ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཆུ་ཏྲེམ་ནད་ཀྱི་བརྟག་བཅོས་སྐོར་གླེང་བ་གསར་བུའི་འཇུག་སྒོ།

སྤེལ་དུས 2021-12-09 ཡོང་ཁུངས། བོད་སྨན་སློབ་གསོ་དང་ཞིབ་འཇུག རྩོམ་པ་པོ། ལྷག་པ་ཚེ་རིང་།
          ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་རང་ལུགས་ཁུངས་བཙུན་གཞུང་གི་ཉིང་ཁུ་བསྡུས་ཤིང་རང་བློའི་དཔྱད་པ་ཕྲ་མོ་དང་སྦྱར་ཏེ་གོ་བདེ་སྤྱོད་བདེའི་ས་བཅད་དུ་དབྱེ་ནས་ཆུ་ཏྲེམ་ནད་ཀྱི་བརྟག་བཅོས་ཐབས་ལམ་སྒྲུབ་ཐབས་བྱས་ཡོད།
          གནད་ཚིག ཆུ་ཏྲེམ། བརྟག་ཐབས། གསོ་ཐབས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]R274.9 [ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག]1674-0572(2018)01-0061-05  
          བོད་ལུགས་གསོ་རིག་གི་གཞུང་ལས་གྲུམ་བུའི་ནད་ལ་དབྱེ་བ་དྲུག་ཡོད་པ་ལས་ཆུ་ཏྲེམ་ནད་ཅེས་པ་དེ་ནི་རྒྱུ་རྐྱེན་གང་རུང་གིས་ལུས་ཀྱི་དྭངས་མ་རང་གནས་སུ་མི་སྨིན་པར་ཆུ་སེར་རྒྱས་པ་དེ་ལུས་ཀྱི་ཆུ་རྒྱུས་ལ་ཞུགས་ནས་ཆུ་རྒྱུས་གྱོང་ཞིང་རེངས་པའམ་འཁུམས་པ་སོགས་ཀྱི་ནད་གྱུར་བྱུང་སྟེ་ལྡང་བའི་གྲུམ་བུའི་ནད་ཀྱི་ཡ་གྱལ་ཞིག་ཡིན།
          དང་པོ་། ནད་ཀྱི་རྒྱུ་རྐྱེན་བཤད་པ།
          དེའང་རྒྱུད་ཀྱི་གྲུམ་བུ་གསོ་བའི་ལེའུ་ལས། རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་བཅུད་དང་།  དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས། ། ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེད། ①ཅེས་དང་། མན་ངག་ལྷན་ཐབས་ལས། དེ་ཡང་ཚད་པའི་ནད་རིགས་གང་ཡང་རུང་། །བཅུད་ཤོར་ཉིན་གཉིད་གཏར་སྔས་དྲག་ཤུལ་གྱིས། །ཚ་བ་བྱེར་ཞིང་ཕལ་ཆེར་སྨད་དུ་ལྷུངས། ། ཆུ་སེར་བསྡོངས་ཟླར་བཅས་ལ་ཚིགས་ལ་ཞེན། ། ཤ་རུས་རྩ་རྒྱུས་ལ་ཁྱབ་གྲུམ་བུར་འགྱུར། །②ཞེས་གསུངས་པ་ལྟར་ཆུ་ཏྲེམ་ནད་ཀྱི་རྒྱུ་ནི་ལུས་ཀྱི་ཕྱི་ནང་དུ་ཁྱབ་པར་གནས་པའི་ཆུ་སེར་ཡིན་ཞིང་། སློང་རྐྱེན་ནི་རླན་ཅན་སྣུམ་པའི་ཡུལ་དུ་ཡུན་རིང་གནས་པའམ་སྣུམ་བཅུད་ཆེ་བའི་ཁ་ཟས་རྒྱུན་དུ་བསྟེན་པས་དྭངས་མ་མ་ཞུ་བར་ཆུ་སེར་འཕེལ་བ་ཆུ་རྒྱུས་ལ་ཞུགས་པ་དང་། ཡང་ན་ཆམ་ཚད་སོགས་ཚད་པའི་ནད་རིགས་གང་ཡང་རུང་བར་དྲོད་བཅུད་ཟས་བསྟེན་ཆེས་པ། ཉིན་གཉིད་ལོག་པ། གཏར་སྔས་པ་དང་དྲག་ཤུལ་སོགས་ཀྱིས་ཚ་བ་བྱེར་ཞིང་ཆུ་སེར་དང་བསྡོངས་ནས་ཆུ་རྒྱུས་ལ་ཞུགས་ཏེ་ནད་ལྡང་བའོ། །
          གཉིས་པ། ནད་ཀྱི་གྱུར་ཚུལ།
          གོང་གི་སློང་རྐྱེན་དག་ལས་ཆུ་སེར་འཕེལ་ཞིང་འཁྲུགས་པ་འདི་ལུས་ཀྱི་སྒྱིད་ཁུང་དང་གྲུ་མོ། ལྟག་པ། སྒལ་གཞུང་སོགས་ཀྱི་ཆུ་རྒྱུས་ལ་ཞུགས་ནས་དེ་དག་གི་བྱེད་ལས་འཁྲུགས་ཤིང་ཉམས་ཏེ་ཆུ་རྒྱུས་གྱོང་ཞིང་ཡན་ལག་རེངས་པའམ་འཁུམས་པ། ན་ཟུག་གཏོང་བ་སོགས་ཀྱི་ནད་འགྱུར་བྱུང་བའོ། །
          གསུམ་པ། ནད་ཀྱི་དབྱེ་བ།   
          དེའང་རྒྱུད་ཀྱི་གྲུམ་བུའི་ནད་གསོ་བའི་ལེའུ་ལས། ཏྲེམ་དཀར་ཆུ་སེར་དཀར་པོ་གྲང་ཤས་ཞེ ། ཏྲེམ་ནག་ཆུ་སེར་ནག་པོ་ཚ་ཤས་ཆེ །③ ཞེས་དང་། ཡང་དེ་ཉིད་ལས། ཆུ་སེར་དཀར་པོ་བད་རླུང་གྲང་བར་བསྡོངས། །ཆུ་སེར་ནག་པོ་ཁྲག་མཁྲིས་ཚ་བར་བསྡོངས། །④ཞེས་གསུངས་པ་ལྟར་ནད་འདི་སློང་རྐྱེན་དང་བསྡོངས་ཟླའི་དབང་གིས་ཚ་གྲང་གཉིས་སུ་དབྱེ་བའོ། །   
          བཞི་བ། ནད་ཀྱི་རྟགས་བཤད་པ།    
          1  སྔར་ཚུལ་བཤད་པ། 
          མགྲིན་པ་དང་ལྟག་པ། མཁྲིག་མ། གྲུ་མོ།  སྒྱིད་ཁུང་། རྟིང་པ། སྦལ་མགོའམ་ནང་ལོང་ཐད་ཀྱི་ཆུ་བ། སྒལ་འདབ་གཡས་གཡོན་བཅས་ཀྱི་ཆུ་བ་བཅུ་དྲུག་གི་གནས་ཀུན་རེས་མོས་ཀྱིས་ན་བ་དང་དེའི་གནས་སུ་བསྡམས་ཤིང་དཀྲིས་སྙམ་བྱེད་པ། ཡན་ལག་བརྐྱང་བསྐུམ་དང་འགྲོ་བསྐྱོད་ཅུང་དཀའ་བ། སྒྱིད་པ་སྐྱུར་ལ་དྲག་ཤུལ་དང་གནམ་ཞོད་ཆེ་སྐབས་ཐུ་ཆེ་བ་སོགས་ཀྱི་ནད་རྟགས་ཡོད།   
          2 ཚུལ་ཕྱེད་པའི་རྟགས།  
          (1)གཙོ་བོའི་ནད་རྟགས། རྒྱུད་ཀྱི་གྲུམ་བུའི་ནད་གསོ་བའི་ལེའུ་ལས། ཆུ་ཏྲེམ་ཆུ་རྒྱུས་གྱོང་འདར་རེངས་འཁུམས་སྐམས། །⑤ཞེས་དང་། ལག་ལེན་པོད་དམར་ལས། ཆུ་ཏྲེམ་ཆུ་བའི་ཚོགས་ཀུན་ན། །ཁྱད་པར་མཇིང་པ་རེངས་པར་འགྱུར། །བཅོས་ཉེས་ཞ་འཁུམ་ནད་དུ་འགྱུར། །⑥ཞེས་གསུངས་པ་ལྟར་ལུས་ཀྱི་ཆུ་བ་བཅུ་དྲུག་གི་གནས་ཀུན་ནམ་ཡང་ན་གནས་གང་རུང་གཟེར་ཞིང་ཆུ་རྒྱུས་གྱོང་བ། ལུས་འདར་ལ་འགྲོ་བསྐྱོད་དཀའ་བ། ཡན་ལག་རེངས་ཤིང་བསྐུམ་དཀའ་བའམ་ཡང་ན་འཁུམས་ནས་བརྐྱང་དཀའ་བ། ལྟག་རྒྱབ་ན་ཞིང་མཇིང་པ་རེངས་ལ་སྐེ་བསྒྱུར་དཀའ་བ། དཔྱི་རྐེད་དང་སྒལ་གཞུང་ན་ཞིང་དགྱེ་དགུ་དཀའ་བ། ཁ་འབྱེད་འཛུམ་དཀའ་བ། ཡན་ལག་གི་ཤ་རྣམས་སྐམས་པ། བཅོས་ཕྱིས་བཅོས་ཉེས་ན་ཡན་ལག་ཡོངས་སུ་ཞ་འཁུམས་སུ་འགྱུར་བའང་བྱུང་། ཚ་གྲང་གི་ཁྱད་པར་ལ། རྒྱུད་ཀྱི་ཆུ་སེར་གསོ་བའི་ལེའུ་ལས།  ཁྱད་པར་ཆུ་སེར་དཀར་པོ་རྩ་ཆུ་གྲང་། །ནམ་ཞོད་རླན་དུགས་ཆུར་ཞུགས་གྲང་ཚེ་ལྡང་། །ལུས་དྲོད་དྲོད་བཅུད་ཟོས་རྗེས་བདེ་བར་མངོན། ཆུ་སེར་ནག་པོ་རྩ་ཆུའི་ཚ་བ་སྐྱེ །མེ་ཉིས་དྲོས་ཤིང་ཆང་འཐུང་སྟོན་དུས་ལྡང་། །⑦ཞེས་དང་། མན་ངག་ལྷན་ཐབས་ལས། བྱེ་བྲག་གྲུམ་དཀར་ཟུག་ཆུང་རྩ་ཆུ་གྲང་། །གྲུམ་ནག་ཟུག་ཆེ་མདོག་ནག་རྩ་ཆུ་ཚ །⑧ཞེས་གསུངས་པ་ལྟར། ནད་འདི་ཚ་ཤས་ཆེ་ན་རྩ་ཆུའི་རྟགས་ཚ་ཞིང་ན་ཟུག་ལྷག་པར་ཆེ ལུས་དྲོད་རྒྱས་པ། མེ་ཉིས་དྲོས་ཤིང་ཆང་འཐུང་བ་དང་སྟོན་ཀའི་དུས་སུ་ལྡང་ཆེ་བ་ཡིན། གྲང་ཤས་ཆེ་ན་རྩ་ཆུའི་རྟགས་གྲང་ལ་གནམ་ཞོད་ཆེ་བ་དང་རླན་གཤེར་ཆེ་བའི་གནས་སུ་སྡོད་པ། ཆུར་ཞུགས་པ་སོགས་ཀྱིས་ལུས་གྲང་བ་དང་དཔྱིད་དུས་ལྡང་ཆེ་བ། ལུས་དྲོད་པ་དང་དྲོད་བཅུད་ཀྱི་ཟས་ཟོས་རྗེས་བདེ་བར་མངོན་པའི་ཁྱད་པར་ཡོད་དོ། །  
          (2) ནད་རྟགས་ཕལ་པ། གྲང་ཤུམ་བྱེད་པ་དང། མགོ་ན་བ། ལུས་ཤེད་ཆུང་ལ་སྒྱིད་པ་སྐྱུར་བ། ལུས་ཤ་སྐམ། རྐང་ལག་གི་ཉྭ་བཞི་དང་རུས་ཚིགས་ན་བ་སོགས་ཀྱི་ནད་རྟགས་ཀྱང་ཡོད། །   
          ལྔ་བ། བལྟ་རེག་གིས་བརྟག་པ།   
          1 སྤྱིའི་བལྟ་རེག   
          གྲུ་མོ་དང་སྒྱིད་ཁུང། ལྟག་རྒྱབ། སྒལ་གཞུང་སོགས་གང་ན་བའི་གནས་ཀྱི་ཆུ་རྒྱུས་ལ་རེག་ཚེ་གྱོང་ཞིང་མཁྲེགས་པ་དང་གནོན་ཟུག་ལྡན་པ། མིག་གིས་བལྟས་ཚེ་གསོ་བྱའི་ལུས་ཤ་རིད་པ་དང་སྙིང་སྟོབས་ཞན་པ། ཡན་ལག་གི་འགུལ་བསྐྱོད་ནུས་པ་ཞན་དུ་སོང་ནས་བརྐྱང་བསྐུམ་དང་དགྱེ་དགུ་སོགས་བྱ་དཀའ་བར་མངོན།  
          2 ཁྱད་པར་བལྟ་རེག   
          རྩ་རྒྱུད་འཁྱུག་ཅིང་ཕྲ་ལ་གྲངས་མགྱོགས་པ། ཁ་ལ་དྲག་ཅིང་གཏིང་རྒྱུག་པ། དྲི་ཆུའི་ཁ་དོག་སེར་ལ་རླངས་པ་ཆེ་བ་དང་མི་ནོར་བའི་རྟགས་སུ་ངང་པའི་རྒྱབ་ལྟར་ཡོད། ལྕེ་མདོག་དམར་ལ་ངོ་བོ་སྐམ། ལྕེ་སྟེང་བད་སྐྱ་ལྡན་པའོ །   
          3 གཞོགས་འདེགས་བརྟག་དཔྱད།  
          ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་ནང་ཁྲག་གི་མདོག་རྩི་ཅུང་དམའ་རུ་འགྲོ་བ། ཁྲག་རིལ་དཀར་པོ་དང་ཀྲུང་ཤིང་སོགས་ལྡང་ཚད་ལས་ཅུང་བརྒལ་བའམ་ཡང་ན་རྒྱུན་ལྡན། ཁྲག་དིམ་མྱུར་ཚད་དང་། འགྱུར་འབྱུང་སྤྲི་དཀར་Cཟླུམ་ཕྲེང་སྲིན་བུའི་ཁྲག་ཞུན་འགོག་རྫས་0ཡི་ཚོད་ལྟ་སོགས་ལྡང་ཚད་ལས་བརྒལ་འགྲོ་བ། གྲུམ་བུའི་རྐྱེན་རྩི་རྒྱུན་ལྡན་ལྟ་བུར་སྣང་བ། དེ་བཞིན་ཉིང་རྡུལ་གློག་པར་བརྟག་དཔྱད་ཀྱིས་ཆུ་བའི་ནད་འགྱུར་ལ་རྟོགས་ཞིབ་བྱ་ཐུབ་པའོ །  
          དྲུག་པ། འཁྲུལ་སོ་སེལ་ཐབས།  
          ནད་འདི་གྲུམ་བུའི་ནད་ཀྱི་བྱེ་བྲག་ཤ་ཏྲེམ་དང་རུས་ཏྲེམ། རྩ་ཏྲེམ། རླུང་ནད་ཤིང་རེངས་སོགས་དང་འཁྲུལ་སོ་སེལ་དགོས་ཏེ། ཤ་ཏྲེམ། རུས་ཏྲེམ། རྩ་ཏྲེམ་གསུམ་ནི་ཆུ་སེར་འཕེལ་བའི་ཆ་འདྲ་ཡང་ཞུགས་སའི་གནས་མི་འདྲ་སྟེ་ཤ་ཏྲེམ་ཡིན་པར་ཕུད་བད་མཁྲིས་ཤས་ཆེ་བ་དང་། དེ་བཞིན་རུས་ཏྲེམ་རླུང་ཤས་ཆེ་བ། རྩ་ཏྲེམ་ཁྲག་ཤས་ཆེ་བ་སོགས་ལས་ནད་རྟགས་མི་འདྲ་ཞིང། དེ་གསུམ་ལ་ཆུ་རྒྱུས་གྱོང་ཞིང་རེངས་འཁུམས་ཞ་བ་སོགས་ཀྱི་ནད་རྟགས་ཆེར་མེད་པས་འཁྲུལ་སོ་སེལ་ཐུབ། རླུང་ནད་ཤིང་རེངས་ནི་མ་ཞུ་བད་ཀན་གྱིས་རླུང་རྒྱུ་བའི་ལམ་བཀག་པ་ཡིནཞིང་ཞུགས་ས་སྒལ་ཚིགས་ལ་ཡིན་པས་འཁྲུལ་སོ་སེལ་ཐུབ།     བདུན་པ། འབྱུང་སྲིད་པའི་བླ་གཉན་ནད།   
          1 ཡན་ལག་ཞ་བ། ནད་འདི་བཅོས་ཕྱིས་ན་ཆུ་རྒྱུས་ཀྱི་ནུས་པ་ཡོངས་སུ་ཉམས་ནས་ཡན་ལག་ཞ་འཁུམས་སུ་འགྱུར་བའོ །   
          2 ནད་འདི་ཡུན་ལོན་བཅོས་ཕྱིས་པས་ཆུ་སེར་གྱི་ལྡང་ཚད་སྙོམས་མི་ཐུབ་པར་ཤ་རུས་དང་དོན་སྣོད་སོགས་ལ་ཞུགས་ནས་ཤ་ཏྲེམ་སོགས་གྲུམ་བུའི་ནད་རིགས་གཞན་དང་སྙིང་ཆུའི་ནད། གློ་བ་དང་མཆིན་པ། མཆེར་པ། མཁལ་མ་སོགས་ལ་ཆུ་སེར་བབས་པའི་ནད། ངོ་བོ་ཟད་པའི་ནད་སོགས་འབྱུང་སྲིད་པའོ། །  
          བརྒྱད་པ། གསོ་ཚུལ།  
          དམེ་ཤོར་འཁྲུགས་ཁྱད་པར་གྱི་གསོ་ཚུལ་བརྒྱད་པས་སྐབས་འདིར་ཟླུམས་ལྟ་བུའི་གསོ་ཚུལ་བཟུང་ནས་ཕོ་བའི་མེ་དྲོད་གསོ་ཞིང་དྭངས་མ་རང་གནས་སུ་སྨིན་ཐབས་བྱ་རྒྱུདང་ཆུ་སེར་གྱི་ལྡང་ཚད་སྙོམས་ཤིང་ཆུ་རྒྱུས་ཀྱི་ནུས་པ་གསོ་རྒྱུའོ །   
          དགུ་པ། གསོ་ཐབས་དངོས།    
          1 ཟས་ཀྱིས་བཅོས་པ།  
          དེའང་རྒྱུད་ཀྱི་གྲུམ་བུའི་ནད་གསོ་བའི་ལེའུ་ལས།  ཁ་ཟས་འབྲས་དང་ཆག་ཚེ་སྲན་ཆེན་དང་། །ཁུར་མང་བ་ཡི་ཞོ་དར་བསྐོལ་གྲང་མུ །ཇ་སོགས་བསིལ་ལ་ཡང་བའི་ཟས་སྐོམ་བསྟེན། །རུལ་སྐྱུར་སྣུམ་ལྕི་ཚྭ་སོགས་དུག་འདྲ་སྤང། །⑨ཞེས་གསུངས་པ་ལྟར།  ར་ཤ་དང་ཕག་ཤ  ལུག་ཤ  ཤ་རྙིང།  མར་རྙིང་། ལན་ཚྭ་མཐོ་བའི་ཟས་སྐོམ། ཇ་གར་དང་སྦི་རག བཏུང་བྱ་མངར་མོ་སོགས་སྣུམ་བཅུད་ཆེ་བ་དང། བསིལ་ཆེས་དྲོད་ཆེས་རུལ་སྐྱུར་ཁེངས་པོ་འཇུ་དཀའ་བའི་ཟས་སྐོམ་རིགས་སྤངས་ཤིང་། རྩམ་པ་དང་འབྲས། ཡོས་ཐུག གཡག་ཤ  སྔོ་ཚལ་གྱི་ཚོད་མ། ཆུ་བསྐོལ་གྲང་། ཞོ་སོགས་གསར་ལ་འཇུ་བདེ་བ་བསིལ་དྲོད་སྙོམས་ཤིང་ཡང་བའི་ཟས་སྐོམ་རིགས་བསྟེན་རུང་ངོ་། །   
          2 སྤྱོད་ལམ་གྱིས་བཅོས་པ།   
          རྒྱུད་ཀྱི་གྲུམ་བུའི་ནད་གསོ་བའི་ལེའུ་ལས། མེ་ཉི་ཉིན་གཉིད་རླན་གྲང་ཀུན་ལ་གཟབ། །⑩ ཅེས་དང་། མན་ངག་ལྷན་ཐབས་ལས། དྲག་ཤུལ་མ་ཡིན་བསིལ་དྲོད་རན་པར་བཅག །⑪ ཞེས་གསུངས་པ་ལྟར་བརླན་ཅན་སྣུམ་པའི་ཡུལ་དང་ཆུར་ཞུགས་པ་སོགས་ཀྱིས་ལུས་འཁྱགས་པ། མི་ཐེག་འཁུར་བ་དང་འཕྱོངས་རྒྱུག་སོགས་དྲག་ཤུལ་ཆེས་པ། མེ་ཉིས་བསྲོས་དྲགས་པ་དང་། ཉིན་གཉིད་ལོག་པ་སོགས་སྤངས་ནས་བསིལ་དྲོད་སྙོམས་པའི་གནས་སུ་རྩོལ་བཅག་རན་པ་བྱ་དགོས།   
          3 སྨན་གྱིས་བཅོས་པ།  
          ཆུ་ཏྲེམ་གྱི་ནད་འདི་ཚ་གྲང་གང་ཤས་ཆེ་ཡང་ཐོག་མར་ཞག་ལྔའི་བར་སླེ་ཏྲེས་ལྔ་ཐང་དང་ཆུ་བསྐོལ་ཡང་ཡང་བསྟེན་ཞིང་། དེ་རྗེས་ཕོ་བའི་མེ་དྲོད་གསོ་ཞིང་དྭངས་མ་རང་གནས་སུ་སྨིན་ཆེད་སེ་འབྲུ་༥དང་སེ་འབྲུ་དྭངས་གནས། ཆུ་སེར་སྐེམ་བྱེད་མགྲིན་མཚལ་༢༥ ཀླུ་བདུད་༡༨ དངུལ་ཆུ་༡༨བཅས་སེང་ལྡེང་ཁུ་བས་འཕུལ། སྤོས་དཀར་༡༠ཡང་གཏོང་། དེ་བཞིན་ཕན་བདེ་ནོར་བུའི་བང་མཛོད་ལས།  གུ་གུལ་བཅུ་པའི་སྟེང་དུ་ནི། །བོང་ཁྲག་གསུམ་གྱུར་བསྣན་གྱུར་ན། །གྲུམ་ནད་སྤྱི་སྨན་ཁྱད་པར་འཕགས །⑫ ཞེས་གསུངས་པ་བཞིན་གུ་གུལ་བཅུ་པ་སྟེ་སྤོས་དཀར་བཅུ་པའི་སྟེང་བོང་ཁྲག་གསུམ་གྱུར་བསྣན་པ་བཏང་། གཞན་བསམ་འཕེལ་ནོར་བུ་དང་ཨ་རུ་༡༠ མུ་ཏིག་༢༥ བྱུ་དམར་༢༥ ར་བསམ་སོགས་ལྟག་པ་སྤྲད་ནས་བསྟེན། ཁྱད་པར་རྒྱུད་ཀྱི་གྲུམ་བུ་གསོ་བའི་ལེའུ་ལས། ཆུ་ཏྲེམ་འབྲས་བུ་གསུམ་དང་མྲུ་ལ་གསུམ། །འུ་སུ་ཚབ་གསུམ་དང་ཚྭ་སྣ་གསུལ །སྦྲང་རྩི་མར་དང་སྦྱར་བའི་ལྡེ་གུ་བཏང་། །ཨ་རུ་རྒུན་འབྲུམ་འུ་སུ་ཤུ་མོ་ཟ། །ཚ་བ་ལྔ་དང་སྦྲང་རྩི་མར་སྦྱར་བཏང་། །⑬ཞེས་གསུངས་པའི་འབྲས་བུ་གསུམ། མཱུ་ལ་གསུམ་ཞེས་ཙིཏྲ་ཀ པི་པི་ལིང་། པཥྐརལྷུ་ལ་གསུམ་གྱི་རྩ་བ་འུ་སུ་དང་། སྒ་སྐྱ པི་པི་ལིང་། ཕོ་བ་རིས་བཅས་ཚ་བ་གསུམ། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ་བཅས་ཚྭ་སྣ་གསུམ་དང་སྦྲང་རྩི་རྣམས་མར་དང་སྦྱར་བའི་ལྡེ་གུ་དང་ཨ་རུ་ར། རྒུན་འབྲུམ། འུ་སུ། ཤུ་མོ་ཟ། སྒ་སྐྱ། པི་པི་ལིང་། ཕོ་བ་རིས། དབྱི་མོང་། ཙིཏྲ་ཀ་དང་སྦྲང་རྩི་རྣམས་རྩི་མར་དང་སྦྱར་བ་གཏོང་བའོ། བྱེ་བྲག་ཏུ་ཚ་ཤས་ཆེ་བ་ལ་ཙནྡན་༢༣ དེ་བཞིན་ཕན་བདེ་ནོར་བུའི་བང་མཛོད་ལས། ཆུ་དམར་རྩིགས་བཅས་ཚ་བ་ཆེ ། ཨ་རུ་བཅུ་པའི་སྟེང་དུ་ནི། ། གྷི་ལྦཾ་བ་ཤ་བཙོ་བཀྲུ་བསྣན། །⑭ཞེས་གསུངས་པ་བཞིན་ཨ་རུ་༡༠པའི་སྟེང་གྷི་ལྦཾ། བ་ཤ་ཀ བཙོ་ཆེན་བསྣན་པ་བཏང་། ཚབས་ཆེ་བ་ལ་གྲུམ་བུའི་ཟུག་གཅོག་ཆེན་མོ་གཏོང་། གྲང་ཤས་ཆེ་ན། མན་ངག་ལྷན་ཐབས་ལས། སེ་འབྲུ་ལྔ་སྟེང་ཆུ་སེར་སྨན་གསུམ་དང་། །བོང་ཁྲག་བསྣན་པ་ནངས་ནུབ་ཆུ་བསྐོལ་དབུལ། །⑮ ཞེས་གསུངས་པ་ལྟར་ཐང་བསྟེན་རྗེས་སྤོས་ཁྱུང་༡༥དང་སེ་འབྲུ་༥པའི་སྟེང་ཆུ་སེར་སྨན་གསུམ་དང་བོང་ཁྲག་བསྣན་པ་ཆུ་བསྐོལ་གྱིས་འཕུལ། བྱུང་ན་རྩ་སྦྱོངས་དང་ལྟོ་སྦྱོངས་ཀྱིས་ཆུ་སེར་དང་ཚད་རྙིང་དག་པར་སྦྱངས་དགོས་སོ། །   
          4 དཔྱད་ཀྱིས་བཅོས་པ།   
          རྒྱུད་ཀྱི་གྲུམ་བུའི་ནད་གསོ་བའི་ལེའུ་ལས། བྱིན་གཞུག་རྩ་གཏར་ཚབ་བྱང་བ་དང་། ། བཅོ་ལྔ་བཅུ་དྲུག་དཔྱི་མིག་གར་བབས་བསྲེག །ཆུ་རྒྱུས་འཁུམས་ན་བསྐུ་མཉེ་དྲག་ཏུ་བྱ། །⑯ ཞེས་དང་ལག་ལེན་པོད་དམར་ལས། ཆུ་ཏྲེམ་ཆུ་བ་འཁུམས་པ་ལ། །འབྲུ་སྣའི་ལུམས་དང་ཤ་བཙོས་ལུམས། །ལུམས་རྗེས་ཁབ་ཀྱིས་བཙགས་པར་བྱ། །⑰ ཞེས་གསུངས་པ་བཞིན་བདུད་རྩི་ལྔ་ལུམས་ལ་རྩ་བ་ལྔའི་ཁ་ཚར་བསྣན་པའི་ཆུ་ལུམས་དང་། འབྲུ་སྣའི་ལུམས། ཤ་བཙོས་པའི་ཁུ་བའི་ལུམས་བྱ་ཞིང་རྩ་བྱུག་སོགས་བྱུག་པས་བྱུགས་ལ་བསྐུ་མཉེ་ལེགས་པར་བྱ་དགོས། བྱིན་གཞུག་གཏར། ཚ་བ་བྱང་ནས་ཚིགས་པ་བཅོ་ལྔ་དང་བཅུ་དྲུག དཔྱི་མིག་གཉིས་སོགས་གར་བབས་ཡུལ་དུ་བསྲེགས་པར་བྱའོ། །  
          གྲུམ་བུའི་ནད་ནི་ལྡང་མང་ཞིང་གསོ་དཀའ་བའི་ནད་རིགས་ཤིག་ཡིན་ཞིང་རང་ལུགས་གསོ་རིག་གིས་ནད་འདི་གསོ་བའི་ཐབས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། དེང་གི་དུས་སུ་ནད་ཐོག་ལས་ཡུལ་དངོས་སུ་རང་ལུགས་སྨན་པས་ནད་འདི་སྤྱི་ཙམ་དུ་ཚ་གྲུམ་དང་གྲང་གྲུམ་ཞེས་དབྱེ་བ་གཉིས་སུ་དབྱེ་བ་ལས་གནས་ཀྱི་ཁྱད་པར་བཞིན་རུས་ཏྲེམ། ཤ་ཏྲེམ། ཆུ་ཏྲེམ་སོགས་བྱེ་བྲག་ཏུ་དབྱེ་ནས་ངོས་འཛིན་གསོ་ཐབས་བྱེད་པ་དཀོན་པས་རང་ལུགས་གཞུང་གི་འཁྲུལ་མེད་དགོངས་པ་དག་ནད་ཐོག་དངོས་སུ་སྤེལ་བའི་ཀུན་སློང་དང་རང་མཉམ་སྨན་པའི་ཚོགས་ལ་དྲན་སྐུལ་གྱི་ཚུལ་དུ་གཞུང་དང་ལག་ལེན་ཟུང་འབྲེལ་དུ་བྲིས་པ་འདིར་འགལ་འཁྲུལ་ཅི་མཆིས་པ་ཀུན་མཁྱེན་ལྡན་པ་རྣམ་པས་རིན་བྲལ་བཀའ་སློབ་ལྷུག་སྩོལ་ཡོད་པ་ཡོད་པ་མཁྱེན།
          དཔྱད་གཞིའི་ཡིག་ཆ།
          ①③④⑤⑦⑨⑩⑬⑯གཡུ་ཐོག་ཡོན་ཏན་མགོན་པོ། རྒྱུད་བཞི [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོའི་པར་ཐེངས་དང་པོ། ཤོག་ངོས། 331 332 331 331 334 332 484 728
          ②སྡེ་སྲིད་སངས་རྒྱས་རྒྱ་མཚོ།  མན་ངག་ལྷན་ཐབས། [ M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་པར་ཐེངས་གཉིས་པ། ཤོག་ངོས། 368
          ⑥གོང་སྨན་དཀོན་མཆོག་བདེ་ལེགས། ལག་ལེན་པོད་དམར་སྨད་ཆ། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོའི་པར་ཐེངས་དང་པོ། ཤོག་ངོས། 772 772
          ⑧⑪⑮སྡེ་སྲིད་སངས་རྒྱས་རྒྱ་མཚོ། མན་ངག་ལྷན་ཐབས། [ M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་པར་ཐེངས་གཉིས་པ། ཤོག་ངོས། 368 371 332
          ⑫⑭ཀརྨ་ངེས་ལེགས་བསྟན་འཛིན། ཕན་བདེ་ནོར་བུའི་བང་མཛོད། [ M] མི་རིགས་དཔེ་སྐྲུན་ཁང་། 2014ལོའི་པར་ཐེངས་དང་པོ། ཤོག་ངོས། 485 484
རྩོམ་སྒྲིག་པ། བདེ་སྒྲོན།