དང་། འཇུ་མི་ཕམ་གྱི་《གླིང་བྲོ་བདེ་ཆེན་རོལ་མོ་》ལས་“རྐང་པའི་བྲོ་དང་ལག་པའི་གར་སྟབས། ངག་གི་གདུང་དབྱངས་ལྷང་ལྷང་” ②ཞེས་གསུངས་པ་ལྟར། སྒྱུ་རྩལ་དེ་ནི་རོལ་དབྱངས་དང་ཞབས་བྲོ། རྩོམ་རིག་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམངས་ཁྲོད་སྒྱུ་རྩལ་ཞིག་ཡིན་ཅིང་། དེའི་ཞབས་བྲོའི་གར་སྟབས་བག་ཕེབས་ལ། རོལ་དབྱངས་ཀྱི་འགྱུར་ཁུག་མྱུར་བ་དང་། རྩོམ་གྱི་ནང་དོན་སྙན་ཞིང་འཇེབས་ལ་བྱིན་ཆགས་པ་ཞིག་ཡིན། སྒྱུ་རྩལ་དེ་ནི་དར་དུས་སྔ་ལ་དར་ཡུན་རིང་བ་དང་། བོད་ཁུལ་དུ་དར་ཁྱབ་དང་དར་སོ་ཆེ་བ་ཞིག་ཡིན། གླིང་བྲོ་ནི་དེ་ལྟའི་ངག་ལས་གླུ་ཟློས་ཤིང་ལུས་ཀྱིས་གར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་གླིང་སྒྲུང་གི་བརྗོད་དོན་མཚོན་པར་བྱེད་པའི་སྒྱུ་རྩལ་ཞིག་ཡིན་པས། བྲོའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། གླིང་སྒྲུང་རིག་གནས་ཀྱི་མ་ལག་ཏུ་གཏོགས་པ་ཞིག་ཀྱང་ཡིན། འདིར་གཙོ་བོ་བོད་ལྗོངས་ཁུལ་གྱི་གླིང་བྲོའི་སྒྱུ་རྩལ་ཏེ་གླིང་བྲོ་སྤྱིའི་བྱུང་འཕེལ་མདོར་བསྡུས་དང་། བྱེ་བྲག་ཏུ་བོད་ལྗོངས་ཁུལ་གྱི་གླིང་བྲོའི་དར་འཕེལ་དང་། ད་ལྟའི་གནས་བབས། ཕྱིས་འབྱུང་གི་མདུན་ལམ་བཅས་ཀྱི་སྐོར་ནས་གླེང་བར་བྱ་བ་ལ། 
          དང་པོ། གླིང་བྲོའི་བྱུང་འཕེལ་མདོར་བསྡུས།
          གླིང་སྒྲུང་དང་འབྲེལ་བའི་བྲོ་ལ་སྒྲུང་དེ་རང་གི་ནང་དུ་དགའ་སྟོན་རྟེན་འབྲེལ་སྐབས་སུ་དགའ་པོའི་བྲོ་འཁྲབ་པ་དང་སྐྱིད་པོའི་གླུ་ལེན་པའི་རོལ་རྩེད་ཀྱི་རིགས་དང་། གླིང་སྒྲུང་བརྗོད་གཞིར་བཟུང་ནས་བྲོའི་སྒྱུ་རྩལ་གྱི་རྣམ་པས་འཁྲབ་སྟོན་བྱེད་སྲོལ་གྱི་རིགས་གཉིས་ཡོད་ལ། དེ་གཉིས་བར་ལའང་འབྲེལ་བ་དམ་ཟབ་ཡོད་དེ། ཕྱི་མ་དེ་གསར་གཏོད་མ་བྱས་གོང་ནས་སྔ་མ་དེ་གཞི་ནས་ཡོད་པ་དང་། གླིང་སྒྲུང་བརྗོད་གཞིར་བྱས་པའི་བྲོའི་སྒྱུ་རྩལ་དེ་ཉིད་གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་གླིང་སྒྲུང་ནང་དུ་བྲོ་འཁྲབ་སྟོན་བྱེད་པའི་བརྗོད་བྱས་ཤུགས་རྐྱེན་ཐེབས་ཡོད་ངེས་ཡིན། དེ་ཡང་གླིང་སྒྲུང་ནང་དུ་གཞན་ལས་རྣམ་པར་རྒྱལ་བའི་དགའ་སྟོན་རྟེན་འབྲེལ་བྱེད་སྐབས་དང་། ལྷ་གསོལ་བསང་མཆོད། བཀྲ་ཤིས་གཡང་འབོད་བྱེད་པ་སོགས་ཆོ་ག་བྱེད་སྒོའི་ཐོག་ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང་། དབྱངས་ཀྱི་བྱེ་བྲག་ཐ་དད་རྣམས་སྤྱད་ནས་བྲོ་འཁྲབ་སྲོལ་ཡོད་པ་དེས་གླིང་བྲོའི་སྒྱུ་རྩལ་གྱི་སྲོལ་གཏོད་ཀྱི་བྱ་བར་ཐད་ཀའི་མ་དཔེ་མཁོ་འདོན་བྱས་ཡོད་པའམ་ཡང་ན་དེ་ལ་དཔེ་བལྟས་ནས་གསར་གཏོད་མཛད་པར་མཐོང་སྟེ། དཔེར་ན། གླིང་སྒྲུང་སྐོར་ཚན་མ་《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་འཕྲེང་མཛེས་》ཞེས་པར་མཚོན་ན། དེ་ནི་ཁམས་རྫོགས་ཆེན་དགོན་པའི་མཁན་རབས་བདུན་པ་སྔགས་བསྙེན་པད་མ་བཛྲ་ཡིས་མཛད་པ་དང་། དེའི་ནང་དོན་དགོན་དེའི་ཕྱིས་ཀྱི་གླིང་བྲོའི་འཆམ་སྟངས་དང་ཆ་འདྲ་བ་མ་ཟད། གླིང་བྲོའི་སྲོལ་གཏོད་མཁན་གྲུབ་དབང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་ནི་རྫོགས་ཆེན་དགོན་པའི་ཁྲི་ཐོག་ལྔ་པ་ཡིན་པར་མ་ཟད། གང་ཉིད་ནི་མཁན་ཆེན་པད་མ་བཛྲ་ལས་རབ་ཏུ་བྱུང་བ་ཞིག་ཡིན་པས། གང་ཅིའི་ཐད་དེའི་ཤུགས་རྐྱེན་དངོས་ཤུགས་ཅི་རིགས་ཀྱིས་ཐེབས་སྲིད་ངེས། དེ་བཞིན་མི་དབང་ཕོ་ལྷའི་སྐབས་སུ་ལེགས་སྒྲིག་མཛད་པའི་《ཧོར་གླིང་གཡུལ་འགྱེད་》ཀྱི་ནང་དུའང་ཧོར་གུར་དཀར་བཏུལ་ཟིན་པའི་མཚམས་སུ་གར་པ་མི་བདུན་གྱིས་བྲོ་མཇུག་ལ་གཞིས་པ་རྒོད་ཤོར་དང་བྱེས་པ་དོན་འགྲུབ་ཅེས་པའི་བྲོ་འཁྲབ་ཅིང་། དེ་རུ་“དང་པོ་གླུ་བྲོ་འདྲེས་མ་གཅིག་འཁྲབ་དགོས་པའི་གླུ་ལ་ཉོན། རྡོག་བྲོ་ལ་ལྟོས། དོན་ལ་དཔྱོད་ཟེར་ནས་ཐམས་ཅད་ཀྱི་རྔ་སྒྲ་རྡོག་སྒྲ་བསྒྲིགས། ཐ་ན་མིག་གི་ལྟ་ཚུལ་ཡང་གཅིག་པ་བྱས་ནས་གླུ་འདི་རྔ་རྟ་ལ་དྲངས་སོ་” ③ཞེས་གསལ་བར་མ་ཟད། བྲོ་གླུའི་ནང་དོན་ཡང་ཤིན་ཏུ་རྒྱས་པ་ཞིག་བཀོད་ཡོད་ལ། སྒྲུང་ཚན་དེའི་ནང་དུ་སྡུག་གཞུག་བྲོ་ཡིས་ཆོད་པར་ཤོག སྐྱིད་སྣ་གླུ་ཡིས་འདྲེན་པར་ཤོག་ཅེས་དང་། ལྷ་གོང་མའི་དབུ་འཕང་མཐོ་ལེ་དང་། དབུ་ནག་སྐྱིད་ལ་ཞུགས་ལེའི་ཆེད། དགའ་བའི་རྟགས་ལ་བྲོ་གཅིག་འཁྲབ་ཅེས་བྲོ་འཁྲབ་པའི་དགོས་པ་དང་རྒྱུ་མཚན་ཡང་གསལ་པོར་མཚོན་ཡོད། གཞན་ཡང་གླིང་སྒྲུང་《འཛམ་གླིང་སྤྱི་བསང་》ལ་མཚོན་ནའང་། འཛམ་གླིང་སྤྱི་བསང་གི་ཆོ་ག་ཚང་མ་གྲུབ་རྗེས་སྒྲུང་དེའི་མཐའ་མཇུག་དགའ་སྟོན་རྟེན་འབྲེལ་དེ་བཀྲ་ཤིས་བྲོ་ཡིས་ལེགས་པར་མཇུག་སྒྲིལ་བྱས་ཡོད་པ་དང་། དེའི་བྲོ་ཚིག་གི་ནང་དོན་དང་དགོས་པ་དམིགས་ཡུལ་སོགས་དགོན་སྡེ་ཁག་ཏུ་དར་བའི་བྲོའི་སྒྱུ་རྩལ་དང་གཅིག་མཐུན་དུ་མཐོང་བ་བཅས་དང་། ཞིབ་འཇུག་པ་འགའ་རེས་གླིང་བྲོ་ནི་རྟ་རྒྱུག་རྒྱལ་འཇོག་སྐབས་གེ་སར་ལ་རྒྱལ་ཁ་ཐོབ་ནས་གླིང་གི་ཁྲི་བདག་དང་། སྐྱ་ལོའི་རྒྱུ་བདག འབྲུག་མོའི་སྐྲ་བདག་ཏུ་གྱུར་པས་རྟེན་འབྲེལ་རྒྱ་ཆེན་བྱས་པ་དང་། དགའ་སྟོན་བྱེད་སྒོའི་ཐོག་དགའ་པོའི་བྲོ་འཁྲབ་པ་དེ་ཕྱིས་ཀྱི་གླིང་བྲོའི་ཐོག་མའི་འབྱུང་ཁུངས་སམ་མ་མཐར་ཡང་དེ་དང་འབྲེལ་བ་དམ་ཟབ་ཡོད་པར་བཞེད་མཁན་ཡང་ཡོད་པ་བཅས་སོ། །
          ཞབས་བྲོའི་སྒྱུ་རྩལ་གཞུང་ལུགས་དང་། བྲོའི་སྒྱུ་རྩལ་གྱི་གར་གྱི་སྟངས་སྟབས་དང་བྲོ་ཚིག དེ་བཞིན་བོད་ཡུལ་ནས་ཐོན་པའི་བྲག་བརྐོས་རི་མོའི་སྟེང་བྲོ་རའི་བྲོ་པའི་སྟངས་སྟབས་དང་ཉམས་འགྱུར་འཁོད་པ་སོགས་ལས་བསྐལ་པ་ཡ་ོག་གི་དུས་ནས་བོད་རིགས་ཀྱི་མེས་པོ་ཚོས་བྲོའི་སྒྱུ་རྩལ་གྱི་ཐོག་མའི་སྲོལ་གཏོད་ཡོད་པ་མཚོན་ཐུབ། འོན་ཀྱང་གླིང་སྒྲུང་བརྗོད་གཞིར་བཟུང་སྟེ་བྲོའི་སྒྱུ་རྩལ་གྱི་ལམ་ལས་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་དེ་ལ་དེ་ཙམ་གྱི་ལོ་རྒྱུས་ཕུགས་རྒྱུད་ལྡན་མེད། དེའི་ཐོག་མའི་འབྱུང་ཁུངས་ནི་གེ་སར་གྱི་ཐང་ག་དང་འབག་སོགས་སྒྱུ་རྩལ་གྱི་རྣམ་པ་གཞན་དང་འབྲེལ་བ་ཆེ་བར་འདུག་སྙམ་སྟེ། དཔེར་ན་འཇུ་མི་ཕམ་མཆོག་ནས་གླིང་བྲོ་བདེ་ཆེན་རོལ་མོའི་སྲོལ་མ་གཏོད་གོང་དུ་གང་དེས་ལོ་ལྟར་རྩྭ་ཐང་སྟེང་གུར་ཆེན་ཕུབ་ནས་གེ་སར་རྒྱལ་པོའི་ཆོས་སྐོར་སྒྲུབ་ཆེན་ཚོགས་སྲོལ་ཡོད་པ་དང་། དེར་སེང་ཆེན་ནོར་བུ་དགྲ་འདུལ་དང་དཔའ་རྟུལ་སུམ་ཅུའི་ཞལ་ཐང་བསྒྲེངས་ཤིང་། སྤྱན་འདྲེན་བྱིན་འབེབས་གནང་སྐབས་གེ་སར་དཔའ་རྟུལ་དང་བཅས་པ་དངོས་སུ་ཆིབས་པ་བཅིབས་ནས་རང་རང་གི་སྐུ་ཐང་དུ་ཐིམ་པའི་ངོ་མཚར་གྲུབ་རྟགས་བྱུང་བའི་ཤོད་སྲོལ་ཡོད། སྤོ་བོ་རྫོང་གི་མཚོ་ཁ་དགོན་དུའང་གླིང་གི་དཔའ་རྟུལ་སུམ་ཅུའི་ཞལ་ཐང་དང་ཞལ་འབག་བཞེངས་ནས་མཆོད་སྒྲུབ་བྱེད་ཀྱི་ཡོད་ལ། དེ་རྗེས་དཔའ་རྟུལ་སུམ་ཅུའི་ཞལ་འབག་གྱོན་ནས་འཁྲབ་སྟོན་བྱེད་པ་དང་། དེ་རྗེས་ཞལ་འབག་མེད་པར་གླིང་བྲོའི་འཁྲབ་སྟོན་གྱི་བྱེད་སྒོར་འཇུག་པ་ལྟ་བུ་ལས་ངེས་ཤེས་རྙེད་ཐུབ། དེ་ཉིད་གསར་གཏོད་དང་དར་ཁྱབ་འགྲོ་བའི་བརྒྱུད་རིམ་གྱི་ནང་དུ་གླིང་སྒྲུང་ནང་གསལ་བྲོའི་སྒྱུ་རྩལ་དཔེ་རུ་བྱས་པ་དང་། གེ་སར་རྒྱལ་པོར་སྒྲུབ་མཆོད་བྱེད་པའི་ཆོ་གའི་གར་རིགས་ཤིག་རྨང་གཞི་དང་། འཆམ་ལ་སོགས་པའི་སྒྱུ་རྩལ་དང་ཕུན་སུམ་ཚོགས་པའི་དམངས་ཁྲོད་གླུ་བྲོའི་སྒྱུ་རྩལ་གྱི་སྙིང་བཅུད་འདུས་པ་ལས་རིམ་བཞིན་བྱུང་བ་ཞིག་ཏུ་མཐོང་། 
          དེ་ཡང་ཐོག་མར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(1846—1912)《གླིང་བྲོ་བདེ་ཆེན་རོལ་མོ་》ཞེས་ལེ་ཚན་བཞི་དང་རྟེན་འབྲེལ་ལམ་ཡག་བཅས་ལས་གྲུབ་པའི་བྲོ་གཞུང་འདི་བརྩམས་གནང་ཞིང་གང་དེའི་འཁྲབ་གཞུང་གི་སྲོལ་གཏོད་པ་དང་། དེ་ཉིད་སྡེ་དགེའི་ཀཿཐོག་དགོན་དུ་གེ་སར་སྒྲུབ་མཆོད་ཀྱི་ཚུལ་གྱིས་འཆམ་སྲོལ་ཐོག་མར་དར་བའི་ལོ་རྒྱུས་དག་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ། ནང་དོན་བརྗོད་གཞི་དང་གར་གྱི་སྟངས་སྟབས་དམིགས་བསལ་ཅན་གྱི་གླིང་བྲོ་དེ། རྫོགས་ཆེན་དགོན་པའི་ཁྲི་ཐོག་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་(1808-1887)སྐབས་སུ་སྡེ་དགེ་རྫོགས་ཆེན་དགོན་དུ་དར་བ་དང་། དེའི་རྗེས་གང་དེའི་བུ་དགོན་ཁག་དང་སློབ་བརྒྱུད་ཚོས་དར་སྤེལ་རྒྱ་ཆེར་གནང་ཡོད། དེ་ཡང་“རྫོགས་ཆེན་དགོན་པ་ནི་རྙིང་མའི་དགོན་ཆེན་དྲུག་ཏུ་གྲགས་པའི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་དེར་བོད་ཁུལ་དུ་བུ་དགོན་སུམ་བརྒྱར་ཉེ་བ་འཕེལ་ཡོད།རྫོགས་ཆེན་དགོན་པར་གེ་སར་གར་འཆམ་སྲོལ་གཏོད་བྱུང་རྗེས་བུ་དགོན་མང་པོ་ནས་དེར་འཆམ་སྦྱོང་བར་ཡོང་བས།རྫོགས་ཆེན་དགོན་པའི་བུ་དགོན་མང་པོ་ཞིག་ཏུ་གེ་སར་གར་འཆམ་འདི་དར་ཁྱབ་ཆེན་པོ་བྱུང་……ཆོས་སྡེ་ཆེན་མོ་འདི་ལས་ས་དགེ་བཀའ་རྙིང་གི་མཁན་པོ་དང་སྤྲུལ་སྐུ་སོགས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་སློབ་བརྒྱུད་དག་རྒྱུན་མ་ཆད་པར་སློབ་ཐོན་བྱུང་བས། དེ་དག་གིས་རང་སར་མ་ཉམས་པར་གེ་སར་གར་འཆམ་རྒྱུན་འཛིན་དང་དར་སྤེལ་བྱས་པ་རེད་” ④ཅེས་ཆེད་མཁས་པ་བདུད་འདུལ་རྡོ་རྗེ་མཆོག་ནས་གསུངས་པ་ལྟར་དང་། སྒྱུ་རྩལ་དེ་ཉིད་ཐོག་མར་ཁམས་ཁུལ་དང་དེ་མུར་རིམ་བཞིན་བོད་ཁམས་ཀྱི་དགོན་པ་མང་པོའི་ནང་དར་ཁྱབ་ཆེ་བར་སོང་བ་དང་སྦྲགས་དབུས་གཙང་ཁུལ་དུའང་དར་ཁྱབ་བྱུང་བར་སྙམ་མོ། །
          གཉིས་པ། བོད་ལྗོངས་ཀྱི་གླིང་བྲོའི་དར་ཚུལ་དང་ད་ཡོད་ཀྱི་གནས་ཚུལ་སྐོར།
          དེ་ཡང་ཁམས་ཁུལ་དུ་གླིང་བྲོ་དར་ཁྱབ་ཆེན་པོ་བྱུང་བའི་རྗེས་སུ་བོད་ལྗོངས་ཁུལ་དུའང་དེའི་ཤུགས་རྐྱེན་གྱིས་གླིང་བྲོའི་སྒྱུ་རྩལ་གང་ཙམ་དར་ཁྱབ་བྱུང་ཡོད་དེ། བྱང་རྭ་སྒྲེང་དང་། ལྷོ་ཁ་ཟངས་རི། ཆབ་མདོ་རི་བོ་ཆེ། ནག་ཆུ་དཔལ་མགོན་རྫོང་། གཞིས་རྩེ་རྣམ་གླིང་རྫོང་། ཀོང་པོ་སྤོ་བོ་རྫོང་བཅས་སུ་གླིང་བྲོའི་སྒྱུ་རྩལ་དར་ཁྱབ་བྱུང་ཡོད། གཤམ་དུ་བོད་ལྗོངས་ཁུལ་གྱི་གླིང་བྲོའི་འཁྲབ་སྟོན་ཚོ་པ་ཁག་གི་གནས་ཚུལ་མདོར་བསྡུས་ཀྱིས་མཚམས་སྦྱོར་ཞུ་བ་ལ།
          གཅིག རྭ་སྒྲེང་ཁུལ་གྱི་གླིང་བྲོའི་སྐོར། 
          རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་མཆོག་གིས་འཇུ་མི་ཕམ་གྱིས་མཛད་པའི་བྲོ་གཞུང་རྩ་བར་བཟུང་ཐོག་བྲོའི་མཆོད་པ་སོགས་ལེའུ་འགའ་ཟུར་འཇུག་ཁ་སྣོན་མཛད་⑤པ་དང་། ཁམས་ཁུལ་ནས་གནས་སྤོས་གནང་བའི་སྒྱུ་རྩལ་པ་ནོར་བུ་བཟང་པོ་མཆོག་བྲོ་དཔོན་དུ་བསྐོ་བཞག་གནང་ཞིང་གཟུགས་མཛེས་གླུ་གར་ལ་བྱང་པའི་ཕོ་མོ་བརྒྱ་ཙམ་སློབ་མར་འདེམ་སྒྲུག་གནང་ནས་འཁྲབ་འཁྲིད་ལེགས་པར་མཛད། བྲོ་དཔོན་ནོར་བུ་བཟང་པོ་ནས་དབྱངས་དང་གར་གྱི་སྟངས་སྟབས་གསར་སྣོན་ཞུས་ཏེ་རྭ་སྒྲེང་དགོན་དུ་སྤྱི་ལོ་1942ལོར་ཐོག་མར་འཁྲབ་སྲོལ་དབུ་འབྱེད་གནང་བ་གང་ཞིག་ལ་རྭ་སྒྲེང་གི་བྲོ་ཞེས་དབུས་གཙང་ཁུལ་དུ་སྙན་པའི་གྲགས་པའང་ཁྱབ། སྐབས་དེའི་བྲོ་དཔོན་གཞོན་པ་སངས་རྒྱས་བསྟན་འཛིན་གྱི་བུ་ངག་དབང་དོན་གྲུབ་ནི་ད་ལྟ་ལྗོངས་རིམ་པའི་རྭ་སྒྲེང་བྲོའི་རྒྱུད་འཛིན་པ་ཡིན་ལ། ད་ལྟའི་བར་བྲོའི་སྒྱུ་རྩལ་གྱི་སྲོལ་རྒྱུན་བཟང་པོ་སྐྱོང་མུས་སུ་མཆིས། རྭ་སྒྲེང་གི་བྲོ་ལ་རིགས་སུ་དབྱེ་ན་གཉིས་ཡོད་དེ། མཆོད་བྲོ་དང་གླིང་བྲོ་གཉིས་སོ། །དེ་དག་རེ་རེ་ལའང་ལེའུ་དྲུག་རེ་ཡོད་པ་དང་། དེའི་འཁྲབ་མི་ནི་བཅོམ་མདའ་གྲོང་ཚོའི་ཡུལ་མི་ཁོ་ན་ལས་གྲུབ་པས། གྲོང་ཚོ་དེའི་རྒན་རབས་ཚང་མས་བྲོ་འཁྲབ་ཤེས་ཀྱི་ཡོད་མོད། འོན་ཀྱང་འཁྲབ་སྟོན་ལ་དངོས་སུ་ཞུགས་མཁན་ནི་སྔ་ནས་ད་བར་གཞོན་ནུ་ཕོ་མོ་རྣམས་ཡིན་ལ། འཁྲབ་མིའི་མང་ཉུང་ལ་ངེས་པ་མེད་དེ། དེ་སྔོན་བྲོ་པ་མང་བའི་སྐབས་སུ་མི་གྲངས་བརྒྱ་ཡན་ཟིན་གྱི་ཡོད་རུང་། དུས་ཕྱིས་མང་ན་ཕོ་མོ་ཕྱོགས་གཉིས་སུ་མི་ཉི་ཤུ་ལྷག་ཙམ་རེ་ཡོད་པ་དང་། ཉུང་ན་ཕོ་མོ་གཞོན་ནུ་བཅུ་ཙམ་རེ་ཡོད། འོན་ཀྱང་བུ་དང་བུ་མོའི་མང་ཉུང་ནི་གཅིག་པ་དགོས་ཀྱི་ཡོད། རྭ་སྒྲེང་གི་བྲོ་འཁྲབ་སྐབས་རོལ་ཆ་ནི་གླིང་བུ་གཅིག་པུ་ལས་མེད་པ་དང་། འཁྲབ་གོས་སུ་སྔར་ཁྲབ་རྨོག་དང་། ད་དུང་མདའ་གྲི་མདུང་སོགས་ཐོགས་སྲོལ་ཡོད་རུང་། དུས་ཕྱིས་མདའ་གཞུ་སག་ཐག་དང་གྲི་ཐོགས་ལ་རྨོག་གྱོན་པ་ཙམ་ལས། དེ་སྔའི་ཁྲབ་ཀྱི་ཚབ་ཏུ་གོས་ཆེན་གྱིས་བཟོས་པའི་གྱོན་པ་དང་ཁུལ་དེ་རང་གི་ཐོན་རྫས་རྒྱན་གོས་ཀླུབས་ནས་འཁྲབ་སྟོན་ལ་འཇུག་པར་བྱེད། དེ་ཡང་དེ་སྔོན་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཕ་བོང་ཐང་སྐོར་གྱི་དུས་མཆོད་ཆག་མེད་བྱེད་པར་མ་ཟད། ལོ་འཁོར་བཅུ་གཉིས་ནང་ལུག་ལོ་ནམ་འཁེལ་ལ་གནས་དེར་ཐང་སྐོར་དང་རི་སྐོར་བྱེད་ལ། དེའི་སྐབས་སུ་གླིང་བྲོ་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་ཡོད། བར་སྐབས་ཤིག་རིང་གླིང་བྲོའི་རྒྱུན་ཆད་པ་དང་། སྤྱི་ལོ་1987ལོ་ནས་ཕ་བོང་ཐང་སྐོར་གྱི་དུས་ཆེན་སླར་གསོ་བྱུང་བ་དང་སྦྲགས་གླིང་བྲོའི་འཁྲབ་སྟོན་གྱི་སྲོལ་རྒྱུན་ཡང་སླར་གསོ་བྱུང་བར་མ་ཟད། ལྷག་པར་དུ་སྤྱི་ལོ་1991ལོའི་བོད་ལྕགས་ལུག་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཡུན་རིང་རྒྱུན་ཆད་པའི་རྭ་སྒྲེང་ཕ་བོང་ཐང་སྐོར་དུས་ཆེན་དེ་གཟབ་རྒྱས་ངང་སྤེལ་ཞིང་། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་མི་སྣ། དེ་བཞིན་ཕྱོགས་བཞིའི་དད་ལྡན་མང་ཚོགས་སོགས་མི་གྲངས་ཁྲི་གསུམ་ལྷག་ཙམ་འདུ་འཛོམས་བྱུང་ཐོག་རྭ་སྒྲེང་དགོན་པའི་གྲྭ་པ་སྒྲིག་འཛུགས་ཀྱིས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུ་འཆམ་འཁྲབ་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་བྲོ་ཡི་མཆོད་པ་ཕུལ་ཡོད། དེ་སྔོན་རྭ་སྒྲེང་ཕ་བོང་ཐང་སྐོར་དུས་ཆེན་སྐབས་ཕ་བོང་ཐང་ངམ་ཡང་ན་བླ་བྲང་གི་ནང་དུ་བྲོ་འཁྲབ་པའི་སྲོལ་ཡོད་ནའང་། དུས་ཕྱིས་ཕ་བོང་ཐང་སྐོར་གྱི་དུས་ཆེན་དང་། དབྱར་སྐྱིད། དེ་མིན་གྱི་དུས་ཆེན་བཅས་སུ་མང་ཚོགས་རྣམས་ལ་འཁྲབ་སྟོན་བྱེད་པར་འཇུག་པའི་དམངས་ཁྲོད་ཁོ་ནའི་བྱེད་སྒོ་ཞིག་ཏུ་གྱུར་པ་རེད། 
          གཉིས། ལྷ་བུ་ཕུ་ཁུལ་གྱི་གླིང་བྲོའི་སྐོར། 
          རྣམ་གླིང་རྫོང་ལྷ་བུ་ཕུ་ཤང་ཕུ་གྲོང་ཚོར་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུའི་ནང་དུ། ཁྱུང་སྤྲུལ་པད་མ་དབང་ཆེན་གྱི་བཀའ་ལྟར་བསང་གསོལ་སྐབས་སུ་གླིང་བྲོ་འཁྲབ་སྟོན་བྱེད་པའི་སྲོལ་ཐོག་མར་གཏོད། དེ་ཁུལ་གྱི་གླིང་བྲོ་ལ་སྐྱེ་བོ་མང་ཆེ་བས་གླིང་བྲོ་མཁའ་འགྲོ་བདེ་མཆོད་དམ་མཁའ་འགྲོའི་བྲོ་མཆོད་ཅེས་འབོད་སྲོལ་ཡོད། དེ་སྔོན་ཟ་ཕུ་དགོན་པས་སྒྲིག་འཛུགས་གནང་འོག་ཁུལ་དེའི་འབྲོག་དམངས་འཁྲབ་མི་བཅུ་ཙམ་གྱིས་འཁྲབ་སྲོལ་ཡོད་རུང་། “རིག་གསར་”སྐབས་བར་ཆད་བྱུང་རྗེས་སྤྱི་ལོ་2016ལོ་བར་སླར་གསོ་མ་ཐུབ། སྤྱི་ལོ་2016ལོར་གཞི་ནས་ཕུ་གྲོང་ཚོས་གླིང་བྲོ་འཁྲབ་སྟོན་རུ་ཁག་དེ་སླར་གསོ་བྱས་པ་དང་། ད་ལྟ་འཁྲབ་སྟོན་པ་གྲོང་ཚོ་དེ་རང་གི་འབྲོག་པ་28དང་། གྲོང་ཚོ་གཞན་གྱི་འབྲོག་པ་16བཅས་འཁྲབ་མི་ཁྱོན་བསྡོམས་44ཡོད། སྲོལ་རྒྱུན་དེ་ཉིད་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ནག་ཆུའི་གྲགས་ཅན་སྒྲུང་པ་ཚེ་རིང་དགྲ་འདུལ་དང་། ལྷག་པ། ཁམས་གསུམ་དབང་འདུས་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཡོད་དེ། དེའི་བྲོ་ཚིག་ལ་ཚིགས་བཅད་ཤོ་ལོ་ཀ་དགུ་ཡོད་པ་དག་ལས་མཁའ་འགྲོ་སྡེ་ལྔའི་མཆོད་པ་སོགས་སྔར་གྱི་བྲོ་ཚིག་ལག་བྲིས་མ་ཞིག་ཟ་ཕུའི་སློབ་དཔོན་རྡོ་རྗེ་ཆོས་འཕེལ་གྱི་རིགས་སྲས་སྔགས་འཆང་ཨོ་རྒྱན་གྱི་ཕྱག་ཏུ་ཡོད་པ་དེར་སྒྲུང་མཁན་ཚེ་རིང་དགྲ་འདུལ་གྱིས་ཅུང་ཟད་ཁ་སྣོན་བྱས་ཏེ་གྲུབ་པ་དང་། འཁྲབ་སྟོན་བྱེད་སྟངས་ཏེ་ལུས་ཀྱི་སྟངས་སྟབས་དང་གར་གྱི་རོལ་སྟངས། གདངས་དབྱངས་འཐེན་སྟངས། ཐ་ན་རྒྱན་གོས་ཀླུབས་སྟངས་སོགས་གོང་གསལ་སྒྲུང་པ་གསུམ་གྱིས་སློབ་ཁྲིད་གནང་བ་ལས་སྦྱངས་གོམས་མཐར་ཕྱིན་པ་བྱུང་བ་ཞིག་ཡིན། དུས་ཕྱིས་དམངས་ཁྲོད་དུ་ལོ་ལྟར་འཛམ་གླིང་སྤྱི་བསང་དང་། བོད་ཟླ་བདུན་པའི་ཟླ་དཀྱིལ་གྱི་གྲོང་ཚོའི་རྟ་རྒྱུག་དུས་ཆེན་སྐབས་གླིང་བྲོ་འཁྲབ་སྲོལ་ཡོད་པ་དང་། དེ་མིན་ཤང་གི་རྟ་རྒྱུག་དུས་ཆེན་དང་། གསུམ་བརྒྱད་བུད་མེད་དུས་ཆེན། ལྔ་བཞི་གཞོན་ནུའི་དུས་ཆེན། ད་དུང་རྫོང་གི་གླུ་གར་འཁྲབ་སྟོན་བྱེད་སྒོ་སོགས་ཀྱི་སྐབས་གླིང་བྲོ་འཁྲབ་སྟོན་བྱེད་པའི་སྲོལ་ཡོད།
          གསུམ། ཟབ་མོ་ཁུལ་གྱི་གླིང་བྲོའི་སྐོར།
          དཔལ་མགོན་རྫོང་མན་ཐང་ཤང་ཁོངས་སུ་སྔོན་བོད་ཟླ་བདུན་པར་ཟབ་མོ་དགོན་གྱི་གྲྭ་དམངས་དབྱར་གནས་མཇུག་སྒྲིལ་རྗེས་ཀྱི་ལྗོངས་རྒྱུའི་སྐབས་ལྷ་དེའུ་ཀླུ་དེའུ་ཞེས་པའི་གནས་དེར་རྟ་རྒྱུག་དང་དབྱར་སྐྱིད་གཏོང་བའི་སྲོལ་ཡོད་པ་དང་དེའི་སྐབས་གླིང་བྲོ་འཁྲབ་སྟོན་བྱེད་པའི་སྲོལ་ཡོད། དེ་ཡང་སྤྱི་ལོ་1860ཡས་མས་སུ་ཁམས་རྫོགས་ཆེན་དགོན་པའི་བླ་མ་རིག་འཛིན་ཆོས་ཀྱི་ཉི་མ་དབུས་གཙང་ཁུལ་དུ་ཕེབས་པ་དང་། དེ་རྗེས་མི་རིང་བར་བྱང་འབྲོག་ཁུལ་དུ་ཕེབས་ཤིང་ཟབ་མོ་དགོན་པའི་བླ་མར་མངའ་གསོལ་བ་དང་། གླིང་སྒྲུང་ལ་ཤིན་ཏུ་མཉེས་པའི་བླ་མ་ཞིག་ཡིན་པས།  དགོན་པའི་ནང་དུ་གེ་སར་གྱི་གསོལ་ཁ་རྒྱུན་ཆགས་གཏོང་བ་མ་ཟད། ཁུལ་དེའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་སྐབས་གླིང་བྲོ་འཁྲབ་པའི་སྲོལ་གཏོད་པ་དང་། དུས་ཆེན་གྱི་མིང་དུའང་གླིང་དཀར་རྟ་རྒྱུག་ཅེས་བཏགས། དེ་རྗེས་བླ་མའི་ཁྲི་གསོལ་དང་། ལོ་རེའི་དགུ་གཏོར། ནམ་རྒྱུན་གྱི་བསང་གསོལ་སོགས་བྱེད་སྒོ་ཁག་གི་ནང་གླིང་བྲོ་འཁྲབ་པའི་སྲོལ་རིམ་བཞིན་དར་ཁྱབ་དུ་སོང་། འོན་ཀྱང་“རིག་གསར་”ནས་བཟུང་བར་སྐབས་ཤིག་རིང་དེའི་སྲོལ་རྒྱུན་ཆད་པ་དང་། སྤྱི་ལོ་1998ལོར་སླར་གསོ་བྱུང་ཞིང་མང་ཚོགས་དང་དགོན་པའི་གྲྭ་པ་སྒྲིག་འཛུགས་ཀྱིས་ལོ་རེའི་རྟ་རྒྱུག་དུས་ཆེན་གྱི་སྐབས་གླིང་བྲོ་འཁྲབ་སྲོལ་སྐྱར་གསོ་བྱུང་། གླིང་བྲོའི་སྒྱུ་རྩལ་དེ་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་རྗེས་ཁུལ་དེའི་འབྲོག་པ་དབུལ་ཕོངས་སྒྲིག་འཛུགས་ཀྱིས་གླིང་བྲོ་འཁྲབ་སྟོན་བྱེད་པ་དང་། སྤྱིར་འཁྲབ་མི་མི་གྲངས་108ཀྱིས་འཁྲབ་སྟོན་བྱེད་པ་མང་ལ། ཉུང་མཐར་འཁྲབ་མི་ལྔ་བཅུ་ཙམ་དགོས་ཀྱི་ཡོད། དེ་ཁུལ་གྱི་གླིང་བྲོ་ལ་ལེའུ་དྲུག་ཡོད་པ་དང་། ལེའུ་སྔ་མ་ལྔ་པོའི་ནང་སྟབས་བདེའི་གར་སྟབས་དང་གོ་བདེའི་གཞས་ཚིག་ལ་བརྟེན་ནས་གསོན་ཉམས་དོད་པའི་སྒོ་ནས་གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོ། དཔའ་རྟུལ་ཕུ་ནུ་བཅས་པའི་དཔའ་བོའི་གཟུགས་བརྙན་དང་། དེ་བཞིན་ལྷ་ཀླུ་གཉན་གསུམ་དང་དམར་ཡག་སྟག་གིས་གཙོས་པའི་གཅན་གཟན་གྱི་གཟུགས་བརྙན་མངོན་པར་བྱེད་པ་དང་། མཐའ་མའི་བཀྲ་ཤིས་ལེའུའི་ནང་གླིང་སྒྲུང་ལས་སྟག་གཟིག་ནོར་འགྱེད་ཀྱི་བརྗོད་དོན་དག་ཟློས་གར་གྱི་རྣམ་པའི་ཐོག་ནས་འཁྲབ་ཅིང་། དེ་ནི་ནོར་འགྱེད་དང་གཡང་འགུགས་ཀྱི་ཆེད་དུ་ཡིན་པས། འབྲོག་དུད་ཚང་མས་གཡང་སྒམ་གྱི་དོད་དུ་ཁུག་མ་རེ་འཁྱེར་ནས་འཁྲབ་རའི་དབུས་སུ་སྤུངས་ཏེ་ནོར་གཡང་འགུགས་ཐབས་བྱེད་ཀྱི་ཡོད། ཟབ་མོའི་གླིང་བྲོ་ལ་འཇུག་སྐབས་རོལ་མོ་ནི་ལག་ཏུ་དྲིལ་བུ་དང་རྔ་ཐོགས། རྐང་པར་ཨེར་ཁ་བཏགས། རོལ་མོ་དང་གླུའི་གདངས་ཀྱི་འགྱུར་ཁུག་ལ་གཞིགས་ནས་གར་སྟབས་ལ་རོལ། འཁྲབ་མི་སྐྱེས་པའི་གྱོན་པ་ནི་རྨོག་དང་མཚུངས་པའི་ཉི་ཟླ་མེ་རི་རྒྱལ་མཚན་རུ་དར་གྱིས་བརྒྱན་པའི་ཞྭ་མོ་དང་། སྟོད་ཁེབས་སྟོད་གོས་དཀར་པོ། ཕྱུ་པ་སེར་པོ་དང་དོར་མ་སྔོ་སྐྱ་རི་མོ་དམར་མོས་བརྒྱན་པ། ཀོ་ལྷམ་ནག་ཁྲ་ཡུ་བ་ཅན་བཅས་བཀླུབས་པ་དང་། བུད་མེད་ཚོས་ཞྭ་མོ་རིགས་ལྔའི་རྣམ་པ་ཅན། སྟོད་ཁེབས་དང་སྟོད་གོས་དམར་པོ། ཕྱུ་པ་ལྗང་གུའི་ཐོག་པང་གདན་ཁྲ་བོས་བརྒྱན། ཀོ་ལྷམ་དམར་ཁྲ་ཡུ་བ་ཅན་བཅས་ཀླུབ་ཀྱི་ཡོད། འོན་ཀྱང་དུས་རབས་མི་འདྲ་བའི་ནང་ཆ་རྐྱེན་མི་འདྲ་བས་བྲོ་པའི་གྱོན་པ་ལའང་འགྱུར་བ་འགྲོ་བཞིན་ཡོད། དུས་ཕྱིས་ཟབ་མོའི་གླིང་བྲོ་ཚོགས་པས་དེ་ཁུལ་གྱི་མང་ཚོགས་ལ་རྟ་རྒྱུག་སོགས་དུས་ཆེན་འདུ་འཛོམས་ཆེ་སྐབས་གླིང་བྲོ་འཁྲབ་སྟོན་བྱེད་པར་མ་ཟད། རྫོང་དང་གྲོང་ཁྱེར་གྱི་དུས་སྟོན་དང་དགོང་ཚོགས་ཀྱི་སྐབས་སུའང་དེ་བས་ཀྱང་རྒྱ་ཆེ་བའི་མང་ཚོགས་ལ་སྒྱུ་རྩལ་གྱི་སྟོན་མོ་གཤོམ་བཞིན་ཡོད་པ་ན། རྒྱ་ཆེའི་འབྲོག་དམངས་ཀྱི་དགའ་བསུ་ཐོབ་དང་འཐོབ་མུས་ཡིན།
          བཞི། ཆབ་མདོ་རི་བོ་ཆེ་ཁུལ་གྱི་གླིང་བྲོའི་སྐོར།
          དེ་ཁུལ་དུ་གླིང་སྒྲུང་དང་འབྲེལ་བའི་ཞབས་བྲོའི་སྒྱུ་རྩལ་ཁག་གསུམ་ཙམ་ཡོད་དེ། རི་བོ་ཆེ་དགོན་གྱི་གེ་སར་གར་འཆམ་དང་། སྦ་ཤ་དགོན་གྱི་གེ་སར་གར་འཆམ། རི་པ་དགོན་གྱི་གླིང་བྲོ་བཅས་སོ། །དེ་ལས་རི་པ་དགོན་པའི་གླིང་བྲོ་བདེ་ཆེན་རོལ་མོ་ནི་ད་ལྟ་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་དམངས་ཁྲོད་སྒྱུ་རྩལ་ཞིག་ཡིན་པ་དང་། སྤྱི་ལོ་1935ལོའི་ཡས་མས་སུ་རི་པ་དགོན་པའི་ཁྲི་རབས་བཞི་པ་འཇིགས་མེད་ཚེ་དབང་མཆོག་སྤྲུལ་གྱི་བུ་མོ་བཀྲ་ཤིས་དཔལ་མོ་སྐབས་དེའི་ཆབ་མདོའི་སྤྱི་ཁྱབ་ཟོ་ཁང་དབང་ཆེན་ཚེ་བརྟན་གྱི་མནའ་མར་བསུས་པ་དང་། སྐབས་དེའི་རྒྱལ་ཚབ་རྭ་སྒྲེང་གི་དྲུང་དུ་ཡོད་པའི་བྲོ་དཔོན་ནོར་བུ་བཟང་པོའི་བྲོ་པའི་ཁོངས་མི་ཚེ་རིང་རྡོ་རྗེ་ནི་ཟོ་ཁང་གི་ཞབས་འབྲིང་དུ་གྱུར་ནས་དེ་དང་མཉམ་དུ་ཆབ་མདོར་ཕེབས། གང་ཉིད་རི་པ་དགོན་དུ་ཕེབས་སྐབས་ཞོར་དུ་དེ་ཁུལ་གྱི་མང་ཚོགས་དང་དགོན་པའི་གྲྭ་པ་རྣམས་ལ་གླིང་བྲོ་ཁྲིད་གནང་བས།དུས་དེ་ནས་བཟུང་ཁུལ་དེར་གླིང་བྲོ་འཁྲབ་སྟོན་བྱེད་པའི་སྲོལ་རྒྱུན་ཆགས་པར་མ་ཟད། རི་པའི་གླིང་བྲོའི་སྙན་གྲགས་ཡང་ཇེ་ཆེར་སོང་བ་རེད། རི་པ་དགོན་གྱིས་སྲོལ་རྒྱུན་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་ནས་གེ་སར་གྱི་གསོལ་མཆོད་བྱེད་སྒོ་སྤེལ་བ་དང་། བསང་གསོལ་སྨོན་འདེབས་གྲུབ་པའི་རྗེས་དགོན་པའི་ཉེ་འདབས་ཀྱི་རྩྭ་ཐང་དུ་གླིང་བྲོའི་འཁྲབ་སྟོན་ལ་རོལ་ལ། གཞོན་ནུ་ཕོ་མོ་མི་གྲངས་མང་ན་བརྒྱ་ཙམ་དང་ཉུང་ན་དྲུག་ཅུ་ཙམ་ཡོད་པའི་བྲོ་པ་རྣམས་ནི་དགོན་པའི་གྲྭ་བཙུན་དང་། རི་བོ་ཆེའི་ཞེ་དམར་དང་གཡུ་ཕུག སྟེང་ཆེན་རྫོང་གི་རྔ་ལ་དང་གཟི་ར་བཅས་ཀྱི་མང་ཚོགས་ལས་གྲུབ་པ་དང་། འཁྲབ་སྟོན་བྱེད་རིང་མཆོད་པའི་སྐབས་སུ་འཁྲབ་མི་ཚོས་ལག་ཏུ་ཁ་བཏགས་ཐོགས་པ་དང་། གཡང་སྐོར་གྱི་སྐབས་སུ་མདའ་དར་ཐོགས་པ། དེ་མིན་འཁྲབ་སྟོན་རིང་ལ་གྲི་དང་མདའ་གཞུ་ཐོགས་ནས་ཞབས་བྲོར་འཇུག་གི་ཡོད།
          ལྔ། སྤོ་བོ་ཁུལ་གྱི་གླིང་བྲོའི་སྐོར།
          དེ་ཡང་ཉིང་ཁྲི་སྤོ་བོ་རྫོང་ཁུལ་དུ་དར་ཁྱབ་བྱུང་མྱོང་བའི་གླིང་བྲོའི་སྒྱུ་རྩལ་ནི་སྤོ་བོ་རྫོང་ཁམས་ཡུལ་ཤང་སྟག་ཆུ་གྲོང་དུ་ཆགས་པའི་མཚོ་ཁ་དགོན་པའི་གྲུབ་ཆེན་འཆི་མེད་གཡུལ་རྒྱལ་གྱིས་སྤྱི་ལོ་1950ལོའི་གོང་ཙམ་དུ་གསར་གཏོད་གནང་ནས་རིམ་བཞིན་དར་བ་ཞིག་ཡིན་པར་གྲགས། མང་ཚོགས་ཀྱི་ངག་རྒྱུན་དུ་བླ་མ་འཆི་མེད་གཡུལ་རྒྱལ་ནི་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་ཅུའི་ཡ་གྱལ་ཏེ། དཔའ་ལ་སེང་སྟག་ཨ་དོམ་གྱི་སྐུ་སྐྱེ་ཡིན་ཞེས་པའི་ཤོད་རྒྱུན་ཡོད་པ་དང་། ཁོང་ནི་ཁུལ་དེར་སྙན་གྲགས་ཆེ་བའི་བོད་སྨན་ལ་མཁས་པ་ཞིག་ཡིན་པར་མ་ཟད། གླིང་སྒྲུང་ལ་དགའ་བའི་བླ་མ་ཞིག་ཡིན་པས་གང་དེས་གླིང་སྒྲུང་《མཐའ་སྒྲུང་》ཞེས་པའང་ཕབ་མྱོང་བར་གྲགས། དེ་སྔོན་མཚོ་ཁ་དགོན་པར་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་ཞལ་ཐང་དང་ཞལ་འབག་བསྟེན་ཞིང་མཆོད་བཀུར་བྱེད་སྲོལ་ཡོད་པ་དང་། རིམ་བཞིན་གླིང་སྒྲུང་ནང་གི་མི་སྣ་གཙོ་བོ་ཁག་གི་ཞལ་འབག་གྱོན་ནས་འཁྲབ་སྟོན་བྱེད་པ། དེ་རྗེས་བླ་མ་གང་དེ་དང་མཚོ་ཁ་དགོན་པའི་ཤུགས་རྐྱེན་གྱིས་ཁུལ་དེར་ལོ་ལྟར་བོད་ཟླ་“ལྔ་པའི་ཚེས་བཅོ་ལྔ་ཉིན་ཡུལ་ལུང་དེའི་དགོན་སྡེ་ཀུན་གཡས་རིའི་གེ་སར་གསེས་མཁར་འགྲམ་དུ་མཉམ་འཛོམ་ཐོག་གེ་སར་གྱིས་གཙོས་དཔའ་རྟུལ་སུམ་ཅུར་ལོ་རེ་བཞིན་གསོལ་མཆོད་དང་དེ་རྗེས་མཚོ་ཁ་དགོན་པའི་འཆམ་རའི་སྟེང་འཛོམ་ནས་གླིང་བྲོ་མཐའ་གླིང་གིས་གཙོས་པའི་བྲོ་གར་རྣམས་འཁྲབ་སྟེ་དགའ་སྐྱིད་དཔལ་ལ་རོལ་བ་ཡིན་” ⑥ཞེས་གསལ་བ་དང་། ད་ལྟ་ཡང་ཁུལ་དེའི་མང་ཚོགས་ཀྱིས་དགོན་པའི་གཡས་རི་དང་གཡོན་རིའི་གསེས་མཁར་ལ་བསང་གསོལ་བྱེད་སྲོལ་ཡོད་དེ། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་རུ་སྟག་ཤར་གཞོན་པ་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཤིང་ཕྱག་ཏུ་མདའ་གཞུ་བསྣམས་ནས་གཡས་རིའི་གེ་སར་གསེས་མཁར་ལ་བསང་གསོལ་དང་བསྐོར་བ་ལ་འགྲོ་བ་དང་། སྨན་ཆུང་བུ་མོ་རྣམས་ཀྱིས་ཕྱག་ཏུ་མདའ་དར་དང་ཕྱེ་མར་བསྣམས་ནས་གཡོན་རིའི་གསེས་མཁར་ལ་རླུང་རྟ་ཡར་འཕེལ་གྱི་བསང་གསོལ་འཕྲིན་བཅོལ་ལ་འགྲོ་བར་མ་ཟད། བྱེད་སྒོ་དེ་དག་གྲུབ་རྗེས་མཉམ་དུ་དགའ་སྐྱིད་ཀྱི་གླུ་གར་ལ་རོལ་བའི་སྲོལ་ཡོད། “ད་ལྟ་ཡང་གླིང་བྲོའི་བྲོ་ར་དང་འཁྲབ་གནས་ལྷག་པར་དབུས་ཀྱི་གེ་སར་བཞུགས་ཁྲི།གསེས་མཁར་གཡས་གཡོན་གཉིས་སོགས་དངོས་སུ་མཇལ་རྒྱུ་ཡོད།” ⑦ འོན་ཀྱང་ཁུལ་དེའི་གླིང་བྲོའི་སྒྱུ་རྩལ་དེ་ཉིད་ཧ་ལམ་བླ་མ་གང་ཉིད་སྐུ་ཚེ་ལས་འདས་པ་དང་མཉམ་དུ་དགོན་པའི་ནང་ཉམས་སྨད་དུ་སོང་བ་དང་། དུས་ཕྱིས་དམངས་ཁྲོད་དུ་མང་ཚོགས་ཀྱིས་བོད་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་དགའ་སྐྱིད་ཀྱི་གླུ་གར་ལ་རོལ་སྐབས་སྟབས་བདེའི་གླིང་བྲོ་ལ་རོལ་བའི་སྲོལ་ཡོད། དམངས་ཁྲོད་ལས་ཤེས་རྟོགས་ཐུབ་ལ། མཚོ་ཁ་དགོན་པའི་གླིང་བྲོ་ནི་ཐོག་མར་གླིང་གི་དཔའ་རྟུལ་སུམ་ཅུའི་ཞལ་ཐང་དང་ཞལ་འབག་བཞེངས་ནས་མཆོད་སྒྲུབ་བྱེད་པའི་སྲོལ་ལས་འཕེལ་རྒྱས་བྱུང་སྟེ་དགོན་པའི་གྲྭ་པས་འཁྲབ་ཀྱི་ཡོད་པ་དང་། ཕྱིས་སུ་མང་ཚོགས་ཚོས་སྤྱིར་བཏང་པའི་རྒྱན་གོས་བཀླུབས་ནས་འཁྲབ་བཞིན་ཡོད་ལ། དེའི་འཁྲབ་མི་དེ་སྔོན་དགོན་པའི་གྲྭ་པ་ཡིན་པ་དང་། དེ་རྗེས་མང་ཚོགས་ཀྱིས་འཁྲབ་ལ།འཁྲབ་ཡུལ་ནི་སྔར་བཞིན་དགོན་པའི་འཆམ་རའི་ནང་དུ་ཡིན་པ་དང་། འཁྲབ་བྱའི་ནང་དོན་ནི་དགོན་དེའི་བླ་མ་འཆི་མེད་གཡུལ་རྒྱལ་ནས་ཕབ་པའི་《མཐའ་གླིང་》གི་ནང་དོན་ཡིན། དེའི་མི་སྣ་གཙོ་བོའང་གེ་སར་རྒྱལ་པོ་གཙོས་གླིང་སྒྲུང་གི་མི་སྣ་གཙོ་བོ་ནི་ཕ་ཁུ་རྒན་རབས་དང་། མ་སྲུ་མོ་སྨན། ཡང་ཐུལ་དམ་པ་མི་བདུན། གཅེས་ཕྲུག་བཅུ་གསུམ་སོགས་ཡིན།
          དྲུག ཟངས་རི་ཁུལ་གྱི་གླིང་བྲོའི་སྐོར།
          ཟངས་རིའི་གླིང་བྲོའི་ཐོག་མའི་དར་ཡུལ་རྫིང་ཕྱི་སྤྲིང་མཚོ་ལྷ་ཁང་ནི་རྙིང་མ་དང་བཀའ་བརྒྱུད་རིས་མེད་དུ་བསྟེན་པའི་དགོན་པ་ཞིག་ཡིན་པ་དང་། རྭ་སྒྲེང་སྐུ་ཐོག་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ལས་སྤྲིང་མཚོ་དགོན་གྱི་བླ་རབས་བཞི་པ་གང་ཤར་རིན་པོ་ཆེ་དབྱིངས་རིག་རང་ཤར་གྱིས་གསན་བཞེས་གནང་ཐོག་གང་དེའི་བཀའ་དགོངས་ལྟར་དགོན་དེའི་གྲྭ་པ་དང་མང་ཚོགས་ལ་སློབ་སྐྱོང་གནང་ནས་དེ་ཁུལ་དུ་དར་འཕེལ་བྱུང་བ་ཡིན། དེ་དར་བའི་ཞིབ་ཕྲའི་དུས་ཚོད་མི་གསལ་རུང་། རྭ་སྒྲེང་དགོན་གྱི་གླིང་བྲོའི་དར་དུས་དང་རྭ་སྒྲེང་སྐུ་ཕྲེང་ལྔ་པའི་ལོ་རྒྱུས་བཅས་ལ་གཤིབ་བསྡུར་བྱས་ཚེ་ཟངས་རི་སྤྲིང་མཚོ་ཁུལ་དུ་གླིང་བྲོ་དར་བའི་དུས་ནི་སྤྱི་ལོ་1942ལོ་ནས་1947ལོའི་བར་ཡིན་པར་ངེས་པ་དང་། ཐོག་མར་རྫིང་ཕྱི་སྤྲིང་མཚོ་དགོན་པའི་གྲྭ་པ་བཞི་བཅུ་ཙམ་ལ་གླིང་བྲོ་སློབ་ཁྲིད་གནང་ཞིང་། གྲྭ་པ་ཀརྨ་ཡོན་ཏན་དང་ཚེ་རིང་དོན་གྲུབ། ཨ་སེང་སྒྲུབ་རྒྱུད་སོགས་ཕུལ་དུ་བྱུང་བའི་འཁྲབ་མི་གསོ་སྐྱོང་གིས་ལོ་རེའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་ཁུལ་དེའི་ཡུལ་ལྷ་སྟེ་གེ་སར་ལ་བསང་གསོལ་དང་དགྲ་ལྷ་དཔང་བསྟོད་ཀྱི་གོས་སྐུ་བཤམས་སྟོན་གྱི་བྱེད་སྒོའི་ནང་གླིང་བྲོ་འཁྲབ་སྟོན་བྱེད་པའི་སྲོལ་དར་བ་དང་། རིམ་བཞིན་མང་ཚོགས་ཀྱི་ཁྲོད་ནས་འཁྲབ་མི་སྒྲིག་འཛུགས་ཀྱིས་འཁྲབ་སྟོན་བྱེད་སྲོལ་དར། “རིག་གསར་”གྱི་སྐབས་ནས་གླིང་བྲོའི་འཁྲབ་རྒྱུན་དེ་ཡང་དུས་ཡུན་རིང་ཙམ་ཞིག་ཏུ་རྒྱུན་ཆད་པ་དང་། སྤྱི་ལོ་2016ལོར་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་གནང་འོག་ཁུལ་དེར་གླིང་བྲོའི་འཁྲབ་རྒྱུན་ཉམས་པ་སླར་གསོ་བྱུང་། གླིང་བྲོའི་རྒྱུད་འཛིན་པ་རྒན་ཚེ་རིང་དོན་གྲུབ་ཀྱིས་སློབ་ཁྲིད་གནང་འོག་མང་ཚོགས་ཉི་ཤུ་ཙམ་ལ་སྒྲིག་འཛུགས་ཀྱིས་སྲོལ་རྒྱུན་ལྟར་ལོ་རེར་ཐེངས་རེ་འཁྲབ་སྟོན་གནང་བཞིན་ཡོད། དུས་ཕྱིས་སུ་འཁྲབ་སྟོན་རྒྱུན་སྐྱོང་བཞིན་པའི་རྫིང་ཕྱིའི་གླིང་བྲོ་ནི་རྭ་སྒྲེང་གླིང་བྲོའི་ནང་དོན་དང་བསྡུར་ན་སྟབས་བདེ་བའི་ཚུལ་དུ་གནས་ཤིང་། བྲོ་ཚིག་གི་ནང་དུ་ཁུལ་དེའི་རིག་གནས་ཀྱི་ནང་དོན་གསར་པ་བསྣན་པ་དང་། ལྷག་པར་དུ་མང་ཚོགས་ལ་འཁྲབ་སྟོན་བྱེད་སྐབས་གླིང་བྲོ་ཁོ་ན་མིན་པར་གླིང་སྒྲུང་ནང་གི་དུམ་བུ་རེ་འགའ་བདམས་ནས་འཁྲབ་སྟོན་དང་འཆད་གྱེར་གནང་བཞིན་ཡོད།
          གསུམ་པ། བོད་ལྗོངས་ཀྱི་གླིང་བྲོ་འཕེལ་འགྱུར་གྱི་ཁྱད་ཆོས་དང་དེ་ལས་འཕྲོས་པའི་གླིང་བྲོའི་མདུན་ལམ་སྐོར་གྱི་བསམ་གཞིག
          དེ་ཡང་གླིང་བྲོའི་སྒྱུ་རྩལ་དེ་ཉིད་བོད་ལྗོངས་སུ་ཐོག་མར་དར་བ་དང་དེ་མུར་ཁྱབ་གདལ་དུ་འགྲོ་བའི་བརྒྱུད་རིམ་ནང་དུ་འཕེལ་འགྱུར་གང་འཚམ་བྱུང་དང་འབྱུང་བཞིན་ཡོད་དེ་དེའི་ས་ཁུལ་གྱི་རང་བཞིན་དང་། མང་ཚོགས་ཀྱི་རང་བཞིན། སྒོ་འབྱེད་ཀྱི་རང་བཞིན་བཅས་ཇེ་ཆེར་འགྲོ་བའི་ཁྱད་ཆོས་མངོན་ཡོད། གཤམ་དུ་དེ་དག་རེ་རེ་བཞིན་རགས་ཙམ་ཞུ་བ་ལ།
          གཅིག དེ་ཡང་ཆུ་ལ་འགོ་དང་ཤིང་ལ་རྩ་བའི་དཔེ་ལྟར་གླིང་བྲོའི་སྒྱུ་རྩལ་གྱི་ཐོག་མའི་སྲོལ་གཏོད་པ་པོ་ནི་འཇུ་མི་ཕམ་དང་འབྱུང་ཁུངས་ནི་ཁམས་ཁུལ་ཡིན་པ་གང་ཞིག་བོད་ལྗོངས་ཀྱི་ཡུལ་ལུང་མི་འདྲ་བའི་ནང་དུ་དར་ཁྱབ་བྱུང་བ་ན། རྗེས་སུ་དེ་ལ་ཡུལ་ལུང་སོ་སོའི་ས་ཁུལ་རིག་གནས་ཀྱི་ཤུགས་རྐྱེན་གང་འཚམ་ཐེབས་ནས་གཞན་འགྱུར་དུ་འགྲོ་བ་དང་། དེ་བཞིན་དུ་ས་ཁུལ་དེའི་ཁྱད་ཆོས་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད། རྭ་སྒྲེང་དགོན་གྱི་གླིང་བྲོ་དེ་ཉིད་སྔར་གྱི་འཇུ་མི་ཕམ་གྱིས་མཛད་པའི་བྲོ་གཞུང་ཐོག་བྲོ་ཡི་མཆོད་པ་སོགས་ཟུར་འཇུག་ཁ་སྣོན་མཛད་པས་ས་ཁུལ་རང་བཞིན་ཅན་གྱི་རྭ་སྒྲེང་མཆོད་བྲོར་གྱུར་པ་དང་། ཟངས་རི་སྤྲིང་མཚོའི་གླིང་བྲོའི་གཞས་ཚིག་གི་ནང་དུ་དེ་ཁུལ་གྱི་སྲུང་མ་གེ་སར་དང་གེ་སར་རྟེན་མཁར་སོགས་ཁ་སྣོན་ནམ་བསྒྱུར་བཟོ་བྱས་ཡོད་པ། ཟབ་མོ་དགོན་པའི་གླིང་བྲོའི་ནང་མཐའ་མཇུག་གི་བཀྲ་ཤིས་དོད་དུ་སྟག་གཟིག་ནོར་འགྱེད་ཀྱི་ནང་དོན་བསྣན་ཡོད་པ། ལྷ་བུ་ཕུའི་གླིང་བྲོ་དེའང་མཁའ་འགྲོའི་མཆོད་པ་ཙམ་དུ་གྱུར་ནས་མིང་དུའང་མཁའ་འགྲོའི་བྲོ་མཆོད་དུ་འབོད་བཞིན་ཡོད་པ། སྤོ་བོའི་གླིང་བྲོ་དེའང་དེ་ཁུལ་གྱི་སྒྲུང་པས་ཕབ་པའི་གླིང་སྒྲུང་སྐོར་ཚན་མ་《མཐའ་སྒྲུང་》གི་བརྗོད་དོན་ཡིན་པ་བཅས་དང་། དེ་བཞིན་དུས་ཕྱིས་མང་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་ཁུལ་སོ་སོའི་གླིང་བྲོའི་སྒྱུ་རྩལ་དེའང་ཟློས་གར་གྱི་རྣམ་པ་དང་ཟུང་དུ་འབྲེལ་ནས་འཁྲབ་སྟོན་བྱེད་པའི་འཕེལ་ཕྱོགས་གསར་པ་ཞིག་རིམ་བཞིན་མངོན་ཡོང་བ་དང་། ཡུལ་ལུང་སོ་སོའི་གླིང་བྲོ་འཁྲབ་མཁན་གྱི་མང་ཉུང་དང་ཕོ་མོ། འཁྲབ་ས་སོགས་ཀྱི་ཐད་རང་མོས་ཅུང་ཆེ་བ། འཁྲབ་ཆས་ཏེ་རྒྱན་གོས་གོ་མཚོན་དང་རོལ་མོ་སོགས་ལའང་ཡུལ་ལུང་སོ་སོའི་དམངས་ཁྲོད་སྲོལ་རྒྱུན་གྱི་རྒྱན་གོས་དང་ཡུལ་གྱི་ཐོན་ཁུངས་ཀྱི་ཁྱད་ཆོས་མངའ་བ་སོགས་མདོར་ན་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་གླིང་བྲོའི་སྒྱུ་རྩལ་གྱི་ས་ཁུལ་རང་བཞིན་མངོན་གསལ་ངང་ཇེ་ཆེར་འགྲོ་བཞིན་ཡོད།
          གཉིས། གླིང་བྲོའི་སྒྱུ་རྩལ་དེ་ཉིད་ཐོག་མར་སྲོལ་གཏོད་པ་དང་། དེ་རྗེས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་མང་པོར་དར་འཕེལ་བྱུང་བའི་བརྒྱུད་རིམ་ཁྲོད་དུ་དགོན་སྡེ་ཁག་གི་དམིགས་བསལ་གྱི་ནུས་པ་དང་བླ་སྤྲུལ་མང་པོའི་བློ་གྲོས་ཀྱི་རྩལ་དང་བརྩོན་འགྲུས་ཀྱི་མཐུ་ལ་བརྟེན་པ་དང་། དེ་ཉིད་ས་ཕྱོགས་གང་དུ་དར་ཡང་ཕལ་ཆེར་གྲྭ་བཙུན་དང་ས་ཁུལ་གང་དེའི་མང་ཚོགས་ཀྱིས་རོལ་བའི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད། དེ་ཡང་བོད་ལྗོངས་ཁུལ་གྱི་གླིང་བྲོའི་འཁྲབ་རྒྱུན་ལས་གཞིགས་ཚེ་དམངས་ཁྲོད་གླིང་བྲོ་དེ་དག་ཀྱང་དགོན་སྡེ་ཁག་ལས་བྱུང་བའམ་དགོན་སྡེའི་ཉེ་འདབས་ཀྱི་མང་ཚོགས་ཀྱི་ཁྲོད་དུ་དར་བ་ཤས་ཆེ། ཆབ་མདོའི་རི་བོ་ཆེ་དང་ནག་ཆུའི་དཔལ་མགོན། ལྷ་སའི་རྭ་སྒྲེང་། ལྷོ་ཁའི་ཟངས་རི། གཞིས་རྩེའི་རྣམ་གླིང་བཅས་སུ་དར་ཁྱབ་ཏུ་ཕྱིན་པའི་གླིང་བྲོ་དག་ནི་རི་བོ་ཆེ་དགོན་དང་རི་པ་དགོན། ཟབ་མོ་དགོན། རྭ་སྒྲེང་དགོན། སྤྲིང་མཚོ་དགོན། ཟ་ཕུ་དགོན་བཅས་དང་འབྲེལ་བ་དམ་ཟབ་ཏུ་ཡོད་ལ། དེ་དག་ཐོག་མར་དགོན་སྡེའི་བླ་མ་ཁག་གི་བཀའ་དགོངས་སྐུལ་སློང་དང་ཕྱག་བཞེས་གནང་འོག་དར་ཁྱབ་བྱུང་བ་ཤ་སྟག་ཏུ་ངེས་པ་ལྟ་བུའོ། །དེའི་བརྒྱུད་རིམ་ནང་དུ་དགོན་པའི་འཆམ་དང་དམངས་ཁྲོད་བྲོ་ཡི་ཤུགས་རྐྱེན་ཆེན་པོ་ཐེབས་ལ། དེས་རྐྱེན་གྱིས་ཁུལ་ལ་ལའི་གླིང་བྲོའི་སྒྱུ་རྩལ་དེའང་སྒྱུ་རྩལ་རྣམ་པའི་ཐད་རིགས་གཉིས་སུ་གྱེས་ཡོད་དེ། གར་འཆམ་གྱིས་ཤན་ཞུགས་པའི་གླིང་བྲོ་ནི་དགོན་པའི་ནང་དུ་རོལ་ཤས་ཆེ་བ་དང་། འཁྲབ་མི་དགོན་པའི་གྲྭ་པ་གཙོ་བོར་བྱེད་ལ། གེ་སར་རྒྱལ་པོས་གཙོས་པའི་གླིང་གི་དཔའ་རྟུལ་དང་མ་སྲུ་མོ་སྨན། དེ་བཞིན་གླིང་གི་ཡི་དམ་ལྷ་ཚོགས་དང་སྲུང་མའི་འདྲ་འབག་དང་། ཆས་གོས་སོགས་གྱོན་ཞིང་གོ་ཁྲབ་ཀྱིས་བརྒྱན་པའམ་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཁྲབ་ལ་རོལ་བ་ཡིན། དམངས་ཁྲོད་བྲོའི་ཤན་ཞུགས་ཆེ་བའི་གླིང་བྲོ་ནི་མང་ཚོགས་ཀྱིས་འཁྲབ་སྟོན་བྱེད་པ་ཤས་ཆེ་ལ། རྒྱན་གོས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་ཞབས་གཞས་ལ་འཇུག་གི་ཡོད་པར་མ་ཟད། དུས་ཕྱིས་ཀྱི་གླིང་བྲོ་ཕལ་ཆེ་བ་ནི་མང་ཚོགས་ཀྱིས་འཁྲབ་སྟོན་བྱེད་པ་ཤས་ཆེ་བར་གྱུར་ཡོད། འཁྲབ་སྟོན་བྱེད་པའི་དུས་ཚོད་ཀྱི་ཆ་ནས་བལྟས་ན། སྔར་འཛམ་གླིང་སྤྱི་བསང་གཙོ་བོར་བྱས་པའི་ཚེས་བཟང་དུས་བཟང་དང་དགོན་པའི་ཆོས་ཀྱི་ཆོ་ག་གྲུབ་མཚམས་སུ་འཁྲབ་སྟོན་བྱེད་པའི་སྲོལ་ཡོད་པ་དང་། དུས་ཕྱིས་རིམ་པ་ཁག་གི་སྒྱུ་རྩལ་འགྲན་བསྡུར་བྱེད་སྒོ་དང་དགོང་ཚོགས་སོགས་ཀྱི་སྐབས་སུའང་འཁྲབ་སྟོན་བྱེད། གཞན་ཡང་བྲོའི་སྒྱུ་རྩལ་འཁྲབ་སྟོན་བྱེད་པའི་དམིགས་མཁོའི་ཐད་གནའ་དེང་ཕན་ཚུན་བསྡུར་ནས་བལྟས་ཚེ། གོང་ཞུས་ལྟར་གླིང་བྲོའི་འཁྲབ་སྟོན་དང་བསང་གསོལ་བྱེད་སྒོ་འབྲེལ་བ་ཆེ་སྟེ། གླིང་བྲོ་འཁྲབ་སྟོན་བྱེད་པའི་བྱེད་སྒོ་དེ་ཐོག་མར་ལྷ་གསོལ་བསང་གཏོང་དང་རྟེན་འབྲེལ་བྱེད་སྒོའི་སྐབས་སུ་དར་བ་དང་། དེ་ཡང་སྔོན་དུ་དགོན་པ་ཁག་ཏུ་དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་ལ་མཆོད་འབུལ་དང་འཕྲིན་བཅོལ་གྱི་བྱེད་སྒོ་སྤེལ་བ་དང་། དེ་མུར་བསང་གསོལ་གཟབ་རྒྱས་བྱས་རྗེས་མཇུག་སྒྲིལ་བཀྲ་ཤིས་ཀྱི་ཚུལ་དུ་བྲོ་གར་ལ་རོལ་སྲོལ་ཡོད་པས། དོན་དུ་བྲོ་ལ་རོལ་བ་དེའང་གསོལ་མཆོད་དང་བསང་གསོལ་བྱེད་སྒོའི་གྲུབ་ཆ་ཞིག་ཡིན། བསང་གཏོང་བ་ནི་ལྷ་སྲུང་ལ་དྲི་ཞིམ་ཤིང་གི་དུད་པའི་མཆོད་པ་ཕུལ་བ་ཡིན་ལ། བྲོ་འཁྲབ་པ་དེའང་ལྷ་སྲུང་ལ་སྙན་པའི་གདངས་དང་འཇེབས་པའི་ཚིག སྒེག་པའི་ཉམས་ཀྱིས་མཆོད་བསྟོད་བྱས་ཏེ། ལྷ་དགྱེས། ཀླུ་མགུ། གཉན་དགའ་བར་བྱས་ནས་སྟེང་ཕྱོགས་ལྷ་ཡི་ཁ་མགོན། བར་ཕྱོགས་གཉན་གྱི་གདོང་གྲོགས། འོག་ཕྱོགས་ཀླུ་ཡི་གཡང་དང་འདོད་ཡོན་ཐོགས་པ་མེད་པ་ཡོང་བའི་ཆེད་དུ་ཡིན། གླིང་བྲོ་ལ་བྲོ་མཆོད་དམ་མཆོད་བྲོ། མཁའ་འགྲོ་བདེ་མཆོད་བཅས་སུ་འབོད་པའང་དེའི་ཐོག་མའི་དམིགས་མཁོ་དང་སྦྱར་ནས་བཏགས་པར་སྙམ། འོན་ཀྱང་ཕྱིས་སུ་དེ་ནི་ལྷ་རྣམས་མཆོད་ཅིང་དགའ་བར་བྱེད་པའི་དམིགས་མཁོ་རྐྱང་པ་ཞིག་མིན་པར་གཙོ་བོ་མི་རྣམས་ལ་མིག་ཡིད་རྣ་བའི་སྟོན་མོ་བཤམས་ནས་སྤྲོ་སྐྱིད་སྤེལ་བའི་ཕྱོགས་སུ་རིམ་འགྱུར་འགྲོ་བཞིན་ཡོད་ལ། འཇིག་རྟེན་པའི་འཚོ་བའི་ཕྱོགས་སུ་འཕེལ་འགྱུར་འགྲོ་བཞིན་པ་སོགས་མདོར་ན་སྒྱུ་རྩལ་དེའི་མང་ཚོགས་ཀྱི་རང་བཞིན་གང་དེ་མངོན་གསལ་དུ་ཇེ་ཆེར་འགྲོ་བཞིན་པ་རེད།
          གསུམ། གླིང་བྲོའི་སྒྱུ་རྩལ་དེ་ནི་ཀྲུང་གོའི་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཙམ་མ་ཟད། ཕྱི་གླིང་པའི་ཡུལ་དུའང་བལ་པོ་དང་རྒྱ་གར། ཨ་རི། སུད་སི་བཅས་རྒྱལ་ཁབ་མི་འདྲ་བར་ཡང་ཁྱབ་བརྡལ་དུ་བྱུང་ཡོད། དེ་ནི་བྱང་རྭ་སྒྲེང་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་པ་བྲོ་དཔོན་ནོར་བུ་བཟང་པོ་མཆོག་དང་། གང་གི་སྲས་མོ་ཨ་ཅག་དབྱངས་འཛོམས། སྐལ་བཟང་ཆོས་སྒྲོན། དེ་བཞིན་ཚ་མོ་ཀུན་བཟང་དཔལ་མོ་དང་ཚེ་གཡང་སྒྲོལ་མ་བཅས་མི་རབས་གསུམ་གྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་པའི་མཛད་རྗེས་སུ་འཁུམས། སྤྱི་ལོ་1964ལོར་བྲོ་དཔོན་ནོར་བུ་བཟང་པོས་ཡེ་ཤེས་སྙིང་པོ་ཞེས་བྱའི་ཨོ་རེ་སའི་གླིང་བྲོ་ཚོགས་པ་ཞིག་འཛུགས་སྐྱོང་གནང་ཞིང་། གླིང་བྲོའི་ཆོ་ག་སློབ་སྟོན་འཁྲབ་འཁྲིད་དང་འཁྲབ་སྟོན་གྱི་བྱེད་སྒོ་གང་དེ་བལ་ཡུལ་དང་རྒྱ་གར་གྱི་ས་ཁུལ་ཁག་ཏུ་སྤེལ། དེའི་དུས་སུ་ཨ་རིའི་བུད་མེད་ཞིབ་འཇུག་པ་ལིན་ལར་ནར་གྱིས་སྤྱི་ལོ་1974ལོར་ཨ་ཅག་དབྱངས་འཛོམས་དགེ་རྒན་དུ་བསྟེན་ཞིང་གང་གི་དྲུང་ནས་གླིང་བྲོ་སློབ་སྦྱོང་ཞུས་པ་དང་། ད་དུང་འབྲེལ་ཡོད་ཤེས་བྱར་རྟོག་ཞིབ་གནང་བར་མ་ཟད། སྤྱི་ལོ་1979ལོར་གང་དེའི་འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་དེའང་《གླིང་བྲོ། བོད་ཀྱི་ནང་ཆོས་ཀྱི་ཞབས་བྲོའི་རྣམ་གྲངས་ཤིག་》ཅེས་པ་སྤེལ་ནས་སློབ་མཐར་ཕྱིན་པ་རེད། ཕྱིས་སུ་ཁོ་མོ་ཨ་རིར་ལོག་ཕེབས་ནས་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་འགའ་ལ་གླིང་བྲོའི་སྐོར་སློབ་ཁྲིད་གནང་ཞིང་། ད་དུང་བྱེད་སྒོ་མི་འདྲ་བའི་ཐོག་འཁྲབ་སྟོན་ཡང་ཐེངས་མང་གནང་། སྤྱི་ལོ་1982ལོའི་ཟླ་བ་དགུ་པར་ཁོང་གིས་འོས་སྦྱོར་གནང་འོག་བྲོ་དཔོན་ནོར་བུ་བཟང་པོའི་གླིང་བྲོའི་ཚོགས་པ་ཨ་རི་ནེའུ་ཡོག་ལ་ཕེབས་ནས་གླིང་བྲོའི་འཁྲབ་སྟོན་བྱས་པར་མ་ཟད། ཟླ་དགུ་པའི་ཚེས་26གི་《ནེའུ་ཡོག་གསར་འགྱུར་》ཞེས་པའི་འཛམ་བུ་གླིང་ལ་གྲགས་ཆེ་བའི་ཚགས་པར་དུ་དེའི་སྐོར་གྱི་གསར་འགྱུར་ཡང་བཀོད་ཡོད། བྲོ་དཔོན་གང་ཉིད་སྐུ་གཤེགས་རྗེས་གང་དེའི་སློབ་མས་1989ལོར་བལ་ཡུལ་དུ་གླིང་བྲོ་བདེ་ཆེན་རོལ་མོའི་ཚོགས་པ་ཞིག་བཙུགས་པ་དང་། གང་དེའི་ཚ་མོ་གཉིས་ནས་སྤྱི་ལོ་2011ལོར་སུད་སིར་གླིང་བྲོའི་ཚོགས་པ་ཞིག་བཙུགས་པ་རེད། གོང་གསལ་གླིང་བྲོ་ཚོགས་པ་ཁག་གིས་ཕྱི་གླིང་དུ་གླིང་བྲོའི་སྒྱུ་རྩལ་གྱི་སྲོལ་རྒྱུན་དར་སྤེལ་གཏོང་མུས་སུ་མཆིས་པ་བཅས་གླིང་བྲོའི་འཕེལ་རིམ་སྤྱི་དང་ཡང་སྒོས་ཕྱི་གླིང་དུ་དར་ཚུལ་དེ་ལས་གླིང་བྲོའི་སྒྱུ་རྩལ་གྱི་སྒོ་འབྱེད་ཀྱི་རང་བཞིན་དེ་མངོན་ཐུབ་བོ། །
དེ་ལྟར་གོང་གི་གླིང་བྲོའི་སྒྱུ་རྩལ་འཕེལ་ཕྱོགས་ཀྱི་རང་བཞིན་གསུམ་ལས་གླིང་བྲོ་སྤྱིའི་འཕེལ་འགྱུར་གྱི་རྣམ་པ་དེ་མཚོན་ཐུབ་རུང་། བོད་ལྗོངས་ཀྱི་གླིང་བྲོའི་སྒྱུ་རྩལ་ཚོགས་པ་ཁག་གི་མིག་སྔའི་ཞིབ་ཕྲའི་གནས་སྟངས་དང་། ལྷག་པར་དུ་འབྲེལ་ཡོད་ཞིང་ཆེན་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཚུལ་དང་བསྡུར་ན་ཞན་ཆ་དང་མ་འདང་བའི་ཆ་མང་པོ་ཡོད་དེ། གཅིག་ནས་རང་རེའི་ལྗོངས་སུ་གླིང་བྲོ་ལ་སོགས་པའི་གླིང་སྒྲུང་རིག་གནས་ཀྱི་འཚོལ་བསྡུ་དང་སྔོག་འདོན་གྱི་ལས་དོན་མ་འདང་བས། རང་ལྗོངས་སུ་རིག་གནས་དེ་རིགས་ཀྱི་ཐོན་ཁུངས་ཇི་ཙམ་ཡོད་མེད་ཁ་མི་གསལ་ལ། ཤུལ་བཞག་དེ་དག་དང་དེ་དག་གི་ཕན་ནུས་ལ་ངོས་འཛིན་ཡང་དག་ཅིག་བྱུང་མེད་པ་དང་། གཉིས་ནས་ཕུལ་བྱུང་རིག་གནས་ཤུལ་བཞག་དེ་རིགས་སྲུང་སྐྱོང་དང་དེའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཕྱོགས་ཀྱི་ཐད་གཅིག་གྱུར་གྱི་འཆར་གཞི་མེད་པ། གསུམ་ནས་གླིང་བྲོའི་སྒྱུ་རྩལ་དེ་ད་བར་དམངས་ཁྲོད་ཀྱི་རྣམ་པ་ཁོ་ནར་ལུས་ཡོད་པས། རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུར་འགྲོ་གྲོན་དང་རྩ་འཛུགས་ཀྱི་འགན་སྲུང་མེད་པ་སོགས་ཀྱི་དཀའ་གནད་མང་པོ་འཕྲད་བཞིན་ཡོད། དེ་ལ་གླིང་བྲོའི་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་བྱ་གཞག་དེ་ནི་ས་ཁུལ་ཞིག་དང་ཞིབ་འཇུག་སྡེ་ཚན་ཞིག་གམ། ཡང་ན་འབྲེལ་ཡོད་ཚན་པ་སོགས་ཕྱོགས་རྐྱང་པའི་ལས་འགན་ཞིག་མིན་ལ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་ཆེད་ལས་ཞིབ་འཇུག་པ་གཅིག་པུའི་འགན་འཁྲི་ནི་དེ་བས་ཀྱང་མིན། དེ་ནི་ཕྱོགས་མང་པོས་ཕྱར་བ་གྲུ་འདེགས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་བྱ་གཞག་ཅིག་ཡིན། སྲིད་གཞུང་གིས་གཙོ་ཁྲིད་ནུས་པ་འདོན་རྒྱུ་དང་། འཆར་འགོད་དང་འགྲོ་གྲོན། སྒྲིག་འཛུགས་བཅས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། དམངས་ཁྲོད་ནས་བདག་པོའི་རྣམ་འགྱུར་གྱིས་ཐེ་ཞུགས་ཧུར་ཐག་ཞུ་རྒྱུ་མ་ཟད། ད་དུང་རིག་གཞུང་ལས་རིགས་ནས་ལོ་རྒྱུས་ཀྱི་འགན་སེམས་བཅངས་ཏེ་རིག་སྟོབས་ཀྱི་རྒྱབ་སྐྱོར་གང་ལེགས་འདོན་སྤྲོད་བྱ་དགོས་པར་སྙམ། དེ་ལྟར་ཕྱོགས་གསུམ་གྱི་ཕྱར་བ་གྲུ་འདེགས་ལ་བརྟེན་ནས་གོང་ཞུས་དཀའ་གནད་གསུམ་དེ་སེལ་དཀྲོལ་ཐུབ་ཐབས་ཀྱིས་མི་དམངས་དང་། རྗེས་རབས། དེ་བས་རྒྱ་ཆེ་བའི་ཡུལ་ཁམས་བཅས་ལ་ཁ་ཕྱོགས་པའི་གླིང་བྲོའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས་པ་བཅས་སོ། །
          མཇུག་བསྡོམས།
          མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་རྩོམ་རིག་སྒྱུ་རྩལ་གྱི་ཁ་ཕྱོགས་ཡིན་ལ། གླིང་བྲོའི་བདག་པོ་དང་། གླིང་བྲོར་རོལ་མཁན་ཡང་རྒྱ་ཆེའི་བོད་རིགས་མི་དམངས་རྣམས་ཡིན་པས། གླིང་བྲོའི་སྒྱུ་རྩལ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་དེའི་རྣམ་པ་དང་ནང་དོན་གང་ཐད་རྒྱུན་འཛིན་བྱེད་དམ་ཡང་ན་བསྒྱུར་བཅོས་གང་འདྲ་བྱ་ནའང་ཐོག་མའི་རྩ་དོན་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁ་ཕྱོགས་དགོས་པ་དང་། མང་ཚོགས་ཀྱི་འདོད་བློ་དང་མཐུན་པ་བྱེད་དགོས།
          གཉིས་ནི་ཉེ་ཆར་རྒྱལ་ཁབ་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དག་སློབ་ར་དང་སློབ་ཁང་། སློབ་དེབ་བཅས་ཀྱི་ནང་འཇུག་དགོས་པའི་གཏན་འབེབས་རབ་དང་རིམ་པ་གནང་ཡོད། གླིང་བྲོའི་སྒྱུ་རྩལ་དེ་ཉིད་ནི་གླིང་སྒྲུང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་གཤིས། དེ་ནི་རྒྱལ་ཁབ་རིམ་པ་ཙམ་མ་ཚད་འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་ཅིག་ཏུ་ལགས་པས། དེ་ཉིད་རང་རེའི་རྗེས་རབས་པ་རྣམས་ལ་ཕ་ཚ་བུ་བརྒྱུད་ཀྱིས་རྩིས་ལེན་རྩིས་སྤྲོད་དགོས་པ་ནི་ང་ཚོའི་ཕྲག་སྟེང་དུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པས། རྒྱལ་ཁབ་ཀྱི་གཏན་འབེབས་ཤོག་སྟེང་དུ་མ་ལུས་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་རྒྱབ་སྐྱུར་མ་བྱས་པར། ཐབས་བརྒྱ་ཇུས་སྟོང་གིས་སློབ་གྲྭའི་ནང་གི་སློབ་མ་རྣམས་ལ་གླིང་བྲོའི་སྒྱུ་རྩལ་སློབ་ཁྲིད་བྱ་དགོས།
          སྤྱི་ཚོགས་འཕེལ་རྒྱས་ཆེས་མྱུར་བའི་ད་ལྟའི་དུས་རབས་འདིར་མང་ཚོགས་ཀྱི་གནས་སྡོད་གོམས་གཤིས་ལ་འགྱུར་བ་འགྲོ་བ་དང་། ཁོ་ཚོའི་བསམ་པའི་རྒྱགས་ཕྱེའང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས། གླིང་བྲོའི་སྲོལ་རྒྱུན་སྐྱེ་ཁམས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་བ་འགྲོ་བཞིན་མཆིས་ན། འབྲེལ་ཡོད་སྡེ་ཚན་གྱིས་གླིང་བྲོ་འཁྲབ་སྟོན་གྱི་རྟེན་གཞི་གསར་དུ་འཛུགས་པ་དང་། འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཐེངས་མང་དུ་གཏོང་བ། འཁྲབ་སྟོན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་དང་། ད་དུང་དེ་ཉིད་སོ་སོའི་ཉེ་འཁོར་ཤང་གྲོང་དང་། གྲོང་ཁྱེར་གྱི་ཡུལ་སྐོར་འཁྲབ་སྟོན་ཁྲོམ་རར་ཞུགས་རྒྱུར་སྐུལ་ལྕག་དང་། སྣེ་ཁྲིད། རོགས་རམ་བཅས་བྱ་རྒྱུ་དང་། ལྗོངས་ཕྱིའི་སྤུན་ཟླའི་གྲོང་ཁྱེར་དང་ཐ་ན་ཕྱི་ཕྱོགས་སུའང་འཁྲབ་སྟོན་ལ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ། སྒྱུ་རྩལ་དེའི་སྐྱེ་ཁམས་རྒྱ་སྐྱེད་དང་། གསོན་ཤུགས་གསར་སྐྱེས་ཡོང་རྒྱུར་ཇུས་ཤུགས་མཉམ་སྟོན་གྱིས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་རྒྱ་ཆེར་གཏོད་ཐབས་བཅས་བྱ་དགོས་སོ། །
          དཔྱད་གཞིའི་ཡིག་ཆ།
① དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1524
② ཆབ་འགག་རྟ་མགྲིན། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་337
③《ཧོར་གླིང་གཡུལ་འགྱེད》 (སྨད་ཆ) [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་480
④ མིག་དམར་ཚེ་རིང་། 《གླིང་སྒྲུང་སྐོར་གྱི་དཔྱད་རྩོམ་གཅེས་བཏུས》[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་175
⑤ འཇུ་མི་ཕམ་གྱིས་མཛད་པའི་གླིང་བྲོ་བདེ་ཆེན་རོལ་མོ་དང་རྟེན་འབྲེལ་ལམ་ཡག་འཆམ་ལུགས་སོགས་སྔར་ཡོད་ལེའུ་ལྔ་པོ་གཞིར་འཛིན་པའི་ཐོག་དེའི་སྟེང་ལ་ཟུར་འཇུག་ཁ་སྐོང་ཞུས་ནས་ལེའུ་བཅུ་གཉིས་སུ་བཅོས།
⑥⑦ བསྟན་འཛིན། 《སྤོ་བོ་རྫོང་ཁམས་ཡུལ་ཤང་གི་གླིང་བྲོའི་སྐོར》[J] ལྷ་ས། 《སྤང་རྒྱན་མེ་ཏོག》 2020ལོ། ཤོག་ངོས་32; 34