ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པདྨ་མཚོས་གསུངས་དོན།

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་ནི་གཟི་བརྗིད་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། ངས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན”ཞེས་གསུངས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པདྨ་མཚོ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མིའི་རིགས་རིག་པའི་མཁས་དབང་ཞིག་ཡིན།
           པདྨ་མཚོས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་མཐུད་ནས་ཆེ་རུ་གཏོང་དགོས་ཞེས་གསུངས། ཚོགས་འདུ་གྲོལ་རྗེས་ཕྱོགས་མང་པོ་དང་ཐབས་ལམ་མང་པོའི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་ཉན་དགོས་པ་མ་ཟད། བསམ་འདུན་དེ་རིགས་དང་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཟུང་འབྲེལ་བྱས་ཚེ་གཞི་ནས་སྤུས་ཚད་ལྡན་པའི་འཐུས་མིའི་གྲོས་འགོ་ཞིག་ཏུ་འགྱུར་ཐུབ། 
 
 
       པདྨ་མཚོས(གཡོན)འབྲོག་ཁུལ་དུ་བརྟག་ཞིབ་གནང་བཞིན་པ།
           པདྨ་མཚོས“འགན་འཁྲི་སྒྲུབ་རིང་ངས་རང་ཉིད་ཀྱི་མིའི་རིགས་རིག་པའི་ཆེད་ལས་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཁྱབ་ཁོངས་ཀྱི་གནས་ཚུལ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཡོད། 2023ལོར་རྒྱལ་ཁབ་ཀྱི་ཚོགས་འདུ་གཉིས་ལ་ཞུགས་རྗེས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག་ལག་ཁྱེར་འཁྱེར་ནས་བརྟག་ཞིབ་བྱས་པ་ཡིན། ངས་མིའི་རིགས་ཀྱི་ས་ཞིང་ལ་བརྟག་དཔྱད་བྱེད་ཐབས་དེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བསྒྲུབས་པའི་བརྟག་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་པ་ཡིན”ཞེས་གསུངས།
           འགན་སྒྲུབ་པའི་ལོ་གཅིག་རིང་ལ་བརྟག་ཞིབ་བྱས་པ་དེ་དང་ཟུང་འབྲེལ་བྱས་ནས་ད་ལོ་པདྨ་མཚོས《བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》འབུལ་རྩིས་ཡོད་པ་རེད། 
           པདྨ་མཚོས། བོད་རང་སྐྱོང་ལྗོངས་དང་དེ་བཞིན་དེའི་ཉེ་འཁོར་ས་ཁུལ་གྱིས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆར་གནའ་རྫས་རྟོག་ཞིབ་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་པ་ཇེ་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་དམངས་ཁྲོད་སྒྲིག་གཞི་དང་མཉམ་ལས་ཀྱི་སྟེགས་བུ་བཙུགས་ནས་བོད་ཡིག་དཔེ་རྙིང་གི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཐུན་མོང་ཞིབ་འཇུག་གསར་སྤེལ་གྱི་ལམ་སྲོལ་ཆགས་པར་བྱས་ཏེ་རྒྱལ་སྤྱིའི་ཐོག་གི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་རྟེན་གཞི་ཆེ་ཤོས་བཙུགས་ནས་དཔེ་རྙིང་ནང་བྲིས་པའི་ཡི་གེ་བེད་སྤྱོད་ཐུབ་པའི་གྲོས་འགོ་བཏོན་གནང་བ་རེད། 
           བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་པདྨ་མཚོས་རང་ཉིད་ཀྱི་གྲོས་འགོ་བཏོན་གནང་བ་རེད། ཁོང་གིས་ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་དངོས་སྤྱོད་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་དང་། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཉམས་གསོ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ཆེད་སྤྱོད་མ་དངུལ་བཙུགས་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་དཔེ་རྙིང་ཉམས་གསོའི་ལག་རྩལ་སྔོག་འདོན་བེད་སྤྱོད་དང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་འགོ་འཛུགས་དགོས་པའི་ངོས་འཛིན་གནང་བ་རེད།  
           པདྨ་མཚོས། བོད་ལྗོངས་ཀྱིས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་ཐད་ལ། བོད་ལྗོངས་སློབ་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་སུའོ་དང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་དཔེ་མཛོད་ཁང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དག་ནི་མཉམ་སྤྱོད་མཉམ་ལས་ཀྱི་ལས་སྟེགས་བཅས་སུ་བརྩིས་ནས་ཞིབ་འཇུག་སྒྲིག་གཞི་དེ་དག་གི་ད་ཡོད་ཀྱི་ཡིག་ཚང་རིག་པའི་ཆེད་ལས་ཞིབ་འཇུག་ཤེས་ལྡན་པ་དག་སྤྱད་དེ། བོད་ཡིག་དཔེ་རྙིང་སྲུང་སྐྱོང་དང་ཉམས་གསོ།ས་གནས་ཀྱི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་དཀར་ཆག་ཞིབ་འཇུགཤོག་རིགས་རིག་དངོས་སྲུང་སྐྱོང་དང་ཉམས་གསོའི་ཁ་ཕྱོགས་བཅས་ཀྱི་ཆེད་ལས་སློབ་ཚན་བཙུགས་ཏེ། ཆེད་ལས་དེ་དག་གི་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ། འབུམ་རམས་པའི་སློབ་མ་བཅས་གསོ་སྐྱོང་བྱས་ནས་སློབ་མ་བསྡུ་ཤུགས་ཆེ་རུ་གཏོང་ཆོག་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག སློབ་མ་དེ་དག་དཔེ་རྙིང་ཉམས་གསོ་དང་དཔེ་རྙིང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་དང་ཟབ་སྦྱོང་བྱེད་པར་འཇུག་དགོས།
 
 
པདྨ་མཚོས(གཡོན་གྱི་དང་པོ)འབྲོག་ཁུལ་དུ་བརྟག་ཞིབ་གནང་བཞིན་པ།
           བརྟག་ཞིབ་བྱེད་སྐབས་པདྨ་མཚོས་བོད་ཡིག་དཔེ་རྙིང་ཁག་གཅིག་མི་སྒེར་གྱི་ལག་ཏུ་ཉར་ཚགས་བྱས་པ་དང་། ཁག་གཅིག་དམངས་ཁྲོད་སྒྲིག་གཞིའམ་ཡང་ན་དགོན་སྡེར་ཉར་ཚགས་བྱས་ཡོད་པ་མཐོང་། ཉར་ཚགས་བྱེད་མཁན་དང་ཉར་ཚགས་སྡེ་དག་དེ་ལ་མ་དངུལ་མི་འདང་བའམ་ཡང་ན་དཔེ་རྙིང་ཉམས་གསོའི་སྒྲིག་ཆས་མེད་པ་སོགས་ཀྱི་དབང་གིས་ཆེད་ལས་ཅན་དང་མ་ལག་ཅན་གྱི་མྱུར་སྐྱོབ་དང་ཉམས་གསོའི་བྱེད་ཐབས་བྲལ་བ་རེད། དེར་བརྟེན་ཁོང་གིས་བོད་ཡིག་དཔེ་རྙིང་ཉམས་གསོ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུ་དང་། ཆེད་སྤྱོད་མ་དངུལ་དེ་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཉམས་གསོ་དང་། ལེགས་སྒྲིག ཞིབ་འཇུག་བཅས་བྱེད་མཁན་ཆེད་ལས་ཤེས་ལྡན་མི་སྣ་དང་། ཉར་ཚགས་མཁན། ཉར་ཚགས་བྱེད་མཁན་བཅས་ཀྱི་སྒྲིག་གཞིར་ཕྱོགས་ནས་མཉམ་འབྲེལ་ཐོག་རེ་ཞུ་བྱས་ཏེ་གང་སར་ཁ་ཐོར་དུ་གནས་པའི་ཚད་ལྡན་ཡིག་ཆར་མཉམ་ལས་རང་བཞིན་གྱི་ཉམས་གསོ་དང་། ལེགས་སྒྲིག དཀར་ཆག་སྒྲིག་པ། རྩོམ་སྒྲིག པར་སྐྲུན། ཞིབ་འཇུག གསར་སྤེལ་བེད་སྤྱོད་བཅས་བྱ་རྒྱུའི་ཐད་སྤྱོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། 
           པདྨ་མཚོས“དཔེ་རྙིང་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ནང་ཡོངས་བཤེར་མི་སྣས་བོད་ཤོག་ལྷག་རོ་ཁ་ཤས་ལ་སྲོལ་རྒྱུན་གྱི་བཟོ་རྩལ་ཐོག་ནས་ཉམས་གསོ་བྱས་པའི་རྗེས་ཤུལ་ཡོད་པ་མ་ཟད་ཉར་ཚགས་ཡག་པོ་བྱས་ཡོད་པ་ཤེས་རྟོགས་བྱུང་། དཔེ་རྙིང་ཉམས་གསོ་བྱེད་པའི་རྩ་དོན་རྙིང་པ་ལྟར་ང་ཚོས་བོད་ལྗོངས་ཀྱི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཉམས་གསོ་བྱེད་པའི་སྲོལ་རྒྱུན་བཟོ་རྩལ་སྔོག་འདོན་དང་བེད་སྤྱོད་གཏོང་དགོས” ཞེས་གསུངས་པ་དང་། ད་དུང་ཁོང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཏུན་ཧོང་གི་ཁ་ཆེམས་ཡི་གེ་གྲུབ་འབྲས་ཐོབ་པའི་ངང་ཉམས་གསོ་བྱས་པ་དེ་ནི་རང་རྒྱལ་གྱི་སྲོལ་རྒྱུན་དཔེ་རྙིང་ཉམས་གསོའི་ཉམས་མྱོང་རང་བཞིན་གྱི་ལག་རྩལ་དང་དེང་རབས་ཉམས་གསོའི་ཚན་རིག་རང་བཞིན་གྱི་ལག་རྩལ་ཕན་ཚུན་ཟུང་འབྲེལ་བྱས་པའི་འབྲས་བུ་ཞིག་ཡིན་པའི་ཐོག་ནས་སྲོལ་རྒྱུན་དཔེ་རྙིང་ཉམས་གསོའི་ལག་རྩལ་དང་དེང་རབས་དཔེ་རྙིང་ཉམས་གསོའི་ལག་རྩལ་མཉམ་འདྲེས་ཐུབ་པ་ར་འཕྲོད་བྱུང་ཡོད། དེ་ལས་རང་རྒྱལ་གྱི་སྲོལ་རྒྱུན་དཔེ་རྙིང་ཉམས་གསོའི་ལག་རྩལ་དེང་རབས་སུ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས། 
           པདྨ་མཚོས། བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུར་ད་དུང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཞན་དག་གི་དཔེ་མཛོད་ཁང་གི་ཕུལ་བྱུང་དཔེ་རྙིང་ཉར་ཚགས་དང་བེད་སྤྱོད་ལམ་ལུགས་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་དགོས། “བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཞིབ་འཇུག་སྡེ་ཁག་གིས་དེ་སྔ་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་དང་། ནོར་ཝེའི་ཨའོ་སི་ལུའུ་སློབ་ཆེན་དཔེ་མཛོད་ཁང་། ཨ་རིའི་ཀོ་ལུན་པི་ཡའི་སློབ་ཆེན་དཔེ་མཛོད་ཁང་སོགས་དང་ཡུན་རིང་མཉམ་ལས་བྱེད་མྱོང་ཡོད། སླད་ཕྱིན་མུ་མཐུད་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གདན་ཞུ་དང་ཕྱིར་སྐྱོད་པའི་བྱ་ཐབས་སྤྱད་དེ་རྒྱལ་སྤྱིའི་རིག་གཞུང་གི་གར་སྟེགས་ཐོག་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཀྱི་ཡིན”ཞེས་གསུངས།
           པདྨ་མཚོས། བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ་དཔེ་རྙིང་ནང་བྲིས་པའི་ཡི་གེ་བེད་སྤྱོད་ཡག་པོ་བྱས་ན།  གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་དོན་དངོས་དེ་དག་སྔོག་འདོན་དང་དག་སྒྲིག ཁྱབ་བསྒྲགས་སོགས་བྱེད་པར་སྐུལ་འདེད་གཏོང་ལ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པའི་དོན་དངོས་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཤེས་རིག་གི་འཕེལ་རྒྱུན་མུ་ནས་མུ་རུ་རྒྱུན་མཐུད་པ་དང་མི་རིགས་བསྐྱར་དར་ལ་རམ་འདེགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས། 

 
རྩོམ་སྒྲིག་པ། ལྷ་འབྲུག