ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

གྲྭ་ཐང་གཙུག་ལག་ཁང་དང་ཞ་ལུ་ལོ་ཆེན་གྱི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2022-01-06 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཁུ་བྱུག
[ནང་དོན་གནད་བསྡུས།] རྩོམ་འདིར་གྲྭ་ཐང་གཙུག་ལག་ཁང་ལ་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་གྲགས་པའི་ཁུངས་དང་། ཞ་ལུ་ལོ་ཆེན་ཉིད་གྲྭ་ཐང་གཙུག་ལག་ཁང་གི་གདན་སའི་མཁན་པོར་ཕེབས་ནས་བཀའ་མདོ་རྒྱུད་ཀྱི་ཆོས་སྐོར་བསྒྱུར་རྩོམ་མཛད་ཚུལ། དེ་ནས་རིམ་པར་ཞ་ལུ་ལོ་ཆེན་གྱི་སློབ་རྒྱུད་ཀྱིས་གྲྭ་ཐང་གཙུག་ལག་ཁང་གི་གདན་ས་མཛད་དེ་གང་དེར་ཆོས་གཞུང་བསྒྱུར་བ་དང་ཕྱག་རྩོམ་མཛད་ཚུལ་བཅས་པར་བཀའ་བསྟན་གྱི་འགྱུར་བྱང་དང་ཞ་ལུ་ལོ་ཆེན་གྱི་རྣམ་ཐར། ཆོས་འབྱུང་དང་དེབ་ཐེར་སོགས་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་དག་ཕན་ཚུན་དཔྱད་བསྡུར་བགྱིས་ཏེ། གྲྭ་ཐང་གཙུག་ལག་ཁང་དང་ཞ་ལུ་ལོ་ཆེན་གཙོས་པའི་སློབ་རྒྱུད་བར་གྱི་འབྲེལ་བའི་སྐོར་རགས་ཙམ་གླེངས་ཡོད།
[བརྡ་ཆད་གཙོ་བོ།] གྲྭ་ཐང་དགོན་པ། ཞ་ལུ་ལོ་ཆེན། སློབ་རྒྱུད་འབྲེལ་བ།
        གྲྭ་ཐང་གཙུག་ལག་ཁང་ངམ་དུས་ཕྱིས་དཔལ་ལྔ་ལྡན་གྲྭ་ཐང་དགོན་ཞེས་པ་ནི། གཏེར་སྟོན་གྲྭ་པ་མངོན་ཤེས་སམ་དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་ཐོག་མར་བཏབ་ཅིང་། ཀླུ་མེས་ཚོ་པའི་སྔགས་སྡེ་གཉིས་དང་ཁྱད་པར་དུ་འཕགས་པའི་གཙུག་ལག་ཁང་བཞིའི་ཡ་གྱལ་དུ་གྱུར་པའི་ཆོས་སྡེ་ཆེན་པོ་དེར་ཞ་ལུ་ལོ་ཆེན་གྱིས་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཞེས་པའི་མཚན་སྙན་གསོལ། ཞ་ལུ་ལོ་ཆེན་ཁོང་ཉིད་གྲྭ་ཐང་གཙུག་ལག་ཁང་གི་མཁན་པོར་བཞུགས་ནས་གདན་ས་ལེགས་པར་བསྐྱངས་པའི་ཞར་ལ་བཀའ་མདོ་རྒྱུད་བསྒྱུར་བ་དང་འཆད་རྩོམ་མཛད་ཅིང་། ཁོང་གིས་སྐུ་ཚེ་སྨད་དུ་སྐུའི་དབོན་པོར་གྱུར་པའི་ལོ་ཆེན་པདྨ་དཀར་པོ་གྲྭ་ཐང་གཙུག་ལག་ཁང་གི་གདན་སའི་མཁན་པོར་བསྐོས་པ་དང་། ཞ་ལུ་ལོ་ཆེན་གྱི་དངོས་སློབ་སྐྱོགས་ལོས་གཙོས་པའི་སློབ་རྒྱུད་རྣམས་ཀྱིས་གྲྭ་ཐང་གཙུག་ལག་ཁང་དུ་ཆོས་དང་རིག་གནས་འཆད་བསྒྱུར་རྩོམ་གསུམ་མཛད་ཚུལ་སོགས་ཆོས་འབྱུང་དང་རྣམ་ཐར་བཅས་པའི་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་དག་ལ་དཔྱད་བསྡུར་བྱས་ན། གྲྭ་ཐང་གཙུག་ལག་ཁང་དང་ཞ་ལུ་ལོ་ཆེན་གྱི་སློབ་རྒྱུད་བར་གྱི་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་བར་དཔྱད་གཞིའི་རིན་ཐང་ཆེས་ཆེར་ལྡན་པར་སྙམ།
དང་པོ། གྲྭ་ཐང་གཙུག་ལག་ཁང་ལ་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་གྲགས་ཚུལ།
        གྲྭ་ཐང་གཙུག་ལག་ཁང་ནི་གྲྭ་པ་མངོན་ཤེས་ཞེས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གང་ཉིད་ཀྱིས་དགུང་ལོ་བདུན་ཅུ་པར་རྨང་བཏིངས༌་ཤིང་བདུན་ཅུ་དོན་དགུ་པ་རབ་བྱུང་གཉིས་པའི་ལྕགས་རྟ་སྟེ་སྤྱི་ལོ་1090ལ་ཞི་བར་གཤེགས་དུས་ཕལ་ཆེར་གྲུབ་ལ། རྗེས་སུ་གྲྭ་པ་མངོན་ཤེས་ཀྱི་དབོན་པོར་གྱུར་པའི་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལོ་གསུམ་ནང་ལེགས་པར་བསྒྲུབས་ནས་གྲུབ་པའི་ལོ་རྒྱུས་འཁོད་པ་སྣང་ཞིང་། “བསྟན་པའི་རྩ་བར་གྱུར་པ་ཁྱད་པར་དུ་འཕགས་པའི་གཙུག་ལག་ཁང་བཞིའི་ནང་ཚན་གྲྭ་ཐང་གི་གདན་ས་ཆེན་པོར།”[1]ཞེས་པ་ལྟར། དུས་ཕྱིས་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཡིག་ངག་གང་དུའང་གྲྭ་ཐང་གཙུག་ལག་ཁང་ནི་ཁྱད་པར་དུ་འཕགས་པའི་གཙུག་ལག་ཁང་བཞིའམ་ཁྱད་པར་དུ་འཕགས་པའི་གནས་ཆེན་པོ་བཞིའི་ཡ་གྱལ་དུ་བགྲངས་པ་ནི་བཟོ་བཀོད་ཤིན་ཏུ་ལེགས་པས་གྲགས་ཤིང་། ཆོས་གྲྭ་ཆེན་པོ་གྲྭ་ཐང་དགོན་ནི་དུས་ཕྱིས་ཤིག་ཏུ་མདོ་སྔགས་ཀྱི་བསྟན་པའི་བཤད་སྒྲུབ་སྤྱི་དང་བྱེ་བྲག་སྔགས་སྡེར་གྱུར་པ། ཁྱད་པར་དུ་ཞ་ལུ་ལོ་ཆེན་གཙོས་པའི་མཁས་གྲུབ་དང་ལོ་པཎ་གང་མང་ཞིག་ཕེབས་བཞུགས་མཛད་ཅིང་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་བཅོས་ཆེ་ཆུང་ཅི་རིགས་བསྒྱུར་རྩོམ་གནང་སའི་གཙུག་ལག་ཁང་གཙོ་བོ་ཞིག་ཏུ་གྱུར་ཕྱིན་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཞེས་པའི་མཚན་སྙན་གྱིས་ཡོངས་སུ་གྲགས་ཤིང་མངོན་པར་བསྟོད་པའི་ཁུངས་ནི། ཞ་ལུ་ལོ་ཆེན་གྱིས་བསྒྱུར་བའི་«དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་མི་ཟད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་»ཡི་འགྱུར་བྱང་ལས། “ཞ་ལུ་ལོཙྪ་བ་དགེ་སློང་དྷརྨ་པཱ་ལ་བྷ་ཏྲ་ཞེས་བགྱི་བས་ཆོས་གྲྭ་གྲྭ་ཐང་གངས་ཅན་ཁྲོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་རྔ་ཆེན་ཞེས་བྱ་བ་ལྕགས་ཕོ་ཁྱིའི་ལོའི་ཁྲུམས་ཀྱི་ཟླ་བའི་ཉེར་དྲུག་ལ་རྫོགས་པར་བསྒྱུར་ཅིང་དག་པར་བྱས་པའོ།། །།”[2]ཞེས་པར་གཞིགས་ན། ཞ་ལུ་ལོ་ཆེན་སྐུ་འཁྲུངས་པའི་ལོ་ཚིགས་ལྟར་ཕྱིན་ཚེ། རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྟེ་སྤྱི་ལོ་1490པ་ནི་ཞ་ལུ་ལོ་ཆེན་དགུང་ལོ་ལྔ་བཅུར་སླེབས་དུས་ཡིན་སྙམ། དུས་ཕྱིས་ཆོས་གྲྭ་ཆེན་པོ་གྲྭ་ཐང་ལ་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་གྲགས་པའང་ཞ་ལུ་ལོ་ཆེན་གྱི་གསུང་གི་འགྱུར་བྱང་ལས་བྱུང་སྟེ་ཡོངས་སུ་གྲགས་པར་མངོན་ཞིང་། ཆོས་གྲྭ་ཆེན་པོ་གྲྭ་ཐང་ནི་ཐོག་མར་དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་བཞེངས་ནས་བཟུང་གདན་ས་འཛིན་པ་རིམ་བྱོན་དང་། ཁྱད་པར་དུ་ཆོས་གྲྭ་ཆེན་པོ་འདིར་ཞབས་ཀྱིས་བཅགས་ཤིང་འགྲོ་དོན་གྱི་འཕྲིན་ལས་བསྐྱངས་པའི་མ་ཅིག་ལབ་སྒྲོན་དང་། ཕ་དམ་པ་སངས་རྒྱས་སོགས་འཕགས་བོད་ཀྱི་མཁས་གྲུབ་དང་ལོ་པཎ་སྐོར་ཞིག་ཕེབས་ཤིང་བཞུགས་པ་དང་། སྒོས་སུ་ཕྱིས་བྱོན་བོད་དུ་གྲགས་པའི་འཇིག་རྟེན་མིག་གཅིག་ཆེན་པོར་གྱུར་པའི་ཞ་ལུ་ལོ་ཆེན་ནི་ཆོས་གྲྭ་ཆེན་པོ་གྲྭ་ཐང་གི་གདན་ས་འཛིན་པར་ཡུན་རིང་དུ་བཞུགས་ནས་མདོ་རྒྱུད་ཀྱི་འཆད་ཉན་དང་དབང་ལུང་བསམ་གྱིས་མི་ཁྱབ་པ་གནང་བར་མཛད་ཅིང་། ཞ་ལུ་ལོ་ཆེན་གྱིས་གྲྭ་ཐང་གི་གདན་ས་འདི་རུ་མདོ་སྔགས་ཀྱི་བསྟན་བཅོས་བསྒྱུར་ཅིང་འགྱུར་བཅོས་དང་ཞུས་ཆེན་སོགས་མཛད་པ་དང་། ཁོང་གིས་ཕྱག་རྩོམ་ཡང་མང་པོ་ཞིག་ནི་གྲྭ་ཐང་གི་ཆོས་གྲྭ་ཆེན་པོར་མཛད་ཚུལ་ལོ་རྒྱུས་རྣམ་ཐར་དུ་གསལ་ཞིང་། ཁྱད་པར་དུ་ཞ་ལུ་ལོ་ཆེན་དགུང་ལོ་བརྒྱད་ཅུ་གྱ་བདུན་ཙམ་དུ་ཁོང་གིས་གྲྭ་ཐང་གི་གདན་ས་འཛིན་པར་སྐུ་དབོན་གྱི་ཐུགས་སྲས་མཆོག་གྱུར་པད་དཀར་ལོ་ཆེན་བསྐོས་ནས། མཐར་ཞ་ལུ་ལོ་ཆེན་མཆོག་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་བར་བཞུགས་ཤིང་ཆོས་དང་རིག་གནས་སོགས་ཀྱི་འགྲོ་དོན་རྒྱ་ཆེ་ཞིང་རླབས་ཆེན་པོ་མཛད་པའི་གནས་ཁྱད་པར་འཕགས་ཤིང་མཆོག་ཏུ་གྱུར་པར་བརྟེན་ཆོས་གྲྭ་ཆེན་པོ་གྲྭ་ཐང་གཙུག་ལག་ཁང་ལ་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་གྲགས་པ་ཡིན་ནོ། །
        བསྟན་པའི་མིག་གཅིག་ཏུ་བསྔགས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི་«མདོ་སྡེ་དྲན་པ་ཉེ་བར་གཞག་པ་»ཡི་འགྱུར་བྱང་དུའང་། “རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་ཕཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང་། སྒྲ་དང་། སྙན་དངགས་དང་། ལེགས་པར་སྦྱར་བའི་སྐད་ཀྱི་ལུགས་ལ་མཁས་པའི་པཎྜི་ཏ་ཆེན་པོ་སུ་བྷུ་ཏི་ཙནྡ་དང་།”[3]ཞེས་པ་ལྟར། བི་ཀྲ་མ་ཤཱི་ལ་ནི་བསྟན་པའི་མིག་གཅིག་ཏུ་གྱུར་པའི་གཙུག་ལག་ཁང་ངམ་ཡང་ན་དགོན་པ་ཞིག་ཏུ་བཞེད་ཅིང་། དུས་ཕྱིས་བོད་ཀྱི་མངའ་བདག་ཆེན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་ནས་བོད་ལ་ཕེབས་ཏེ་སངས་རྒྱས་བསྟན་པའི་བཤད་སྒྲུབ་རླབས་པོ་ཆེ་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་དམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་བི་ཀྲ་མ་ཤཱི་ལའི་གདན་ས་བསྐྱངས་པའི་མཛད་རྣམ་སྣང་སྟེ། “རྒྱལ་པོ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང་། དེ་རྗེས་མར་མེ་མཛད་བཟང་པོས་བསྟན་པ་བསྐྱངས།”[4]ཞེས་གསལ་བ་དང་། ཇོ་བོ་རྗེ་བི་ཀྲ་མ་ཤཱི་ལའི་གདན་སའི་མཁན་རབས་འཛིན་པར་བཞུགས་པ་ནི། “མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་དུ་མཁན་པོ་མེད།”[5]ཅེས་པས་ཤེས་ཤིང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དང་བོད་དུ་དར་བའི་སངས་རྒྱས་བསྟན་པའི་བཤད་སྒྲུབ་བར་གྱི་འབྲེལ་བ་ནི། བོད་ཀྱི་ར་སའི་གཙུག་ལག་ཁང་ཡང་ཐོག་མར་བཞེངས་དུས་སུ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་བཀོད་པ་ལ་དཔེར་བྱས་པའི་བཤད་སྲོལ་ཡོད་པ་དང་། བར་ལམ་ཞིག་ཏུ་དུ་རུཀྵའམ་ཁ་ཆེའི་དམག་གིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་སོགས་རྩ་མེད་དུ་བརླག་པར་བྱས་ལ། སྤྱི་ལོ་1960ཡས་མས་སུ་རྒྱ་གར་གཞུང་དང་བི་ཧར་(Bihar)མངའ་སྡེ་གཞུང་གིས་སྔོག་འདོན་བྱས་པའི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་རྗེས་ཤུལ་གྱི་བཀོད་པ་ལ་བལྟས་ནས་ཚོད་དཔག་བྱས་པ་ལྟར་ན། རྡོ་ཡི་རྭ་བས་མཐའ་བསྐོར་བའི་དབུས་སུ་དགོན་པ་དང་། དགོན་པའི་དབུས་སུ་གཙུག་ལག་ཁང་། གཙུག་ལག་ཁང་གི་མཐའ་སྐོར་དུ་ལྷ་ཁང་ཆུང་ཆུང་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བའི་ཆགས་ཚུལ་གྱི་བཀོད་པའི་རྣམ་པ་ཡོད་ཚུལ་བཤད་པ་དང་། “དེ་རྗེས་1972ལོ་ནས་1982ལོ་བར་རྒྱ་གར་གཞུང་གིས་ས་བསྔོགས་ནས་དངོས་རྫས་མང་པོ་བརྙེད་འདུག གནས་དེར་སྔོན་དུས་སུ་ཁྱད་དུ་འཕགས་པའི་དཔེ་མཛོད་ཁང་གྲུ་བཞི་མ། འོག་ནས་ཆུ་དང་རླུང་གྲང་མོ་འགྲོ་ས་ཡོད་པ་ཞིག་བྱས་ཡོད་པར་བཤད། གནས་དེ་ནས་བརྙེད་པའི་དངོས་རྫས་རྣམས་ད་ལྟ་འགྲེམས་སྟོན་ཁང་དུ་ཡོད།”[6]ཅེས་པ་སོགས་ལ་བལྟས་ན། ཞ་ལུ་ལོ་ཆེན་གྱིས་བོད་ཀྱི་བི་ཀྲ་མ་ཤཱི་ལར་གསུངས་པའི་གྲྭ་ཐང་གཙུག་ལག་ཁང་ཡང་སྔགས་ཀྱི་བསྟན་པ་གཙོ་བོར་འཛིན་པའི་ཆོས་སྡེ་གཉིས་ཀྱི་ཡ་གྱལ་དུ་གཏོགས་པ་དང་། གྲྭ་ཐང་དགོན་པའི་མཐའ་ལྕགས་རིས་བསྐོར་བ་དང་། དེའི་དབུས་སུ་དགོན་པ་དང་དེའི་དབུས་སུ་ལྷ་ཁང་སོགས་བཞེངས་པའི་བཀོད་པའི་རྣམ་པ་ཐང་ག་དང་ལྡེབས་རིས་སོགས་ལས་མཇལ་ཐུབ་པ་དེ་དག་ཕན་ཚུན་བསྡུར་ནས་དཔྱད་ན། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དང་གྲྭ་ཐང་དགོན་པ་གཉིས་ཀར་སྔགས་ཀྱི་བསྟན་པ་འཛིན་པ་དང་། གཙུག་ལག་ཁང་གི་ཕྱི་ནང་བཞེངས་བཀོད་ཀྱི་ཆགས་དབྱིབས་སོགས་དཔེ་དང་དཔེར་འོས་པའི་ཆ་དུ་མ་མཆིས་པར་སྣང་ངོ་། །
གཉིས་པ། ཞ་ལུ་ལོ་ཆེན་གྱིས་ཆོས་གྲྭ་ཆེན་པོ་གྲྭ་ཐང་གི་གདན་ས་བསྐྱངས་ཚུལ།
        ཞ་ལུ་ལོ་ཆེན་ནི་བསྟན་པ་ཕྱི་དར་གྱི་རྗེས་སུ་ཆོས་དང་རིག་གནས་ཀྱི་བསྟན་པའི་གསལ་བྱེད་གསུམ་པར་གྲགས་ཤིང་གྲུབ་པའི་ལོ་པཎ་ཆེན་པོ་དང་། ཁྱད་པར་དུ་བཀའ་མདོ་རྒྱུད་དང་སྒྲ་སྙན་སྡེབ་སྦྱོར་མངོན་བརྗོད་ཟློས་གར་སོགས་ཐ་སྙད་རིག་གནས་ཀྱི་སྐོར་ལ་འཆད་བསྒྱུར་རྩོམ་གསུམ་མཛད་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་ཕྱིར། “རིག་པའི་གནས་ཀྱི་བསྟན་པ་རིན་པོ་ཆེའི་བདག་པོ་གཅིག་པུ་པར་གྱུར་པ་ཡིན་ནོ། །”[7]ཞེས་གསུངས་པ་ལྟར་དུ་གྲུབ་ཅིང་། ཁོང་གིས་སྔ་ཕྱིར་རྒྱ་སྟོན་ལྕགས་རི་པ་དང་། གྲྭ་པ་མངོན་ཤེས་ཅན། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་གདན་སར་གྱུར་པའི་རྒྱ་སྟོན་ལྕགས་རི་པ་དང་། གྲྭ་ཐང་གཙུག་ལག་ཁང་། ཞ་ལུ་གསེར་ཁང་སོགས་ཀྱི་གདན་ས་འཛིན་པར་ཕེབས་བཞུགས་མཛད་ནས་ཆོས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དང་བསྒྱུར་རྩོམ་སོགས་རྒྱ་ཆེན་པོ་མཛད་ཅིང་ཕྱག་རྗེས་བསམ་གྱིས་མི་ཁྱབ་པ་བཞག མཁས་གྲུབ་གཉིས་ལྡན་གྱི་ལོ་ཙཱ་བ་ཆེན་པོ་ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་བྱ་སྟེ་སྤྱི་ལོ་1441ལ་མཁས་པའི་འབྱུང་གནས་ཞ་ལུ་གསེར་ཁང་གི་གྲོང་ཁྱེར་གྱི་མཐིལ་ཏུ་གྱུར་པའི་ཁང་གསར་གོང་མའི་ཁྱིམ་དུ་རིགས་རུས་ཁུངས་བཙུན་འགོས་ཀྱི་རྒྱུད་དུ་གྱུར་པའི་ཡབ་དཔོན་བསམ་འགྲུབ་དཔལ་བཟང་དང་ཡུམ་རིན་ཆེན་ཆོས་འཛོམ་གཉིས་ལ་སྲས་ལྕམ་སྲིང་བཞི་ལས་སྲས་གཅིག་པུར་འཁྲུངས། མཚན་ལ་ཆོས་སྐྱོང་འབུམ་ཞེས་བཏགས་ནས་དགུང་ལོ་རིམ་པར་སྨིན་པ་དང་ཐུགས་ཡོན་ཡང་ཤིན་ཏུ་ཆེན་པོར་གྱུར་ནས་ཆོས་སྡེ་མང་པོར་ཕེབས་ཏེ་ཆོས་མདོ་སྔགས་དང་རིག་གནས་སོགས་ཀྱི་འཆད་ཉན་མཛད་བཞིན་འཕྲིན་ལས་རྒྱས་པར་དགུང་ལོ་ལྔ་བཅུ་ང་ལྔ་ཙམ་དུ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ལེགས་པར་འགྲིག་སྟེ་གྲྭ་པ་མངོན་ཤེས་ཅན་གྱི་གདན་ས་སྟེ་གྲྭ་ཐང་གཙུག་ལག་ཁང་གི་གདན་སའི་ཁྲིར་མངའ་གསོལ། ཐོག་མར་གྲྭ་ཐང་གི་གདན་སར་ཕེབས་ཚུལ་ནི། “ཡོངས་ཀྱི་དགེ་བའི་བཤེས་གཉེན་གྲྭ་པ་མངོན་ཤེས་ཀྱིས་བཞེངས་པའི་གྲྭ་ཐང་གི་གཙུག་ལག་ཁང་མཆོད་ཁང་གིས་ཁྱད་པར་འཕགས་པ། བསྟན་པའི་རྩ་བར་གྱུར་པ་ཁྱད་པར་དུ་འཕགས་པའི་གཙུག་ལག་ཁང་བཞིའི་ནང་ཚན་གྲྭ་ཐང་གི་གདན་ས་ཆེན་པོར། ཤིང་མོ་ཡོས་ཀྱི་ལོའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པའི་ཚེས་ལ། མིའི་དབང་པོ་ཡབ་ཡུམ་སྲས་བཅས་ཀྱིས། དགེ་འདུན་འདུས་པ་རྒྱ་མཚོའི་གཙུག་རྒྱན་དུ་མངའ་གསོལ་ཏེ།”[8]ཞེས་དང་། “ང་ལྔ་པ་ལ་གྲྭ་པ་མངོན་ཤེས་ཀྱི། །གདན་སར་བཞུགས་ཏེ་བསྟན་པའི་སྒྲོན་མེ་སྦར། །”[9]ཞེས་གསུངས་པ་ལྟར་ན། རབ་བྱུང་བརྒྱད་པའི་ཤིང་ཡོས་ཏེ་སྤྱི་ལོ་1495ལ་ཞ་ལུ་ལོ་ཆེན་དགུང་ལོ་ལྔ་བཅུ་ང་ལྔའི་སྟེང་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་ཕེབས་པར་གསལ་བ་སྟེ། “ང་ལྔ་པ་ལ་གྲ་པ་མངོན་ཤེས་ཅན་གྱི་གདན་སར་ཕེབས།”[10]ཞེས་པ་དང་། “དེ་ནས་གྲྭ་ཐང་གི་གཙུག་ལག་ཁང་དུ་ཤིང་ཡོས་ཀྱི་ལོའི་འགྲུབ་སྦྱོར་བཟང་པོ་ལ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་རྒྱུ་(རྒྱུན་)ཆགས་སུ་མཛད་ཅིང་།”[11]ཞེས་པ་སོགས་ཀྱིས་ཀྱང་ཤེས་སོ། །
        ཞ་ལུ་ལོ་ཆེན་མཆོག་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་བཞུགས་ནས་ཆོས་མདོ་སྔགས་རིག་གནས་ཀྱི་འཆད་ཉན་དང་སྒྲུབ་མཆོད་སོགས་མཛད་ཚུལ་ལ། “མདོ་སྔགས་ཐ་སྙད་ལ་སོགས་པ་རིག་པའི་གནས་ལྔའི་སྒོ་ནས་བཤད་ཉན་དབང་བསྐུར་རྒྱུན་ཆགས་སུ་རང་མཛད་ཅིང་། ནག་པ་ཟླ་བ་ལ་དཔལ་དང་པོའི་སངས་རྒྱས་ཀྱི་སྒྲུབ་མཆོད་སོགས་དགེ་རྒྱུན་མང་པོའང་བཙུགས།”[12]ཞེས་པ་ལྟར་ན། གྲྭ་ཐང་གི་གཙུག་ལག་ཁང་དུ་ཐོག་མར་དཔལ་དང་པོའི་སངས་རྒྱས་ཏེ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་རྒྱུན་བཙུགས་མཛད་མཁན་ནི་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ཡིན་པར་ངེས་སོ། །
        དེ་དུས་ཙམ་དུ་དཔལ་གྲྭ་ཐང་གཙུག་ལག་ཁང་གི་བསྟན་པའི་བཤད་སྒྲུབ་དང་རིག་གནས་ཀྱི་འཆད་ཉན་སོགས་ཀྱི་མཚན་སྙན་ཆེན་པོ་ཡུལ་ཕྱོགས་ཀུན་ཏུ་རིམ་པར་རྒྱས་པར་གྱུར་ཚེ། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་མདོ་སྔགས་རིག་གནས་སོགས་ཀྱི་སློབ་གཉེར་བྱ་བའི་དགེ་བའི་བཤེས་གཉེན་མང་པོ་དཔལ་གྲྭ་ཐང་གི་ཕྱོགས་སུ་འདུས་ནས་བསྟན་པའི་བཤད་སྒྲུབ་དང་རིག་གནས་འཆད་ཉན་དར་བའི་སྐབས་ཤིག་ཤར་བའི་ཚུལ་ནི། “མངའ་རིས་ནས་ཆོས་སྡེ་བཞི་སྡེ་པ་སོགས་དང་། ངམ་རིངས། རྟ་ནག སྐྱིད་ཚལ། གསང་ཕུ། རྩེ་ཐང་། འབྲས་སེར། ནཱ་ལེནྡ། དགས་ཀོང་། མདོ་ཁམས་སོགས་ནས་ཆོས་ཉན་དགེ་བཤེས་མང་དུ་འདུས་པ་ལ། གང་ལ་ཅི་འདོད་ཀྱི་ཆོས་བཤད། ཁྱད་པར། ཀ་ཙན་གྱི་གཞུང་ཆོས་སོགས་ཐ་སྙད་ལ་བཤད་ཉན་ཁོར་ཡུག་ཏུ་མཛད།”[13]ཅེས་པ་ལྟར་ཁོང་སྐུ་དགུང་ཤིན་ཏུ་མཐོན་པོར་སླེབས་ཀྱང་སྤྱིར་སངས་རྒྱས་བསྟན་པའི་བཤད་སྒྲུབ་དང་ཁྱད་པར་དུ་ཞ་ལུ་གསེར་ཁང་བའི་བུ་སྟོན་ཐམས་ཅད་མཁྱེན་པའི་བསྟན་འགྲོའི་མཛད་ཆེན་གྱི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བ་ལ་དགོས་པའི་དབང་གིས་ཞ་ལུ་ལོ་ཆེན་དགུང་ལོ་དོན་བཞི་ཙམ་དུ་བུ་སྟོན་ཐམས་ཅད་མཁྱེན་པའི་གདན་སར་གྱུར་པ་ལ། མཁས་པའི་འབྱུང་གནས་[14]ཞེས་གྲགས་པའི་ཞ་ལུ་གསེར་ཁང་གི་མཁན་པོར་ཕེབས་བཞུགས་ཀྱིས་གདན་རབས་ཉི་ཤུ་པ་མཛད་ནས་བསྟན་འགྲོའི་དོན་ཆེན་རྒྱ་ཆེན་པོ་མཛད་པ་དང་། དུས་ཕྱིས་སླར་ཡང་གྲྭ་ཐང་གཙུག་ལག་ཁང་དུ་ཐེངས་སྔ་ཕྱིར་ཕེབས་ནས་ཆོས་མདོ་སྔགས་ཀྱི་འཆད་ཉན་དང་དབང་བསྐུར་སོགས་མཛད། ཞ་ལུ་ལོ་ཆེན་གྱིས་གྲྭ་ཐང་གི་གདན་ས་འཛིན་པར་མཁས་པ་སུ་བསྐོས་པ་དང་ཁོང་དགུང་ལོ་གང་གི་མཚམས་སུ་སྐུ་གཤེགས་པའི་ཚུལ་བསྟན་པ་ནི། “གྱ་བདུན་པ་ལ་རང་གི་དཔོན་[དབོན་]གྱུར་པ། །པད་དཀར་ལོ་ཙཱ་བླ་མའི་གདན་སར་བསྐོས། །”[15]ཞེས་དང་། “གྱ་བདུན་པ་ལ་རང་གི་དབོན་ལོ་ཙཱ་བ་པདྨ་དཀར་པོ་གདན་སར་བསྐོས། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བདེ་བར་གཤེགས།”[16]ཞེས་གསུངས་པ་ལྟར། དགུང་ལོ་གྱ་བདུན་པ་ལ་རང་གི་དབོན་པོ་དང་ཐུགས་སྲས་མཆོག་ཏུ་གྱུར་པའི་ལོ་ཙཱ་བ་པདྨ་དཀར་པོ་ཞེས་མཁས་བཙུན་བཟང་གསུམ་གྱི་ལོ་ཙཱ་བ་དེ་ཉིད་དཔལ་ཆོས་གྲྭ་ཆེན་པོ་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་བསྐོས། དགུང་ལོ་གྱ་བརྒྱད་པར་དཔལ་གྲྭ་ཐང་གི་གཙུག་ལག་ཁང་དུ་སྐུ་ཚེའི་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་སྟེ། “དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བར། །རྩོམ་འཆད་བསྒྱུར་དང་དབང་དང་གདམ་(གདམས་)ངག་དང་། །རྗེས་གནང་རིགས་གཏད་ལུང་དང་རིགས་པ་དང་། །རྣམ་དཀར་དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ཆོས་སྤྱོད་བཅུ་ཡིས་གངས་རིའི་ཁྲོད་འདི་རུ། །ཐུབ་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད། །”[17]ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཞ་ལུ་ལོ་ཆེན་མཆོག་གིས་གྲྭ་ཐང་གཙུག་ལག་ཁང་གཙོས་པའི་ཆོས་སྡེ་ཆེན་པོ་དང་ཡུལ་དུས་ཀྱི་གྲོང་ཁྱེར་སོགས་གང་དུ་འགྲོ་བའི་དོན་ཆེན་གནང་བའི་ཐོག་མཐའ་བར་གསུམ་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་། “བཙུན་པ་རྣམས་སྡོམ་པ་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། སྐྱེ་བོ་མང་པོ་རྣམ་པར་གྲོལ་བའི་ས་ལ་འགོད་པར་མཛད་”[18]པ་ཡིན་ནོ། །
གསུམ་པ། ཞ་ལུ་ལོ་ཆེན་གྱིས་གྲྭ་ཐང་དུ་ཆོས་སྐོར་བསྒྱུར་བ་དང་ཕྱག་རྩོམ་མཛད་པ།
        སྤྱིར་ཞ་ལུ་ལོ་ཆེན་གྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་འགྱུར་གྱི་མཚན་བྱང་ནི་«བོད་ཀྱི་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་»ལས་ཤོག་ངོས་སུམ་བརྒྱ་སོ་དྲུག་ནས་སུམ་བརྒྱ་ཞེ་གཅིག་བར་དང་། ཞ་ལུ་ལོ་ཆེན་གྱི་མཛད་རྣམ་མདོར་བསྡུས་ལས་འཕྲོས་ཏེ་ཁོང་གིས་གཞི་འགྱུར་དང་འགྱུར་བཅོས་སོགས་མཛད་པའི་ཚུལ་མདོར་བསྡུས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་དབང་པོ་གཉིས་ཀྱི་གསུང་དུ་འཁོད་ཅིང་། ཁོང་གིས་ཆོས་མདོ་རྒྱུད་རིག་གནས་དང་བཅས་པའི་བསྟན་བཅོས་མང་པོ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བའི་གནས་དང་ཡུལ། གཙུག་ལག་ཁང་སོགས་ལ་དཔལ་གདན་ས་མཐིལ་གྱི་ཡང་དགོན་དང་། དཔལ་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་། དབེན་གནས་དཔལ་ཨེ་ཝཾ་ཆོས་འཁོར། དཔལ་སྣེའུ་གདོང་རྩེ། གྲྭ་ཐང་གི་གཙུག་ལག་ཁང་། ཆོས་འཁོར་ལྷ་སའི་གཙུག་ལག་ཁང་། དཔལ་སྟག་ལུང་ཐང་གི་གཙུག་ལག་ཁང་སོགས་ཅི་རིགས་སྣང་ནའང་། ཁོང་གིས་ཆོས་གྲྭ་ཆེན་པོ་གྲྭ་ཐང་གི་མཁན་པོ་མཛད་པ་དང་ཡང་ན་དེར་བཞུགས་རིང་སོགས་ལ་བསྒྱུར་བའི་འགྱུར་བྱང་དངོས་སུ་གསལ་བ་སོགས་ཀྱི་བསྟན་བཅོས་ཀྱི་འགྱུར་དག་ལ། གོང་དུ་ཞུས་ཟིན་པའི་«དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་མི་ཟད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་»གྲྭ་ཐང་དུ་བསྒྱུར་བ་ལས། གཞན་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པའི་«བྱང་ཆུབ་ཀྱི་སེམས་བསྒོམ་པ་»ཡི་འགྱུར་བྱང་ལས། “ཞེས་པ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྫོགས་སོ།། །།ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་གྲྭ་ཐང་དུ་བསྒྱུར་བའོ།། །།”[19]ཞེས་དང་། ཡང་འཇམ་དཔལ་གྱི་བརྡ་སྤྲོད་པའི་སྐབས་ལྔ་པའི་རྐང་པ་གཉིས་པའི་རྣམ་པར་འགྲེལ་པ་ནི་དཔལ་གྲ་ཐང་གི་གཙུག་ལག་ཁང་དུ་ཡོངས་སུ་རྫོགས་པར་བསྒྱུར་བ་ཡིན་ཏེ། “ཡང་འཇམ་དཔལ་གྱི་བརྡ་སྤྲོད་པའི་སྐབས་ལྔ་པའི་རྐང་པ་གཉིས་པའི་རྣམ་པར་འགྲེལ་པ་ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་བཱ་ལ་བྷ་དྲས་དཔལ་གྲ་ཐང་གི་གཙུག་ལག་ཁང་དུ་ཡོངས་སུ་རྫོགས་པར་བསྒྱུར་བ་རྣམས་བཞུགས་སོ།། །།”[20]ཞེས་དང་། གོང་གི་སྒྲའི་བསྟན་བཅོས་ཀྱི་འགྱུར་བྱང་ཉིད་ལས་ཀྱང་སྐྱེས་ཆེན་གང་གི་བཀའ་ལ་བརྟེན་ནས་ཇི་ལྟར་བསྒྱུར་བ་དང་ཡུལ་གནས་གང་དུ་བསྒྱུར་བའི་ཚུལ་ལ། “ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་ལྔ་པའི་རྐང་པ་གཉིས་པའི་འགྲེལ་པ་རྫོགས་སོ།། །།འདི་ནི་མཁྱེན་བརྩེ་ཚད་མེད་པ་མངའ་བའི་བདག་ཉིད། སྤྲུལ་སྐུ་རིན་པོ་ཆེ་ཞ་དམར་ཅོད་པན་འཛིན་པ་བཞི་པ། ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་སྒྱུར་ཅིག་ཅེས་བཀའ་སྩལ་ཞིང་མཐུན་རྐྱེན་གནང་བ་ལས། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས། དཔལ་ཀུན་དུ་བཟང་པོའི་ནགས་ཁྲོད་གདན་ས་རིན་པོ་ཆེ་ཐེལ་གྱི་གཟིམས་ཁང་དུ་དབུ་བཙུགས་ནས། དཔལ་གྲ་ཐང་གི་གཙུག་ལག་ཁང་དུ་རྫོགས་པར་བསྒྱུར་བའོ། །”[21]ཞེས་གསལ་བ་དང་། “དུས་ཕྱིས་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རིན་པོ་ཆེས་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་མདུན་ནས་གཤེད་དམར་སྐོར་སོགས་གསན་པའི་གནས་ཁྱད་པར་བ་ནི་གྲྭ་ཐང་ཆོས་གྲྭ་ཆེན་པོ་ཡིན་ཏེ། གྲྭ་ཐང་དུ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས། སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་དུ་གྱུར་པའི་བག་ཆགས་དུ་མ་སད། བར་ཁང་དུ་བདེ་གཤེགས་འདུས་ཀྱི་དཀྱིལ་འཁོར་བཞེངས་ནས་བསྒྲུབ་མཆོད་དང་སྨོན་ལམ་མཛད།”[22]ཅེས་པའི་ལོ་རྒྱུས་སྣང་ཞིང་། ཞ་ལུ་ལོ་ཆེན་གྱིས་བཀའ་བསྟན་དང་རིག་གནས་ཀྱི་བསྟན་བཅོས་སོགས་གང་མང་ཞིག་བོད་སྐད་དུ་བསྒྱུར་བ་དང་འགྱུར་བཅོས་སོགས་ཇི་ལྟར་མཛད་པའི་ཚུལ་ལ། “དེ་ནས་འཇིག་རྟེན་ཐམས་ཅན་གྱི་མིག་ཏུ་གྱུར་པའི་རྗེ་བཙུན་ལོ་ཙ་བ་ཆེན་པོ་འདིས། སྔར་མ་འགྱུར་བའི་ཆོས་ཁྱད་དུ་འཕགས་པ་འདི་དག་བསྒྱུར་ཏེ།”[23]ཞེས་པས་དྲངས་ཏེ་བསྒྱུར་བ་དང་འགྱུར་བཅོས་མཛད་པའི་མཚན་བྱང་རེ་རེ་ནས་བཀོད་ཅིང་། ཇི་ལྟར་བསྒྱུར་བ་དང་འགྱུར་ཚུལ་ལའང་། “དེ་ལྟར་རྨང་འགྱུར་མཛད་པ་རྣམས་ནི། འགྱུར་ལེགས་པའི་དཔེ་ཐུབ་པ་ཡོད། དེ་འདྲ་ལ་བལྟས་ན། བློ་ལྡན་རྣམས་དད་པ་མི་འགྲོ་བའི་དབང་མེད་པ་ལགས། དེ་ནས་སྔར་འགྱུར་བ་ལའང་འགྱུར་མི་བདེ་བ་དང་འགྱུར་ལོག་པ་དང་འགྱུར་ཆད་པ་སོགས་དང་། ཕྱིས་ཡི་གེ་པས་བྲི་ནོར་དུ་བྱས་པ་སོགས། མི་བཅོས་སུ་མི་རུང་བ་རྣམས་རྒྱ་དཔེ་ལ་བཏུགས་པའི་ཞུ་ཆེན་མཛད་པ་ནི་བཀའ་འགྱུར་བསྟན་འགྱུར་ཕལ་ཆེ་བ་ལ་ཡོད་ཀྱང་ཡི་གེ་མང་བའི་འཇིགས་པས་འདིར་ཁ་ཅིག་ཙམ་འདྲི་ན།”[24]ཞེས་གསུངས་པས་ཤེས་པ་དང་། ཞ་ལུ་ལོ་ཆེན་གྱིས་སྒྲ་སྒྱུར་མཛད་པའི་ཚེ་ཤིན་ཏུ་མྱུར་ཚུལ་ནི། “རྗེ་བཙུན་ཉིད་ཀྱི་རྒྱ་དཔེ་རྣམས་བོད་སྐད་དུ་བསྒྱུར། ཡི་གེ་གཅིག་ཀྱང་ཆད་ལྷག་མེད་པར་གསུངས་པ་སློབ་མ་རྣམས་ཀྱིས་བོད་དཔེ་བཟུང་ནས་མནན་པ་ན། བོད་ཀློག་བཟང་བ་ཀུན་གྱིས་ཀྱང་ནོན་དཀའ་བར་གྱུར་པ་ནི་མངོན་སུམ་དུ་གསལ་ལོ། །”[25]ཞེས་གསུངས་པ་དང་། “ལོ་ཆེན་འདི་ཉིད་གཞུང་མང་པོ་ལ་འགྱུར་བཅོས་སམ་ཧོར་ཀོང་གསབ་པ་སོགས་ཀྱི་སྒོ་ནས་ལེགས་པར་མ་འགྱུར་བ་དང་། ལོག་པར་བསྒྱུར་བ། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས་ཇི་ལྟ་བ་ཇི་སྙེད་པའི་རིག་གནས་ཀྱི་རྒྱུན་བཟང་པོ་ཤིན་ཏུ་གསལ་བར་མཛད་པར་མ་ཟད། བསྟན་བཅོས་ཀྱང་མང་པོ་གཞི་བསྒྱུར་དང་བརྩམས་གནང་བ་བཅས་གངས་རིའི་ཁྲོད་ཀྱི་བློ་གཟུ་བོར་གནས་པ་ཐམས་ཅད་བཀུར་སྟིའི་གནས་དམ་པ་དང་། ལྷག་པར་རིག་གནས་ལ་ཕྱག་རྗེས་ཤིན་ཏུ་ཆེ།”[26]ཞེས་གསུངས་སོ། །
        དུས་ཕྱིས་བོད་ཀྱི་བརྡ་དག་སྨྲ་བར་ཤིན་ཏུ་གྲགས་ཆེ་བའི་དག་ཡིག་ཟ་མ་ཏོག་[27]ཅེས་པའང་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་དགུང་ལོ་དོན་བཞིའི་ཐོག་སྟེ་རབ་བྱུང་དགུ་པའི་ཤིང་ཁྱི་(སྤྱི་ལོ་1514པ)ལོར་གྲྭ་ཐང་དུ་མཛད་པ་ཡིན། «དག་ཡིག་ཟ་མ་ཏོག་»གི་མཛད་བྱང་ལས་ཀྱང་།“ཞེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་ཞེས་བྱ་བ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་དག་ཐོས་ཤིང་ཆ་ཤས་ཙམ་རིག་ལ། གངས་ཅན་གྱི་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་བསྒྱུར་ཚུལ་རྗེས་སུ་དཔག་པ་ལས་རྟོགས་ཤིང་བརྡ་གསར་རྙིང་གི་རྣམ་དབྱེ་ལེགས་པར་ཕྱེད་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཞ་ལུ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་བྱ་བས། དངོས་པོའི་(ཤིང་ཕོ་ཁྱི་སྟེ་རང་ལོ་དོན་བཞི་པ)ལོ་ས་ག་ཟླ་བའི་ཚེས་ཉེར་ལྔ་ཆོས་གྲྭ་གྲྭ་ཐང་དུ་གྲུབ་པར་བགྱིས་པའོ། །”[28]ཞེས་པས་ཤེས་སོ། །
        གཞན་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི་«རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པའི་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ་»ཞེས་པར་བལྟས་ན། “གྲྭ་པ་མངོན་ཤེས་ལ་བསྟོད་པ།”[29]ཞེས་པ་དང་། དུས་ཕྱིས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་«བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་ཐེངས་གསུམ་པའི་དཀར་ཆག་བཞུགས་སོ་»ཞེས་པར་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་གསུང་འབུམ་བཀོད་པའི་ཆོས་ཚན་གྱི་རྣམ་གྲངས་ལས་ཀྱང་། “གྲྭ་པ་མངོན་ཤེས་ལ་བསྟོད་པ།”[30]ཞེས་བཀོད་པའང་གོང་གི་སྐྱོགས་ལོ་ཆེན་པོ་སོགས་ཀྱིས་མཛད་པའི་ཞ་ལུ་ལོ་ཆེན་གྱི་རྣམ་ཐར་སོགས་ཀྱི་ཡིག་ཆར་ཁུངས་གཏུགས་ནས་བཤད་པར་སྣང་། གང་ལྟར་ཞ་ལུ་ལོ་ཆེན་སྐུ་དངོས་ཀྱིས་མཛད་པའི་གྲྭ་པ་མངོན་ཤེས་ཀྱི་སྐུ་བསྟོད་ཅིག་ཡོད་ཐག་ཆོད་ཀྱང་ད་ལྟར་དེའི་དཔེ་རྒྱུན་བཞུགས་མིན་རྩད་གཅོད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ། །
བཞི་པ། ཞ་ལུ་ལོ་ཆེན་གྱི་དངོས་སློབ་རྣམས་ཀྱིས་གྲྭ་ཐང་གི་གདན་ས་བཟུང་བ་དང་ཕྱག་རྩོམ་གང་དག་མཛད་ཚུལ།
        དུས་ཕྱིས་ཞ་ལུ་ལོ་ཆེན་གྱི་སློབ་ཆེན་དུ་གྱུར་པའི་སྐུ་ཡི་དབོན་པོ་ལོ་ཙཱ་བ་ཆེན་པོ་པདྨ་དཀར་པོས་གྲྭ་ཐང་གཙུག་ལག་ཁང་གི་གདན་སའི་མཁན་པོ་མཛད་ནས་ཆོས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་དང་འཆད་ཉན། བསྒྱུར་རྩོམ་སོགས་རྒྱ་ཆེར་མཛད་པ་སྨོས་མ་དགོས་ཤིང་། གཞན་ཡང་ཞ་ལུ་ལོ་ཆེན་གྱི་དངོས་སློབ་སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་སམ་ཡོངས་གྲགས་སུ་སྐྱོགས་སྟོན་ལོ་ཙཱ་བའམ་སྐྱོགས་ལོ་ཆེན་པོ་ཞེས་པས་གྲྭ་ཐང་དུ་བསྒྱུར་བའི་བསྟན་བཅོས་ལ། “ཙནྡ་པའི་ཡི་གེའི་འགྲེལ་པ་སྐྱོག་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་གྲ་ཐང་དུ་བསྒྱུར་བ།”[31]ཞེས་པ་ལྟར་ཡིན་ཏེ། འདི་ནི་སློབ་དཔོན་ཆེན་པོ་ཙནྡ་གོ་མིའི་ཞལ་སྔ་ནས་མཛད་པ་སྟེ། སྔོན་བོད་དུ་མ་འགྱུར་སྣང་བས། གངས་ཅན་གྱི་སྐྱེ་བོ་ཀུན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་ཆེན་པོ་དྷརྨྨ་པཱ་ལ་བྷ་དྲའི་བཀའ་དྲིན་ལས་རྣམ་དཔྱོད་ཀྱི་སྐལ་བའི་ཆ་ཤས་ཐོབ་པ་སྐྱོགས་སྟོན་ལོ་ཙཱའི་མིང་ཙམ་འཆད་པ་ངག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་འཛིན་བྱེད་ཅེས་བྱ་བ་མེ་ཕོ་བྱི་བའི་རྒྱལ་ཅན་གྱི་ཉ་ལ་དཔལ་གྲ་ཐང་གི་གཟིམས་ཁང་དུ་བླ་མ་དམ་པ་ཉིད་ཀྱིས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་དཔང་ལོ་ཆེན་པོའི་ཕྱག་དཔེ་རྒྱ་དཔེ་ལས་བསྒྱུར་ཅིང་མ་རྟོགས་པ་དང་ལོག་པར་རྟོགས་པ་ཐམས་ཅད་རྗེ་ལོ་ཙཱ་བ་ཆེན་པོའི་གསུང་ལ་གཏུགས་ནས་དག་པར་བྱས་པའོ། །སླར་ཡང་ཁ་ར་ཞེས་བྱ་བ་ལྕགས་མོ་ཡོས་ཀྱི་དབོའི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ཉང་པོའི་ཡུལ་གྱི་ལྗོངས་ཕྲག་ཟུར་དུ་གདོང་གི་དཔལ་ཀརྨ་པའི་ཆོས་ཀྱི་སྡེ་ཆེན་པོ་འཇམ་དབྱངས་དགྱེས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་དཔེ་ལ་གཏུགས་ཏེ་བསྒྱུར་བ་པོ་ཉིད་ཀྱིས་ཅུང་ཟད་ཞུས་ཤིང་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྒྲ་རིག་སྨྲ་བ་ཨཱ་ནནྡ་བཛྲ་ཞེས་བྱ་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་དང་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། །།[32]ཅེས་པ་ནི། འདི་ཉིད་ཀྱི་འགྱུར་ལ། ཙནྡ་བའི་ཡི་གེའི་འགྲེལ་བ་སྐྱོག་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་གྲ་ཐང་དུ་བསྒྱུར་པ།[33]ཞེས་པ་དེ་ཡིན་ནོ། །
        སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱི་སྐུ་འཁྲུངས་འདས་ཀྱི་ལོ་ཚིགས་མ་ངེས་ཀྱང་། ཁོང་ནི་ཞ་ལུ་ལོ་ཆེན་གྱི་དངོས་སློབ་[34]གཙོ་བོ་ཞིག་ཡིན་པར་གསུངས། སྐྱོགས་སྟོན་ལོ་ཙཱ་བས་ཞ་ལུ་ལོ་ཆེན་གྱི་ཞབས་ལ་གཏུགས་ཤིང་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་ལ་སློབ་གཉེར་དཔྱིས་ཕྱིན་མཛད། ཞ་ལུ་ལོ་ཆེན་གྱི་བཀའ་དྲིན་ལས་ལེགས་སྦྱར་གྱི་སྒྲ་དང་ཡི་གེ་སོགས་ལ་ཤིན་ཏུ་མཁས་པར་གྱུར་ཏེ་གོང་དུ་ཞུས་པའི་ཙནྡ་པའི་ཡི་གེའི་འགྲེལ་པ་ཞེས་པ་ལྟ་བུ་ནི་ལེགས་སྦྱར་གྱི་སྐད་ལས་བོད་ཡིག་ཏུ་ལེགས་པར་བསྒྱུར་ནས་བསྟན་འགྱུར་དུ་བཞུགས། ཁོང་གིས་«རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་ཐར་བརྗེད་བྱང་ནོར་བུའི་འཁྲི་ཤིང་»ཞེས་པའང་བརྩམས། སྐྱོགས་ལོའི་ཕྱག་བྲིས་ཀྱི་རྒྱུན་ལ་དུས་ཕྱིས་སྐྱོགས་ལོའི་ཡིག་གསར་ཞེས་གྲགས་སོ། །
        མདོར་ན། ཞ་ལུ་ལོ་ཆེན་གྱི་བཀའ་དྲིན་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གནས་སོགས་འཆད་བསྒྱུར་རྩོམ་གསུམ་མཛད་པའི་ལོ་ཙཱ་བའི་རྣམ་གྲངས་ལ། “མཁས་པ་ཆེན་པོ་ས་སྐྱ་ལོ་ཙཱ་སོགས། །ལོ་ཙཱ་ལེགས་པར་ཤེས་པ་རྣམ་དགུ་དང་། །གངས་ཅན་ཁྲོད་ན་ཐ་སྙད་གཙུག་ལག་ལ། །ལེགས་པར་བྱ་བའི་མཁས་པ་དུ་མ་ཡོད། །”[35]ཅེས་གསུངས་པ་ལྟར། ཞ་ལུ་ལོ་ཆེན་གྱི་དངོས་སློབ་ཏུ་གྱུར་པའི་ལོ་ཙཱ་བ་ཆེན་པོ་དགུ་གཙོ་བོར་གྱུར་པ་རྣམས་ཀྱིས་ཆོས་དང་རིག་གནས་ཀྱི་འཆད་བསྒྱུར་མཛད་ནས་རིམ་པར་རྒྱ་ཆེར་དར་བའི་ཚུལ་ལ། ཐ་སྙད་རིག་གནས་ལ་མཁས་པ་དཔག་ཏུ་མེད་པས་བོད་དུ་ཐམས་ཅད་ཁྱབ་སྟེ་བསྟན་པ་རིན་པོ་ཆེ་གསལ་བར་མཛད་ཅིང་། དེར་མ་ཟད་རྗེ་བཙུན་ལོ་ཙཱ་བ་ཆེན་པོ་དཔོན་སློབ་འདི་ཉིད་ཀྱི་བཀའ་དྲིན་ལས། དེང་སང་གི་བར་དུ་བཤད་རྒྱུན་ཆེར་རྒྱས་ཤིང་། སླད་ནས་ཀྱང་མི་ཉམས་པ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་དར་ཞིང་རྒྱས་པ་ནི་ཐུགས་རྗེ་(ཐ་48བ)དང་སྨོན་ལམ་གྱི་མཐུ་ལས་སོ། །[36]ཞེས་གསུངས་པས་ཤེས་སོ། །
མཇུག་བསྡུ་བ།        སྤྱིར་དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་བཏབ་པའི་གྲྭ་ཐང་གཙུག་ལག་ཁང་ནི་ལོ་རྒྱུས་རིང་བ་དང་ཁྱད་པར་དུ་གཙུག་ལག་ཁང་གི་བཟོ་བཀོད་ཁྱད་པར་དུ་འཕགས་ཤིང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་མི་འདྲ་བའི་ཁྱད་ཆོས་ལྔ་ལྡན་པས་དཔལ་ལྔ་ལྡན་གྲྭ་ཐང་དགོན་ཞེས་པའི་ལོ་རྒྱུས་ཀྱི་ས་བོན་ཙམ་ནི་ཆོས་འབྱུང་དང་དེབ་ཐེར་དག་ཏུ་ཕྲན་བུ་བཀོད་པའི་ཡིག་ཟིན་སོགས་མཐོང་བའི་ཡུལ་དུ་གྱུར་ལ། གྲྭ་ཐང་གཙུག་ལག་ཁང་ལ་བོད་ཀྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཞེས་ཞ་ལུ་ལོ་ཆེན་སྐུ་དངོས་ཀྱིས་གསུངས་པ་དང་། ཞ་ལུ་ལོ་ཆེན་གཙོས་པའི་སློབ་རྒྱུད་རྣམས་ཀྱིས་གྲྭ་ཐང་གཙུག་ལག་ཁང་དུ་བཀའ་མདོ་རྒྱུད་བསྒྱུར་ནས་འགྱུར་བཅོས་སོགས་མཛད་པ་དང་། སྒོས་སུ་ཞ་ལུ་ལོ་ཆེན་སྐུ་དངོས་དང་ཁོང་གི་སློབ་རྒྱུད་རྣམས་ཀྱིས་བོད་རང་གི་སྐད་ཡིག་གི་ལམ་ནས་ཆོས་དང་རིག་གནས་ཀྱི་གཞུང་ལུགས་འཆད་ཉན་དང་ཕྱག་རྩོམ་མཛད་པའི་ཚུལ་ཕྲན་བུ་རེ་ནི་ཆོས་འབྱུང་དང་རྣམ་ཐར་རེ་ཟུང་དུ་སྣང་མོད། གྲྭ་ཐང་གཙུག་ལག་ཁང་དང་ཞ་ལུ་ལོ་ཆེན་གཙོས་པའི་སློབ་རྒྱུད་བར་གྱི་འབྲེལ་བའི་སྐོར་ཕྱོགས་གཅིག་ཏུ་བཤད་ན་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གྲྭ་ཐང་གཙུག་ལག་ཁང་དང་ཞ་ལུ་ལོ་ཆེན་གྱི་སློབ་རྒྱུད་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་བའི་དཔྱད་གཞིའམ་ཟུར་ལྟ་བྱ་རུང་བ་ཞིག་ཏུ་འགྱུར་སྙམ་ནས་འབྲེལ་ཡོད་ཀྱི་ཆོས་འབྱུང་དང་དེབ་ཐེར། རྣམ་ཐར། རྟོགས་བརྗོད། བསྟན་རྩིས། འགྱུར་བྱང་སོགས་ཀྱི་ཡིག་ཆ་ཁུངས་བཙན་དག་ལ་དཔྱད་བསྡུར་ཅུང་ཙམ་བྱས་པའོ། །
 
མཆན་དང་ལུང་ཁུངས།
[1] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ»[M] དབུ་མེད་བྲིས་མ། ཤོག་གྲངས་31
[2] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་འགྱུར» རྒྱུད། ཁེ 93 «དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་མི་ཟད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ» [M] དེབ། 48 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་121
[3] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བཀའ་འགྱུར» མདོ་སྡེ། ཤ 71 «འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ» [M] དེབ། 71 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་539
[4][5] ཇོ་ནང་ཏཱ་ར་ནཱ་ཐ། «རྒྱ་གར་ཆོས་འབྱུང»[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་310; 315
[6] རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེ། «གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་གསར་པའི་འོད་སྣང་བཞུགས་སོ»[M] བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། BDRC eBooksཞེས་པའི་གློག་རྡུལ་ཡིག་ཆའི་ཨང་རྟགས། W1KG6188-001 ཤོག་ངོས་110
[7][8] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་དབང་པོ།(གངས་ཅན་རིག་མཛོད། 4) «བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་313; 318
[9] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ»[M] དབུ་མེད་བྲིས་མ། ཤོག་གྲངས་31
[10] ལོ་ཙཱ་བ་རཏྣ་བྷ་དྲ། «ཞ་ལུ་ལོ་ཙཱ་བའི་རྟོགས་བརྗོད»[M] དབུ་མེད་བྲིས་མ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ། BDRC eBooks ཞེས་པའི་གློག་རྡུལ་པར་གཞིའི་ཡིག་ཆའི་ཨང་རྟགས། W1KG606-001 ཤོག་གྲངས་5
[11] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། «བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་ཐེངས་གསུམ་པའི་དཀར་ཆག་བཞུགས་སོ»[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་81
[12][13] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ»[M] དབུ་མེད་བྲིས་མ། ཤོག་གྲངས་31; 31
[14][15] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་དབང་པོ།(གངས་ཅན་རིག་མཛོད།4) «བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་; 311; 319
[16][17] ལོ་ཙཱ་བ་རཏྣ་བྷ་དྲ། «ཞ་ལུ་ལོ་ཙཱ་བའི་རྟོགས་བརྗོད»[M] དབུ་མེད་བྲིས་མ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ། BDRC eBooks ཞེས་པའི་གློག་རྡུལ་པར་གཞིའི་ཡིག་ཆའི་ཨང་རྟགས། W1KG606-001 ཤོག་གྲངས་6; 6
[18] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ»[M] དབུ་མེད་བྲིས་མ། ཤོག་གྲངས་33
[19] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་འགྱུར» [M] དབུ་མ། ཀི 125 དེབ། 64 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་56
[20] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་བརྩམས་པའི་གཏམ་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ» [M] དེབ། 122 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་1350
[21] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་འགྱུར» སྒྲ་མདོ། རེ 209 «འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ» [M] དེབ། 108 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་1686
[22] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བཤད་སྒྲུབ་ཀྱི་སྒོ་ནས་བྱ་བ་མཛད་པ་གྲགས་ཆེ་བ་དག་གཙོ་བོར་སྨོས་པའི་རབ་ཏུ་བྱེད་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་བཞུགས་སོ» [M] དེབ། 47 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་351
[23][24] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ» [M] དབུ་མེད་བྲིས་མ། ཤོག་གྲངས་46; 48
[25] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་དབང་པོ། (གངས་ཅན་རིག་མཛོད། 4) «བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་314
[26] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ»[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1759
[27] དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། « དག་ཡིག་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཚོམ་བུ» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་39-92
[28][29] དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། « དག་ཡིག་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཚོམ་བུ» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་91; 85
[30] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། «རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་ཁྲི་ཤིང་ཞེས་བྱ་བ་བཞུགས་སོ» [M] དབུ་མེད་བྲིས་མ། ཤོག་གྲངས་45
[31] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་གྱི་སྤྲིན་ཕུང་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ཆུ་གཏེར་འཕེལ་བའི་ཟླ་གསར» [M] དེབ། 121 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་1120
[32] བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། «བསྟན་འགྱུར» སྣ་ཚོགས། པོ 227 «ཙནྡ་པའི་ཡི་གེའི་མདོའི་འགྲེལ་པ་གསར་འགྱུར་བཞུགས་སོ» [M] དེབ། 120 པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་1660
[33] ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུས། «གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ»(ནང་ཁུལ་གྱི་དཔྱད་གཞིའི་ཡིག་ཆ།) [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་398
[34] དམུ་དགེ་བསམ་གཏན། «བརྡ་སྤྲོད་བློ་གསལ་དགའ་སྟོན» [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་221
[35][36] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་དབང་པོ།(གངས་ཅན་རིག་མཛོད།4) «བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་318; 318