ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

སྒོ་བསྟེན་མྱུར་སྐྱོབ་ནད་པར་ཉིང་སྐྱུར་སྟོན་མི་དགོས་པ་བྱས་འདུག

སྤེལ་དུས 2022-12-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ཟླ་12ཚེས་7ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཁྱབ་བསྒྲགས་བྱས་པའི་《ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱེད་ཐབས་སྔར་བས་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་གཏན་འབེབས་བྱས་པ་ལྟར་ན། ཉེན་ཁ་ཆེ་བའི་ལས་གནས་སྟེང་གི་ལས་བཟོ་བ་དང་ཉེན་ཁ་ཆེ་ཁུལ་གྱི་མི་སྣར་འབྲེལ་ཡོད་གཏན་འབེབས་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་མི་སྣ་གཞན་དག་གིས་རང་གི་འདོད་མོས་ལྟར་བརྟག་དཔྱད་བྱས་ན་ཆོག རྒན་གསོ་ཁང་དང་།ཕན་བདེ་ཁང་།སྨན་ཁང་། བུ་བཅོལ་ཁང་།སློབ་གྲྭ་ཆུང་འབྲིང་སོགས་དམིགས་བསལ་གྱི་གནས་ཡུལ་མ་གཏོགས། གཞན་པ་དག་གིས་ཉིང་སྐྱུར་བརྟག་དཔྱད་ཀྱི་སྲིབས་གཤིས་དཔང་རྟགས་མཁོ་འདོན་བྱ་མི་དགོས་ལ། བདེ་ཐང་ཨང་རྟགས་ལ་ཞིབ་བཤེར་བྱ་མི་དགོས།  གཙོ་གནད་ལས་ཁུངས་དང་།ཁེ་ལས་ཆེ་གྲས།དེ་བཞིན་དམིགས་བསལ་གྱིས་གཏན་འཁེལ་བྱས་པའི་གནས་ཡུལ་དག་ལ་རང་ས་གནས་ཀྱི་འགོག་སྲུང་སྒྲིག་ལམ་ལྟར་རིམས་འགོག་བྱེད་ཐབས་གཏན་འབེབས་བྱ་ཆོག

  གོང་གི་གནས་ཚུལ་འདིའི་སྟེང་ནས་ཉིང་སྐྱུར་བརྟག་དཔྱད་ཡུན་གྱིས་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་མཚོན་ཐུབ། ཉེ་དུས། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་སྦྱོར་ཐོག་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་དྲ་གྲོགས་ཚང་མས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་དུས་ཚོད་རིང་བ་དང་།  མི་མང་པོའི་སྦུ་གུ་མཉམ་བསྲེས་བྱས་པ་ལས་གདགས་གཤིས་ཁྱབ་ཆེ་བ་སོགས་ཀྱི་གནས་ཚུལ་རྐྱེན་པས་སྨན་བཅོས་བྱེད་པར་སྟབས་མི་བདེ་བ་བཟོ་བཞིན་ཡོད་པའི་སྐོར་བརྗོད་ཡོད། སྐྲན་ནད་ཕོག་ཡོད་པའི་ཧྲང་ཧའེ་ཡི་གྲོང་མི་ཞིག་གིས་གསར་འགོད་པར། རང་ཉིད་རྒྱུན་དུ་སྨན་ཁང་དུ་འགྲོ་དགོས།  འོན་ཀྱང་མི་མང་པོའི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྦུ་གུ་མཉམ་བསྲེས་བྱས་པ་དེས་གདགས་གཤིས་འབྱུང་ཉེན་ཆེ་བས་རང་ཉིད་ལ་རྙོག་དྲ་ཆེན་པོ་བཟོ་བཞིན་ཡོད་ཅེས་བརྗོད།  གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་གསར་འགོད་པར། ཉེ་ཆར་བདེ་བླག་ངང་སྨན་བཅོས་བྱ་ཆེད་མི་མི་ཉུང་བ་ཞིག་གིས་རླངས་འཁོར་བཙལ་ཏེ་གང་སར་ཉིང་སྐྱུར་བརྟག་དཔྱད་བྱེད་ས་འཚོལ་གྱིན་འདུག ཐག་རིང་ནས་རླངས་འཁོར་གླས་པའང་ཉིང་སྐྱུར་བརྟག་དཔྱད་ཀྱི་ཆེད་དུ་རེད་ཅེས་བརྗོད།ཧྲང་ཧའེ་ཅིན་ཨན་ཁུལ་ཅིན་ཨན་དགོན་ཁྲོམ་གཞུང་སྡེ་ཁུལ་སྨན་ཁང་གི་ཀྲུའུ་རེན་ཚའོ་ལགས་ཀྱིས་གལ་ཏེ་ཆུ་ཚོད་48རིང་གི་ཉིང་སྐྱུར་སྲིབས་གཤིས་དཔང་རྟགས་མེད་ཚེ། སྨན་ཁང་སྒོ་འགྲམ་ནས་གདོད་འགོག་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱས་ནས་ནང་ལ་འཛུལ་ཆོག་ཅེས་བརྗོད།
  སྤྱི་ཟླ་12ཚེས་20ཉིན། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔའི་རིམས་ནད་གནས་ཚུལ་ལ་གཞིགས་ཏེ་གྲོང་མིས་སྨན་པར་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་ཡོང་ཆེད། ཧྲང་ཧའེ་གྲོང་ཁྱེར་གྱིས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པའི་བརྒྱུད་རིམ་སྔར་བས་ལེགས་བསྒྱུར་བྱས་ཡོད་དེ། ཚེས་20ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་ཁག་གིས་སྒོ་བསྟེན་སྨན་ཁང་དུ་སྨན་པར་སྟོན་མཁན་དག་ཉིང་སྐྱུར་སྲིབས་གཤིས་ཀྱི་བདེན་དཔང་མི་དགོས་པ་དང་།  སྨན་བཅོས་སྒྲིག་གཞི་ཁག་གིས་ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་དང་ཛ་དྲག་དང་ཉེན་ཁ་ཆེ་བའི་ནད་གཞི་མྱུར་སྐྱོབ་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཤིང་། རྒྱུ་མཚན་གང་རུང་གི་ཐོག་ནས་རང་འགན་གཞན་དཀྲི་དང་སྐྱོབ་བཅོས་ནར་འགྱངས་གཏོང་བའི་གནས་ཚུལ་གཏན་འགོག་བྱས། 
  མིག་སྔར། ཀྲེ་ཅང་ཞིང་ཆེན་དང་།ཐེན་ཅིན།ཧྲེན་དབྱང་།ནན་ཉིང་།དབྱིན་ཁྲོན།ནན་ཅིང་སོགས་ས་ཆ་མང་པོ་ཞིག་གིས་མྱུར་སྐྱོབ་སྨན་བཅོས་ལ་ཆུ་ཚོད་48རིང་གི་ཉིང་སྐྱུར་སྲིབས་གཤིས་དཔང་རྟགས་མི་དགོས་པ་གཏན་འབེབས་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།