ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཆང་གིས་པེ་ཅིན་དུ་རྟོག་ཞིབ་གནང་བ།

སྤེལ་དུས 2024-03-15 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ3པའི་ཚེས13ཉིན་པེ་ཅིན་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོགས་ཆེན་གཉིས་ཀྱི་སྟེང་གསལ་བོར་བཏོན་པའི་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱེད་པ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་མགྱོགས་མྱུར་ངང་གཏོད་དགོས།

ཟླ3པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་རྟོག་ཞིབ་གནང་། 
             ལི་ཆང་དང་ཐོག་པེ་ཅིན་གྲོང་ཁྱེར་གྱི་རིམ་པ་མཐོ་བའི་རང་འགུལ་འཁོར་གཏོང་དཔེ་སྟོན་ཁུལ་གསར་གཏོད་གཉེར་སྐྱོང་ལྟེ་གནས་སུ་ཕེབས་ནས་སྤྲིན་ཚོད་འཛིན་གྱི་རྨང་གཞིའི་སྟེགས་བུའི་མ་ལག་དང་རླངས་འཁོར་ལམ་གྱི་བྱེ་གཞོང་གི་འགྲེམས་སྟོན་ལ་ལྟ་ཞིབ་བྱས། ལི་ཆང་གིས་དཔེ་སྟོན་ཁུལ་གྱི་འཚོལ་ཞིབ་གསར་གཏོད་ཀྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚད་གཞི་བཟོ་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་འགུལ་ངང་ཁ་ལོ་བསྒྱུར་བའི་ལག་རྩལ་གྱི་རིམ་སྤོར་ལ་བརྟེན་ནས་རླངས་འཁོར་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན། དེའི་རྗེས་སུ་ལི་ཆང་པའེ་ཏུའུ་ཀུང་ཟིའི་དབྱི་ཀྲོང་གཞུང་ལས་ཁུལ་དུ་ཕེབས་ནས་དཔེ་དབྱིབས་ཆེན་མོའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བཀོལ་སྤྱོད་དང་རང་རྒྱལ་གྱིས་བཟོས་པའི་མིས་བཟོས་རིག་ནུས་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱས་ཚུལ་ལ་རྒྱུས་ལོན་བྱས། ལི་ཆང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་བཀོལ་སྤྱོད་རྣམ་པ་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ནས་བཀོལ་སྤྱོད་ཀྱི་རྣམ་པ་སྔར་ལས་མང་པོ་གཏོད་པ་དང་ལམ་ལུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་ཁོར་ཡུག་སྔར་ལས་ཡངས་པོ་ཞིག་གཏོད་དགོས། བྱང་ཕྱོགས་ཧྭ་ཁྲོང་ཚན་རྩལ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་རུ་ལི་ཆང་གིས་ཀུང་ཟིའི་འདུས་གྲུབ་གློག་ལམ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། འཁོར་ཁང་དང་ཚོད་ལྟ་ཁང་དུ་སྔོན་ཐོན་བཟོ་རྩལ་འགྲེམས་སྟོན་ལ་གཟིགས་ཞིབ་བྱས། ལི་ཆང་གིས་ཁེ་ལས་ལ་ཐོབ་པའི་གསར་གཏོད་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པར་མ་ཟད། ཁོ་ཚོར་ཚན་རྩལ་ཐད་ཀྱི་དངུལ་གཏོང་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་བ་དང་སྔོན་ཐོན་གྱི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་འབྲེལ་ཐག་ཧྲིལ་པོ་མཐུན་སྦྱོར་ངང་གསར་གཏོད་བྱ་རྒྱུར་སྔར་ལས་ལེགས་པའི་ཁྲིད་སྟོན་བྱ་རྒྱུའི་སྐུལ་ལྕག་གནང་། པེ་ཅིན་ཏྲི་ཡོན་མིས་བཟོས་རིག་ནུས་ཞིབ་འཇུག་ཁང་དུ་ལི་ཆང་གིས་དཔེ་དབྱིབས་ཆེན་མོའི་སྔོན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། མིས་བཟོས་རིག་ནུས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ལི་ཆང་གིས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་དམིགས་པ། དགེ་མཚན་ལྡན་པའི་ཐོན་ཁུངས་གཅིག་སྡུད་བྱེད་པ། འགག་སྒྲོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།

ཟླ3པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་རྟོག་ཞིབ་གནང་། 
             རྟོག་ཞིབ་བྱེད་པའི་སྐབས་སུ། ལི་ཆང་གིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་པེ་ཅིན་གྲོང་ཁྱེར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་གནས་ཚུལ་ཡར་ཞུ་དང་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བའི་གཏམ་བཤད་ལ་གསན། ལི་ཆང་གིས་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན། གསར་གཏོད་ཀྱི“འགག་རྩ”དམ་པོར་འཛིན་པ་དང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་དགོས། ལི་ཆང་གིས་བསྟན་དོན། མིས་བཟོས་རིག་ནུས་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། སྔ་བལྟས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། རྩིས་རྒྱག་ཤུགས་ཀྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་བ། རྩིས་ཐབས་ཚད་བརྒལ་དང་གཞི་གྲངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། “མིས་བཟོས་རིག་ནུས”འགུལ་སྐྱོད་ཤུགས་ཆེན་ངང་སྤེལ་བ་བཅས་བྱས་ནས་ལས་རིགས་ཀུན་ལ་སྔར་ལས་ལེགས་པའི་སྒོ་ནས་ཁྱབ་པར་བྱེད་དགོས། ལི་ཆང་གིས་པེ་ཅིན་གྲོང་ཁྱེར་གྱིས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་དེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད་པར་བསྟན།
             དབྱིན་ལིས་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས། 

རྩོམ་སྒྲིག་པ། རིག་གྲོལ།