ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ནད་དུག་གཉིས་གཅིག་ཏུ་འདྲེས་པའི་“ཏེའར་ཐ་ཁེ་རུང་”ཞེས་པ་ཞིག་ཐོན་འདུག

སྤེལ་དུས 2022-03-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཚན་རྩལ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སིའི་ཚན་རིག་པས་གཞི་རྒྱུའི་ཚོགས་པའི་ཚད་འཇལ་གོ་རིམ་ཐོག་ནས་དེ་གོང་དོ་ཁུར་མི་ཉུང་བ་ཐོབ་པའི་ཏོག་གསར་ནད་དུག་གི་འགྱུར་གཟུགས་“ཏེའར་ཐ་ཁེ་རུང་”(deltacron)ཞེས་པ་དངོས་སུ་ར་སྤྲོད་བྱས་པ་རེད། ནད་དུག་དེ་ནི་ཏེའར་ཐ་འགྱུར་གཟུགས་དང་ཨའོ་སྨི་ཁེ་རུང་འགྱུར་གཟུགས་ཀྱི་འགྱུར་གཟུགས་ཤིག་ཡིན། མིག་སྔར། ཨ་རི་དང་ཡོ་རོབ་ཏུ་འབྲེལ་ཡོད་ནད་དཔེ་སྙན་སེང་ཞུས་ཡོད།
  ཧྥ་རན་སིའི་མཱ་སའེ་ས་དབུས་རྒྱ་མཚོའི་འགོས་ནད་སྨན་བཅོས་དང་སློབ་ཁྲིད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣས་ཟླ་3ཚེས་8ཉིན་གསོ་རིག་ཞིབ་འཇུག་དཔྱད་རྩོམ་གྱི་སྔོན་དཔར་དྲ་ཚིགས་medRxivཐོག་རྩོམ་ཡིག་སྤེལ་ནས། ཁོ་ཚོས་གཞི་རྒྱུའི་ཚོགས་པའི་གོ་རིམ་ཚད་ལེན་བྱས་པ་བརྒྱུད་འགྱུར་གཟུགས་གསར་པ་དེ་ར་སྤྲོད་བྱས་པ་མ་ཟད། འགྱུར་གཟུགས་དེ་ཧྥ་རན་སིའི་ས་ཁུལ་མང་པོར་ཞིབ་དཔྱད་ཚད་ལེན་ཐུབ་ཡོད་པར་བཤད།
  གཞན་ཡང་། གོ་ལ་ཧྲིལ་པོའི་ཆམ་རིམས་མཉམ་སྤྱོད་གྲངས་གཞིའི་མཛོད་(GISAID)ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཏེན་མག་དང་ཧོ་ལན་དུའང་“ཏེའར་ཐ་ཁེ་རུང་”གི་འབྲེལ་ཡོད་ནད་དཔེ་2ཐོན་ཡོད་པ་རེད། སྤྱི་ཁྱབ་པུའུ་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེར་ཡོད་པའི་རྒྱུད་རྒྱུ་ཞིབ་འཇུག་ཀུང་སི་Helixཡིས་ཨ་རི་ནས་ནད་པ་གཉིས་རྙེད་པ་རེད། དབྱིན་ཇིའི་《འཕྲོད་བསྟེན་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིར་“ཏེའར་ཐ་ཁེ་རུང་”ནད་དཔེ་30ཙམ་གཏན་འཁེལ་བྱས་པ་རེད། GISAIDཡིས་བཤད་པ་ལྟར་ན། འགྱུར་གཟུགས་གསར་པ་དེ་ཟླ་དང་པོ་ནས་བཟུང་མི་ཚོགས་ཁྲོད་ཁྱབ་སྤེལ་བྱུང་ཡོད་པ་རེད།
  ཧྥ་རན་སིའི་ཞིབ་འཇུག་མི་སྣས་“ཏེའར་ཐ་ཁེ་རུང་”ཞེས་པ་ནི་རྒྱུད་འདྲེས་འགྱུར་གཟུགས་གསར་པ་བསྐྱར་སྒྲིག་བྱས་ནས་བྱུང་བ་ཞིག་ཡིན་ཚུལ་བསྟན་ཡོད། བསྐྱར་སྒྲིག་ཅེས་པ་ནི་ནད་དུག་གཅིག་གི་འགྱུར་གཟུགས་གཉིས་མི་གཅིག་ལ་འགོས་ནས་ནད་དུག་གསར་པ་འབྱུང་བ་ཞིག་ཡིན། medRxivཐོག་སྤེལ་བའི་དཔྱད་རྩོམ་དེའི་ནང་“ཏེའར་ཐ་ཁེ་རུང་”འགྱུར་གཟུགས་ཀྱི་“གཞུང་རྟ་”ནི་ཏེའར་ཐ་འགྱུར་གཟུགས་ལས་བྱུང་བ་ཡིན་པ་དང་། དེའི་ནད་དུག་གནས་བདག་གི་ཕྲ་ཕུང་དུ་འཇུག་པའི་མཐུན་རྐྱེན་སྤྲི་དཀར་ནི་ཨོ་མེ་ཁི་རུང་གི་འགྱུར་གཟུགས་ཡིན།
  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་(WHO)ཀྱི་དབུ་བཞུགས་ཚན་རིག་པ་འབུམ་རམས་པ་སུའུ་སྨི་ཡ·སི་ཝ་སྨི་ན་ཐན་གྱིས་ཟླ་3ཚེས་8ཉིན་རྩོམ་ཡིག་སྤེལ་ནས། “ང་ཚོས་ཤེས་གསལ་ལྟར་ན། ཏོག་གསར་ནད་དུག་གི་གཟུགས་འགྱུར་ནད་དུག་མང་པོ་ཞིག་ཁྱབ་སྐབས་ནད་དུག་བསྐྱར་སྒྲིག་འབྱུང་བའི་དོན་རྐྱེན་དེ་མི་དང་སྲོག་ཆགས་ཀྱི་ལུས་སྟེང་དུ་འབྱུང་སྲིད་པ་རེད། ད་ལྟ། ང་ཚོས་ཚོད་ལྟའི་ཁྲོད་འཕོ་འགྱུར་གསར་པ་འདིའི་ཁྱད་ཆོས་གཏན་འཁེལ་ཐུབ་པར་སྒུག་དགོས།”ཟེར།
  WHOཏོག་གསར་ནད་དུག་ལག་རྩལ་གྱི་འགན་འཁུར་བ་མཱ་ལི་ཡ·ཧྥན·ཁེར་ཁེ་ཧོ་ཧྥུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མིག་སྔའི་བར་ཚན་རིག་མཁས་ཅན་ཚོས་འགྱུར་ལྡོག་གསར་པའི་ཚབས་ཆེན་རང་བཞིན་དང་དེ་གོང་གི་ནད་དུག་གསར་པའི་འགྱུར་ལྡོག་དང་བསྡུར་ན་འགྱུར་ལྡོག་གང་བྱུང་ཤེས་མེད་མོད། ཚན་རིག་ཞིབ་འཇུག་མང་པོ་བྱེད་མུས་སུ་ཡོད་ཟེར།
  ཁེར་ཁེ་ཧོ་ཧྥུ་ཡིས། སྟབས་ཉེས་པ་ཞིག་ལ། ང་ཚོས་བསྐྱར་སྒྲིག་གཟུགས་གསར་པ་ཐོན་སྲིད་པ་ཐག་གིས་ཆོད་ཡོད། རྒྱུ་མཚན་ནི་ནད་དུག་ནི་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་འགྲོ་བ་ཞིག་རེད། ཏོག་གསར་ནད་དུག་གི་འགོ་ཁྱབ་བྱེད་ནུས་ཅུང་ཆེ་བས། དེས་སྲོག་ཆགས་ལ་འགོ་སྲིད་ལ། སྲོག་ཆགས་ནས་སླར་ཡང་མིའི་རིགས་ལ་འགོ་ཡང་སྲིད་ཅེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།