ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ཚོགས་ཆེན་ལ་སྤུས་ཚད་མཐོ་བའི་གྲོས་གཞི30ཕུལ་བ།

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཉིན་འགའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་དང་གླེང་མང་བའི་དཀའ་གནད་དང་གནད་དོན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་གྲོས་མོལ་གྲོས་བསྡུར་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་འདུ་འགོད། ནུས་རྒྱུ་གཙང་མ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཚོགས་ཆེན་ལ་སྤུས་ཚད་མཐོ་བའི་གྲོས་གཞི30ཕུལ་བ་རེད།
            ཨུ་ཡོན་ཧྭ་ཏེ་སྨི་ཡིས་ད་ལོར་བཏོན་པའི་གྲོས་གཞི་ནི《བྱིས་པར་མ་གནོད་པའི་འདུས་འདྲིལ་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་གྲོས་གཞི》ཡིན་ཞིང་། “འདུས་འདྲིལ་གཅོང་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འགོས་ནད་ཚབས་ཆེན་གྱི་གྲས་ཤིག་ཡིན་པ་དང་། བྱིས་པར་འགོས་སླ་བ་མ་ཟད་ནད་རྟགས་དམིགས་བསལ་མི་མངོན་ཅིང་། ནད་གཞི་ལྕི་མོ་ཕོག་པའི་ནད་པ་མང་ཆེ་བ་དར་མ་རེད། མིག་སྔར་རང་རེའི་རྒྱལ་ཁབ་ལ་བྱིས་པར་མ་གནོད་པའི་འདུས་འདྲིལ་འགོག་སྨན་ཤིག་མེད། དེར་བརྟེན་ངས་ལས་ཀར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་འདུས་འདྲིལ་ནད་པའི་བྱིས་པའི་སྨན་དྲེད་ཚད་གཞི་དང་ཤི་ཚད་དམའ་རུ་ནུས་ལྡན་བཏང་ནས་སྨན་བཅོས་ལེགས་གྲུབ་ཐུབ་ཚད་མཐོ་རུ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་ཧྭ་ཏེ་སྨིས་གསུངས།
            ཨུ་ཡོན་རྣམ་རྒྱལ་ལྷ་མཚོས《བཟའ་བཅའི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གྲོས་གཞི》བཏོན་ཞིང་། “ཟས་ནི་དམངས་ཀྱི་འཚོ་རྟེན་ཡིན། ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་པ་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ལ་ཉོ་སྐབས་བློ་བདེ་བ་དང་། སྤྱོད་སྐབས་བློ་བདེ་བ། ཟ་སྐབས་བློ་བདེ་བ་བཅས་ཡོང་བར་བྱས་ནས་གཟུགས་པོ་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས”ཞེས་རྣམ་རྒྱལ་ལྷ་མཚོས་གསུངས།
            ཨུ་ཡོན་ཚོས་ཚོགས་ཆེན་ཐོག《ཀྲུང་གོའི(བོད་ལྗོངས)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི》དང《ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་བྱང་མའི་ལས་གྲྭ(ལྷ་ས་ནས་མལ་གྲོ་གུང་དཀར་རྫོང་དང་ཀོང་པོ་རྒྱ་མདའ་ནས་ཉིང་ཁྲི་བར)བསྐྲུན་རྒྱུའི་སྐོར་གྱི་གྲོས་གཞི》སོགས་མིང་མཉམ་བཀོད་གྲོས་གཞི9དང་། དེ་བཞིན《བོད་ལྗོངས་ཀྱི་ཀུན་སྤྱོད་མཁའ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དང《བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་སྐུལ་འདེད་མྱུར་པོ་བཏང་ནས་རྒྱལ་ཁབ་ཀྱི“ཐཱན་ཚད་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ལ་རམ་འདེགས་བྱེད་པ》《ས་བབ་མཐོ་བའི་ས་ཁུལ་གྱི་འཕྲོད་བསྟེན་ཆ་རྐྱེན་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་གྲོས་གཞི21ཕུལ་ཡོད་པ་རེད།


རྩོམ་སྒྲིག་པ། ལྷ་འབྲུག