ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

གལ་ཏེ་རང་ཉིད་ལ་ཏོག་གསར་ནད་དུག་འགོས་ན་ཐོག་མར་ཅི་ཞིག་བྱེད་འོས།

སྤེལ་དུས 2022-09-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    གལ་ཏེ་རང་ཉིད་ཀྱི་ཏོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པ་ཤེས་ཚེ། ཐོག་མར་དངངས་འཚུབ་མ་ལངས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཁྱེད་རང་ལ་འབྲེལ་གཏུགས་བྱེད་སྲིད་པ་མ་ཟད་ཁྱེད་རང་གནས་དེ་གར་བསྡད་དེ་མྱུར་སྐྱོབ་རླངས་འཁོར་དང་ལས་དོན་མི་སྣས་མགྱོགས་མྱུར་སྨན་ཁང་དུ་བསྐྱལ་ངེས་ཡིན་པ་བཤད་སྲིད།
      དེའི་རིང་ཁྱེད་ཀྱིས་ཁོ་ཚོའི་སྣེ་ཁྲིད་འོག་གང་མགྱོགས་རང་ཉིད་ལོག་དབྱེ་བྱས་ཏེ་ཁྱིམ་མི་དང་གྲོགས་པོར་འབྲེལ་འདྲིས་བྱེད་མི་རུང་།
      གལ་ཏེ་ཁྱེད་རང་ཁྱིམ་དུ་ཡོད་ཚེ་ཁ་རས་ལེགས་པར་གྱོན་ནས་སྒོ་དམ་པོར་རྒྱག་དགོས་ཤིང་། ཞོར་དུ་སྨན་ཁང་དུ་སྡོད་པར་མཁོ་བའི་དངོས་རྫས་གྲ་སྒྲིག་བྱེད་དགོས།
      གལ་ཏེ་ལས་ཁུངས་སུ་ཡོད་ཚེ་ཁ་རས་ལེགས་པར་གྱོན་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་ཐུག་རེག་མི་བྱེད་པ་མ་ཟད། མགྱོགས་པོར་འགོ་ཁྲིད་ལ་སྙན་སེང་ཞུས་ནས་ཁྱེད་རང་ལ་ལོགས་དབྱེ་བྱེད་སའི་ཁང་པ་ཞིག་བཀོད་སྒྲིག་བྱེད་དུ་བཅུག་ནས་འབྲེལ་ཡོད་སྡེ་ཁག་གིས་ཁྱེད་རང་སྨན་ཁང་དུ་ཁྲིད་རྒྱུ་སྒུག་དགོས།
      གལ་ཏེ་ཁྱིམ་མི་དང་ཡང་ན་ལས་གྲོགས་ལ་ནད་དུག་འགོས་ཚེ་རང་ཉིད་ཀྱིས་ཅི་ལྟར་བྱ།
     ཐོག་མར་ཁ་རས་ལེགས་པར་གྱོན་ནས་གང་ནུས་ཀྱིས་ཕ་རོལ་པོ་དང་ཁང་པ་གཅིག་ཏུ་མི་སྡོད་པ་མ་ཟད་གང་མགྱོགས་ལག་པ་བཀྲུ་དགོས།
     གལ་ཏེ་ཉེ་འགྲམ་དུ་དུག་སེལ་དངོས་རྫས་ཏེ་དཔེར་ན་སྨན་སྤྱོད་ཆང་བཅུད་དང་དུག་སེལ་བརླན་རས་སོགས་ཡོད་ཚེ། རང་ཉིད་ཀྱིས་རེག་ཐུག་བྱས་སྲིད་པའི་ལྕོག་ངོས་སོགས་དངོས་པོའི་ཕྱི་ངོས་ཕྱི་བདར་གཏོང་རྒྱུ་དང་། དེ་རྗེས་རང་གནས་སུ་དུག་སེལ་སྡེ་ཁག་ཡོང་ནས་དུག་སེལ་བྱེད་པར་སྒུག་དགོས།
      དུས་མཚུངས་སུ་ཁྱེད་རང་ནད་དུག་འགོས་མཁན་དང་འབྲེལ་ཐུག་ཟབ་མོ་བྱུང་མཁན་དུ་གཏན་འཁེལ་བྱེད་སྲིད་པ་དང་དེ་ནས་ལོག་དབྱེ་བྱེད་དགོས་པའི་བླང་བྱ་འདོན་སྲིད། དེར་བརྟེན་དེ་བསྟུན་གྱི་རམ་འདེགས་དང་གྲ་སྒྲིག་བྱེད་དགོས།
ནད་དུག་འགོས་རྗེས། རྗེས་འབྲེལ་ནད་རྟགས་ཐོན་སྲིད་དམ།
      སྨན་ཁང་གིས་ཏོག་གསར་ནད་དུག་འགོས་རྗེས་དྲག་སྐྱེད་བྱུང་མཁན་ལ་སྐབས་བསྟུན་བཅར་འདྲི་དང་ལྟ་ཞིབ་བྱས་རྗེས། རྗེས་འབྲེལ་ནད་རྟགས་ཐོན་མཁན་ཧ་ཅང་ཉུང་།
      མིག་སྔར་ཏོག་གསར་གློ་ཚད་ཀྱི་རྗེས་འབྲེལ་ནད་རྟགས་སུ་ངོས་འཛིན་བྱས་པ་ནི་གློ་བའི་ཚི་སྣ་ཅན་གྱི་སྣང་ཚུལ་ལ་ཟེར་ཞིང་། དེའི་བྱུང་ཚད་ཐད་ད་དུང་གཏན་འཁེལ་བའི་བཤད་ཚུལ་མེད་པ་དང་། དཔྱད་གཞིའི་ཡིག་ཆ་སྤེལ་བ་ཁོ་ན་ཙམ་ཡིན།
    ད་དུང་ཨོ་སྨི་ཁེ་རུང་ལས་གློ་ཚད་ཚབས་ཆེན་བྱུང་མཁན་ཧ་ཅང་ཉུང་བ་དང་། རྗེས་འབྲེལ་ནད་རྟགས་ཐོན་པའི་ཉེན་ཁ་ཡང་དེ་བསྟུན་གྱིས་ཤིན་ཏུ་ཉུང་། དེར་བརྟེན་ཚང་མས་སེམས་ཁྲེལ་ཆེན་པོ་བྱེད་མི་དགོས།
      ཏོག་གསར་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་མིན། ང་ཚོའི་རེ་བར་ཚང་མས་མུ་མཐུད་དུ་རང་འགུལ་ངང་རིམས་འགོག་སྒྲིག་ལམ་ནན་གྱིས་སྲུང་བ་དང་རང་ཉིད་ཀྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ལས་སླ་པོར་ཐོབ་པ་མ་ཡིན་པའི་རིམས་འགོག་གྲུབ་འབྲས་སྲུང་སྐྱོང་བྱེད་པ་དང་། འབད་པ་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཇུག་མཐའི་རྒྱལ་ཁ་ལེན་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།